ད་ལོར་མཚོ་སྔོན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5ལྷག་ཙམ་བཀོད་སྒྲིག་བྱས་ནས་ས་ཁོངས་ཧྲིལ་པོའི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་རེད།
2019.04.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 25

 གསར་འགོད་པས་ཉེ་ལམ་འཚོགས་པའི་མཚོ་སྔོན་ཞིང་ཆེན་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྐུལ་སློང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་ཚོད་ལྟ་དང་རྗེས་སུ་རྒྱ་སྐྱེད་གཏོང་བ་དང་། སྔོན་ལ་གཅིག་སྡུད་དང་རྗེས་སུ་ཁ་ཐོར་དུ་བྱེད་པ། སྔོན་ལ་སྲིད་གཞུང་གིས་གཙོ་ཁྲིད་དང་རྗེས་སུ་ཁྲོམ་རའི་དགོས་མཁོ་ལྟར་བྱེད་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལོ5ནང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་བརྟན་པོའི་ངང་སྐུལ་འདེད་བཏང་ནས། ས་ཁོངས་ཧྲིལ་པོའི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ཡིན་པ་རེད། ད་ལོ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5ལྷག་ཙམ་བཀོད་སྒྲིག་བྱས་ནས་ཚོད་ལྟའི་ས་ཁུལ་དུ་སྐྱེ་ལྡན་ལུད་ཀྱིས་ཞིང་སྨན་གྱི་ཚབ་བྱས་ནས་ཐོན་འབབ་ཉུང་དུ་ཕྱིན་པར་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་གྲས་ཤིག་ཡིན་ལ། ཞིང་ཆེན་ཡོངས་སུ་ནོར་ལུག་གྲངས་ཀ་བྱེ་བ་གཉིས་ལྷག་ཙམ་ཡོད། མིག་སྔར་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ2800ལྷག་ཙམ་ཡོད་པ་དེ་དག་གིས་ལོ་རེར་སྐྱེ་ལྡན་ལུད་ཀྱི་མ་བཅོས་རྒྱུ་ཆ་ཏུན་བྱེ་བ་གཅིག་ས་ཡ་ལྔ་ཡས་མས་མཁོ་འདོན་བྱེད་ཐུབ་པས། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་ཐུབ་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན། ད་ལོའི་ཟླ3ཚེས1ཉིན། ཞིང་ལས་གྲོང་གསེབ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་འབྲེལ་ངང་བསྐྲུན་རྒྱུའི་མཉམ་ལས་འཆར་གཞིའི་གྲོས་མཐུན་བཞག་པ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱི་ཐིན་ཀྲང་ཝང་ཡུས་ཧུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱིས་ས་ཁོངས་ཧྲིལ་པོའི་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དེ་དུས་རིམ་གསུམ་དུ་དབྱེ་ཡོད་པ་སྟེ། 2019ལོ་ནས2020ལོའི་བར་ནི་ཚོད་ལྟའི་དུས་རིམ་དང་། 2021ལོ་ནས2022ལོའི་བར་ནི་རྒྱ་སྐྱེད་དང་ཕན་འབྲས་ཆེར་གཏོང་གི་དུས་རིམ། 2023ལོའི་རྗེས་ནི་རིམ་སྤོར་དུས་རིམ་བཅས་ཡིན་པ་རེད། ལག་རྩལ་གྱི་ཐབས་ལམ་ཐད། གཅིག་ནས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་ནད་འབུའི་གནོད་པ་སྔོན་འགོག་ཚོད་འཛིན་བྱེད་པའི་གནོད་མེད་ལག་རྩལ་སྤྱོད་རྒྱུ་དང་། གཉིས་ནས་སྐྱེ་ལྡན་ལུད་དང་རྫས་སྦྱོར་ལུད། རྫས་ལུད་ལག་རྩལ་སྤྱོད་རྒྱུ། ནད་འབུའི་གནོད་པ་ཆེད་ལས་ཅན་གྱི་སྤྱི་འདོམས་སྔོན་འགོག་དང་སྤྱི་འདོམས་བཅོས་སྒྲིག་བྱེད་པ་དང་གནོད་མེད་ཀྱི་སྔོན་འགོག་ཚོད་འཛིན་མཉམ་འདྲེས་ལག་རྩལ་སྤྱོད་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བདེ་བླག་ངང་བསྐྲུན་ཐུབ་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་ཁ་གསབ་ལམ་སྲོལ་དང་། ཁེ་ལས་ཀྱི་གདེང་འཇོག་ལམ་སྲོལ། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་སོགས་འབྲེལ་ཡོད་སྲིད་ཇུས་མ་ལག་བཙུགས་ནས། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་དང་གནོད་མེད་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་ཞིང་ཕྱུགས་ལས་ཀྱི་ཐོན་འབབ་ཉུང་དུ་འགྲོ་བ་དང་དེ་བཞིན་སྐྱེ་ལྡན་ལུད་ཐོན་སྐྱེད་བྱེད་མཁན་འབྲེལ་ཡོད་ཁེ་ལས་ལ་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་ལྔ་བཀོད་སྒྲིག་བྱས་ནས། རྫས་ལུད་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ཚོད་ལྟའི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། དེའི་ནང་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་སོགས་ཀྱི་ཚབ་བྱེད་པའི་ཐད་སྤྱོད་རྒྱུ་དང་། སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་ཉུང་དུ་ཕྱིན་པར་ཁ་གསབ་སྤྲོད་པའི་ཐད་སྤྱོད་རྒྱུ། སྒོར་བྱེ་བ་གཉིས་གནོད་མེད་ཀྱི་སྔོན་འགོག་ཚོད་འཛིན་ལག་རྩལ་བཀོལ་ཐད་སྤྲོད་རྒྱུ། སྒོར་བྱེ་བ་གཅིག་སྐྱེ་ལྡན་ལུད་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཐད་སྤྲོད་རྒྱུ་ཡིན་པ་རེད། །

གཞན་གཡང་། མཚོ་སྔོན་གྱིས་2019ལོར་རོང་འབྲོག་ཁྱིམ་ཚང་ཁྲི་3གྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

2019ལོར་མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་ཚན་པར་བྱས་ནས་སྔོན་དུ་ཚོད་ལྟ་བྱས་ཏེ་ཁྱིམ་ཚང་ཁྲི་3ལ་སྒྱུར་བཀོད་བྱས་ནས། སྡེ་བ110ལྷག་ཙམ་གྱི་བཀོད་པ་ཇེ་ལེགས་སུ་གཏོང་རྒྱུ་དང་། 2020ལོ་ནས་བཟུང་ལོ་ལྟར་ཁྱིམ་ཚང་ཁྲི་4སྒྱུར་བཀོད་བྱ་རྒྱུ། 2025ལོར་སླེབས་སྐབས་རོང་འབྲོག་ཁྱིམ་ཚང་ཁྲི་གཉིས་སྟོང་བདུན་གྱི་སྡོད་ཁང་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་བྱ་རྒྱུ་བཅས་ཧ་ལམ་སྡེ་བ1000ལྷག་ཙམ་གྱི་བཀོད་པར་འགྱུར་ལྡོག་མངོན་གསལ་འབྱུང་ངེས་རེད།

གསར་འགོད་པས་ཉེ་ལམ་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་2019ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད་ད་ལོར་མཚོ་སྔོན་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ བཏང་ནས་རོང་འབྲོག་ཁྱིམ་ཚང་ཁྲི་3གྱི་སྡོད་ཁང་ཇེ་ལེགས་སུ་གཏོང་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་པའེ་ཙུང་ཁོས་ངོ་སྤྲོད་བྱས་པར་གཞིགས་ན། རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་གཏོང་བཟོ་སྐྲུན་གྱིས་རོང་འབྲོག་མང་ཚོགས་ཀྱིས་རང་མོས་དང་། རང་བརྟེན། རང་གྲབས་བཅས་ཀྱི་མ་འཇོག་གཙོ་བོར་བྱས་པའི་རྨང་གཞིའི་ཐོག་སྲིད་གཞུང་གིས་ཁྲིད་སྟོན་ཧུར་ཐག་དང་ཁ་གསབ་འོས་འཚམ་སྤྲོད་རྒྱུ་ཡིན་ཞིང་། གཙོ་བོར་ད་ཡོད་ཀྱི་རོང་འབྲོག་པའི་སྡོད་ཁང་གི་སྐོར་སྲུང་གྲུབ་ཆར་ནུས་བསྲི་དྲོད་སྲུང་གི་སྒྱུར་བཀོད་དང་། ཁྱིམ་སྤྱོད་གསང་སྤྱོད་ཀྱི་ཆུ་བཤལ་རྣམ་པའི་སྒྱུར་བཀོད། ལྷས་ར་མཛེས་འགྱུར་སོགས་ནང་དོན་གཙོ་བོའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་རེད།

“བཟོ་སྐྲུན་དེ་ལག་བསྟར་བྱས་ན་རོང་འབྲོག་མང་ཚོགས་ཀྱི་དགུན་ཁའི་དྲོད་ལེན་གྲོན་དངུལ་ཇེ་ཉུང་དུ་གཏོང་ཐུབ་པའི་ཁར། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་གཏོང་ཐུབ་པ་དང་། རོང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་རོང་འབྲོག་པའི་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་ཐུབ”ཅེས་པའེ་ཙུང་ཁོས་དེ་ལྟར་བཤད་བྱུང་། འཆར་གཞི་ལྟར་ན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་ཚན་པར་བྱས་ནས་སྔོན་དུ་ཚོད་ལྟ་བྱས་ཏེ་ཁྱིམ་ཚང་ཁྲི་3ལ་སྒྱུར་བཀོད་ཀྱིས་སྡེ་བ110ལྷག་གི་བཀོད་པ་ཇེ་ལེགས་སུ་གཏོང་རྒྱུ་དང་། 2020ལོ་ནས་བཟུང་ལོ་ལྟར་ཁྱིམ་ཚང་ཁྲི་4སྒྱུར་བཀོད་བྱ་རྒྱུ། 2025ལོར་སླེབས་སྐབས་རོང་འབྲོག་པ་ཁྱིམ་ཚང་ཁྲི་གཉིས་སྟོང་བདུན་གྱི་སྡོད་ཁང་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་བྱ་རྒྱུ་བཅས་ཧ་ལམ་སྡེ་བ1000ལྷག་ཙམ་གྱི་བཀོད་པར་འགྱུར་ལྡོག་མངོན་གསལ་འབྱུང་ངེས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཚིས་དོན་དངོས་བཟོ་སྐྲུན་དེ་དམངས་སེམས་དང་སྔར་བས་ཉེ་བཅར་དང་མང་ཚོགས་ཀྱི་བསམ་འདུན་དང་མཐུན་པའི་འགན་ལེན་བྱ་ཆེད་དང་ས་ཁུལ་དང་སྡེ་ཁག་གི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་གང་ལེགས་བྱས་པའི་ཐོག་ན་ནིང་གི་ལོ་མཇུག་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དྲ་རྒྱའི་སྨྱན་སྦྱོར་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ལ་ཡོངས་བསྒྲགས་ཡི་གེ་བཏང་སྟེ་2019ལོར་ལག་བསྟར་བྱ་རྩིས་ཡོད་པའི་དམངས་ཚིས་དོན་དངོས་བཟོ་སྐྲུན་བསྡུ་རུབ་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།