ང་ཡི་གཅེས་སུ་འོས་པའི་མེས་རྒྱལ་གྱི་ཆེད་དུ།
2019.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

 མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་བའི་ཆེད་དུ། ཁོ་ཚོས་གྲང་ངར་ལ་མི་འཛེམ་པར་ཚེ་སྲོག་ཕངས་མེད་དུ་བཞག་ནས། སྔར་བཞིན་འཛམ་གླིང་གི་ཡང་རྩེ་འདིར་རང་ཉིད་ཀྱི་སེམས་ཤུགས་དང་ལང་ཚོ་འབུལ་གྱིན་ཡོད།

མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་བརྒྱད་བརྒྱ་རེ་བརྒྱད་ཡོད་པའི་ཁུ་ནུ་རི་བོའི་སྟེང་། རང་ཉིད་ཀྱི་ལང་ཚོའི་ཕུགས་འདུན་སེམས་སུ་ཉར་བའི་དམག་མི་སྐོར་ཞིག་གིས་སོ་སྲུང་བའི་ལས་གནས་བརྟན་སྲུང་བྱས་ཏེ། མེ་འཁོར་རེ་རེ་བདེ་འཇགས་ངང་གངས་ལྗོངས་མཁའ་ལམ་རྟགས་ཅན་གྱི་ཕུགས་ལམ་བརྒྱུད་ནས་ཤར་གཏོང་བྱེད་པར་སྐྱེལ་མ་བྱེད་བཞིན་ཡོད།

འཐབ་མོ་བ་ཧྲན་བུན་ཡན་ནི་ཁོ་ཚོའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོ་ནི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ལས་གཉེར་ཡན་ལག་རུ་ཁག་ལས་གཉེར་རུ་འབྲིང་བདུན་པའི་འཐབ་མོ་བ་ཞིག་ཡིན། ལྷིང་འཇགས་ཀྱི་མཚན་མོ་རེ་རེར་ཁོས་སོ་སྲུང་བའི་ལས་གནས་སྟེང་སོ་སྲུང་བྱེད་སྐབས། ཁུ་སུམ་མེར་གནས་པའི་རི་སྒང་སྟེང་དུ་ཁོའི་ལྷོག་ལྷོག་ཏུ་ལྡིང་བའི་རང་ཉིད་ཀྱི་སེམས་ཀྱི་འཕར་ལྡིང་ཐོས་ཐུབ་ལ། སྐབས་འདིར་འོད་ཆེམ་ཆེམ་འཕྲོ་བའི་ཤར་གཏོང་མེ་འཁོར་ཞིག་མཚན་མོའི་སྨག་རུམ་བརྟོལ་ནས་བསྐྱོད་བཞིན་ཡོད་པ་དང་། ཁོས་སེམས་རྩེ་གཅིག་ཏུ་གཏད་ནས་མེ་འཁོར་ཤར་བསྐྱོད་ཀྱི་ཕུགས་ལམ་ལ་ལྟ་བཞིན་འདུག

ཁོས་མེ་འཁོར་ཐེངས་རེ་ཤར་བསྐྱོད་བྱེད་པ་མཐོང་སྐབས།  རང་ཉིད་ཀྱི་ཕ་ཡུལ་དྲན་ཡོང་ལ།  ཁོའི་ཕ་ཡུལ་ནི་ཅང་སུའུ་ནས་ཡིན་ཞིང་། ལོ་དེར་ཁོ་རང་ཧྲང་ཧེ་ནས་ལྷ་སར་བསྐྱོད་པའི་མེ་འཁོར་འདིར་བསྡད་ནས་གནས་འདིར་ཡོང་བ་རེད། ཐེངས་རེ་རེའི་སོ་སྲུང་གི་སྐབས་སུ་མེ་འཁོར་འདི་མཐོང་ཚེ། རང་ཉིད་ལ་རང་ཁྱིམ་ལྟ་བུའི་ཚོར་བ་ཟབ་མོ་ཞིག་སྟེར་བར་མ་ཟད།  མེ་འཁོར་བདེ་འཇགས་ངང་ཤར་བསྐྱོད་ཐུབ་པ་བྱུང་ཚེ། རང་ཉིད་ཀྱི་སེམས་བདེ་ལ་འབབ་ཐུབ་ཅེས་ལོ་ན་ཉེར་གཉིས་ཡིན་པའི་ཧྲན་བུན་ཡན་གྱིས་སྤྲོ་དགས་ངང་དེ་ལྟར་བཤད་བྱུང་།

མི་མེད་ལུང་སྟོང་གི་ས་འདིར་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་མོད། འོན་ཀྱང་ཧྲན་བུན་ཡན་དང་ཁོའི་འཐབ་གྲོགས་ཚོས་དཀའ་བ་ཁྱད་དུ་བསད་ནས་རང་ཉིད་ཀྱི་སོ་སྲུང་ལས་གནས་བརྟན་སྲུང་བྱས་ཏེ་མེ་འཁོར་ཤར་བསྐྱོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱིན་ཡོད།

ན་གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བཞི་བརྒྱ་དང་བཅུ་དྲུག་གི་སར་ཡོད་པའི་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ཐོ་ཐོ་གཙང་བོའི་བཅའ་སྡོད་བྱེད་ས་རུ་ལས་གཉེར་རུ་འབྲིང་དྲུག་པའི་དཔོན་དམག་གིས་བཅའ་སྡོད་སྲུང་སྐྱོབ་བྱེད་ཀྱིན་ཡོད། དམག་དཔུང་དུ་ཞུགས་ནས་ལོ་བཅུ་དྲུག་འགོར་བའི་དམག་མི་རྒན་པ་ཧྥན་ཡན་ཐའོ་ཡིས་དུས་རྒྱུན་དུ་ས་སྟོང་འདིའི་ལྕགས་ལམ་ཉེ་འདབས་སུ་སྐོར་གཡེང་བྱེད་ཀྱིན་ཡོད་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ས་སྟོང་གི་སྤྱི་ལེ་བརྒྱ་དང་དྲུག་ཅུའི་མཚམས་ཀྱི་ས་ཁུལ་ལའང་སྐོར་གཡེང་བྱས་ནས། དམག་དཔུང་གི་འཚོ་བའི་ཁྲོད་ཀྱི་བརྗེད་དཀའ་བའི་ལོ་ཟླ་དེ་དག་ཟིན་བྲིས་སུ་བཀོད་ཡོད།

རབ་བརྟན་ནི་གདང་ལ་གྲོང་རྡལ་གྱི་འབྲོག་པ་ཞིག་ཡིན་ལ། ཧྥན་ཡན་ཐོའོ་ཡོད་སའི་དམག་དཔུང་ཀྱང་གནས་འདིར་བཅའ་སྡོད་བྱས་ཡོད། ས་གནས་འདིའི་འབྲོག་པ་མང་ཚོགས་མང་ཆེ་བ་ཞིག་གིས་རྒྱ་སྐད་མི་ཤེས་ལ། ནམ་རྒྱུན་ཁོ་ཚོས་ཕྱུགས་དེད་ནས་ལྕགས་ལམ་འགྲམ་རྒྱུད་དང་ཡང་ན་ཉེ་འདབས་སུ་འཚོ་སྐབས། མང་ཚོགས་ཚོས་རྒྱ་སྐད་མི་ཤེས་པར་བརྟེན་ཧྥན་ཡན་ཐའོ་དང་ཁོའི་འཐབ་གྲོགས་ཚོར་དཀའ་ཁག་མི་ཉུང་བ་ཞིག་བཟོས།  སྐབས་དེར་རབ་བརྟན་གྱིས་ཁོ་ཚོར་རོགས་བྱས་ནས་དཀའ་ཁག་ཐག་གཅོད་བྱེད་ཀྱིན་ཡོད།

རབ་བརྟན་བརྒྱུད་ནས་ང་ཚོས་རྒྱུན་ལྡན་གྱི་བོད་སྐད་འགའ་རེ་བཤད་ཐུབ་པ་བྱུང་བ་དང་། མཚམས་ལར་འབྲོག་ཁྱིམ་དུ་སོང་ནས་དོན་དག་ཁ་ཤས་བཤད་དགོས་པ་བྱུང་ནའང་དཀའ་ཁག་མེད་པ་རེད།  དོན་དེ་གླེང་སྐབས་ཧྥན་ཡན་ཐའོ་ཡིས་ངའོ་སྙམ་པའི་སྒོ་ནས་བོད་སྐད་ཚིག་འགའ་བཤད་བྱུང་།

རང་ཉིད་ཀྱི་ལང་ཚོ་གནས་འདིར་ཕུལ་བའི་ཧྥན་ཡན་ཐའོ་དང་ཁོའི་འཐབ་གྲོགས་ཚོས་སྔར་བཞིན་རྒྱལ་ཁབ་ལ་ཁོ་ཚོའི་སྟོབས་ཤུགས་འབུལ་བཞིན་ཡོད།

ང་ཚོས་མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་བདུན་བརྒྱ་ཡོད་པ་དང་། གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ཆིག་བརྒྱ་སོ་བརྒྱད་ཡོད་པའི་བུའུ་ཐུའུ་མེ་རིན་གྱི་བཅའ་སྡོད་བྱེད་སར་ཐོན་པ་ན། ལས་གཉེར་རུ་འབྲིང་བཞི་བའི་ཕའེ་ཀྲང་བང་ཏ་ཁྲོན་དང་འཐབ་མོ་བ་ཧོང་ཡོང་ཧྥིན་གཉིས་ཀྱིས་ན་གོར་མོ་ནས་ཞིན་ཅང་བར་གྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་བརྟན་སྲུང་བྱེད་ཀྱིན་ཡོད། ས་མཚམས་འདི་ཆེས་གནད་འགག་ཤིག་ཡིན་པས་བང་ཏ་ཁྲོན་དང་ཁོའི་འཐབ་གྲོགས་ཚོས་དོགས་ཟོན་བྱས་ནས་ལྷོད་གཡེང་ཅུང་ཙམ་ཡང་བྱེད་ཀྱིན་མེད།

ང་ཚོའི་འདི་རུ་ལས་རྐང་རེ་ལ་སོ་སྲུང་བ་རེ་ཡོད་པ་དང་། མི་རེ་རེར་རང་ཉིད་ཀྱི་ལས་འགན་ཡོད་པས།  སུས་ཀྱང་སུ་ལ་རོགས་རམ་དང་ལས་ཚབ་བྱེད་དཀའ་ཞིང་། མཚམས་རེར་འཐབ་གྲོགས་ལ་ལར་ནད་བྱུང་ནའང་རང་གི་ལས་གནས་སྟེང་རྒྱུན་འཁྱོངས་བྱེད་ཐུབ་ཚེ། ཚང་མས་ཧུར་ཐག་གིས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱེད་པ་ཡིན་ཞེས་བཤད་ཆོག ན་གོར་མོའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་དཔོན་དམག་རེ་རེའི་འགན་འཁྲི་དང་འོས་འགན་ཡིན། དམག་དཔུང་དུ་ཞུགས་ནས་ལོ་བརྒྱད་འགོར་བའི་བང་ཏ་ཁྲོན་ལ་མཚོན་ན་ལོ་རྒྱུས་ཀྱི་བརྒྱུད་རིམ་ཟབ་མོ་ཞིག་ཡོད་ལ། ཁོ་རང་སྡེ་ཁག་འདིའི་དམག་མི་གསར་བ་ཞིག་ཏུ་གྱུར་མ་ཐག་པའི་ཐོག་མའི་ལོ་གཉིས་ཀྱི་ནང་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ནས་དམག་དཔུང་སློབ་གྲྭར་རྒྱུགས་འཕྲོད་པ་དང་། སློབ་མཐར་ཕྱིན་རྗེས་སྔར་བཞིན་ས་འདིར་ཡོང་ནས་སོ་སྲུང་གི་ལས་ཡུལ་དང་པོ་ནས་བདེ་འཇགས་བརྟན་སྲུང་བྱས།

བང་ཏ་ཁྲོན་དང་འདྲ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གཅིག་པའི་ལིས་བུན་ཐའོ་ནི་ལས་གཉེར་རུ་འབྲིང་གསུམ་པའི་ཕའེ་ཀྲང་ཡིན་ཞིང་། འཐབ་གྲོགས་གཞན་པ་དང་མཚོན་ནས་བཤད་ན། ལིས་བུན་ཐའོ་བཅའ་སྡོད་བྱེད་པའི་ས་གནས་ནི་མཚོ་ངོས་ལས་ཆེས་དམའ་ཞིང་གྲོང་ཁྱེར་དང་བར་ཐག་ཆེས་ཉེ་བའི་ན་གོར་མོ་གྲོང་ཁྱེར་ཉེས་ཅན་ལྟ་སྲུང་ཁང་ཡིན། ད་ལོ་ལོ་ཉེར་གསུམ་ཡིན་པའི་ཁོ་རང་དམག་དཔུང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་རང་འགུལ་སྒོས་ཕ་ཡུལ་དང་ཆེས་ཐག་རིང་བའི་ན་གོར་མོ་གྲོང་ཁྱེར་དུ་ཡོང་བ་རེད། དམག་དཔུང་དུ་ཞུགས་ནས་ལོ་གཅིག་ལས་འགོར་མེད་པའི་ལིས་བུན་ཐའོ་ལ་བལྟས་མ་ཐག འགྱིང་སྟོབས་ཀྱི་གཟུགས་གཞི་ཞིག་མེད་རུང་། འོན་ཀྱང་ཞི་དུལ་བབ་ཆགས་ཀྱི་གཤིས་ཀ་ལས། དམག་དཔུང་ནས་མེས་རྒྱལ་ལ་དྲིན་གཟོ་བའི་ཆོད་སེམས་དེ་མཐོང་ཐུབ།

ལིས་བུན་ཐའོ་ཡིས་དམག་དཔུང་སློབ་གྲྭ་ནས་བསླབ་པ་ནི་ལག་རྩལ་ལས་རྐང་ཡིན་པས། རང་ཉིད་ཀྱིས་བསླབ་པའི་ཤེས་བྱ་དག་རང་ཉིད་ཀྱི་བྱ་བའི་ཁྲོད་བཀོལ་སྤྱོད་བྱེད་པའི་སེམས་ཐག་བཅད།

ཁོ་ཚོ་མི་རེ་རེའི་འགྱུར་མེད་ཀྱི་སྙིང་སྟོབས་ལས་མེས་རྒྱལ་ལ་བཅངས་བའི་དགའ་ཞེན་མཚོན་ཐུབ་ལ། ཁོ་ཚོའི་ཡིད་ཆེས་བརྟན་པོའང་མཚོན་ཐུབ་པས། བང་ཏ་ཁྲོན་གྱིས་ཟིན་བྲིས་སུ་བཀོད་པ་ནང་བཞིན། དམག་མི་ཞིག་ཡིན་པའི་ཆ་ནས་ཁོ་རང་མེས་རྒྱལ་གྱི་ཆེས་དགོས་མཁོ་ཆེ་བའི་ས་ཆར་སོང་ནས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་དང་། དཀའ་ཁག་ཆེ་བའི་ས་གནས་ནི་ལས་བསྐྲུན་གྱི་ས་ཆ་ལེགས་པོ་ཞིག་ཡིན་པས། དམག་དཔུང་དུ་ཞུགས་མ་ཐག་པའི་ཐོག་མའི་ཟོལ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ན་གོར་མོར་རྐང་ཚུགས་པ་དང་མཐོ་སྒང་དུ་རྐང་ཚུགས་ནས་རང་ཉིད་ཀྱི་ལང་ཚོ་མེས་རྒྱལ་གྱི་མཐའ་མཚམས་ལ་འབུལ་རྒྱུ་ཡིན།

ལོ་ཙཱ་བ། སྒྲོལ་མ་སྐྱིད།