རླབས་ཆེན་གྱི་མཆོང་སྐྱོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འགོར་བ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་།
2019ལོའི་ཟླ3པར།
སྔོན་འགྲོའི་གཏམ།
2019ལོ་ནི་བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་ལོ་རེད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གོམས་སྲོལ་ལྟར་ན་ལོ་དྲུག་ཅུ་ལ་རབ་བྱུང་གཅིག་ཡིན་པས་དྲན་གསོ་ཞུ་འོས་པ་ཞིག་རེད།
ལོ་དྲུག་ཅུ་སྔོན་གྱི་དམངས་གཙོའི་བཅོས་བསྒྱུར་ནི་བོད་ས་གནས་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངོས་ནས་བཤད་ན། འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་ཞིག་ཡིན་པས་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་ཡོད།
ལོ་དྲུག་ཅུའི་རིང་མི་ཡུལ་གསར་པ་བརྗེས་ཤིང་། དམངས་གཙོའི་བཅོས་བསྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། དུས་དེ་ནས་བཟུང་བོད་ལྗོངས་སུ་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་བ་ཞིག་བཙུགས་པས། མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ལ། དབང་ཆ་ཁག་སྤྱོད་རྒྱུར་ཁག་ཐེག་གང་ལེགས་ཀྱང་ཐུབ་ཡོད།
ལོ་དྲུག་ཅུའི་རིང་འཇིག་རྟེན་གསར་བར་བརྗེས། དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་བོད་ལྗོངས་ལ་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཏོད་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡར་རྒྱས་བརྩོན་ལེན་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པ་དང་དབུལ་ཕོངས་རྗེས་ལུས་ཀྱི་བོད་ལྗོངས་རྙིང་པ་དེ་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད།
ལོ་དྲུག་ཅུའི་རིང་མཐུན་སྒྲིལ་ཡར་བརྩོན་བྱས་ཤིང་། དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་བཏོད་ཡོད། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་བྱས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་བསྐྲུན།
ལོ་དྲུག་ཅུའི་རིང་གི་རླབས་ཆེན་མཆོང་སྐྱོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་སྤྱི་ཚོགས་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ལ། བོད་ཀྱི་འཕེལ་རྒྱས་ལ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་རླབས་ཆེའི་མཆོང་སྐྱོད་ཀྱང་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཆབས་ཅིག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།
གཅིག མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས།
ལོ་རྒྱུས་ཐོག་བོད་ལྗོངས་སུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡུན་རིང་ལག་ལེན་བསྟར་ཡོད། ལམ་ལུགས་དེ་ནི1959ལོར་བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བར་རྒྱུན་མཐུད་ཅིང་། ཞིང་བྲན་ཁྲི་ཚོ་བརྒྱ་ལྷག་བཤུ་གཞོག་དང་གཉའ་གནོན་གྱི་འོག་ཏུ་གནས་ཡོད།
—མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་དབང་ཆ་མཐའ་དག་བདག་གིར་བཟུང་བ།
བོད་ལྗོངས་རྙིང་པའི་བཅའ་ཁྲིམས་ཀྱི་ནང་མི་ལ་རབ་འབྲིང་མཐའ་གསུམ་དང་རིམ་པ་དགུར་ཕྱེ་བ་དང་། བཅའ་ཁྲིམས་ཀྱི་ནང་འདྲ་མཉམ་མིན་པའི་གནས་བབ་གཏན་འབེབས་བྱས་ཡོད། ཞིང་བྲན་གྱི་མིའི་ཐོབ་ཐང་དབང་ཆ་མངའ་བདག་གྲལ་རིམ་གྱིས་བདག་གིར་བཟུང་ཡོད་ཅིང་། ས་གནས་སྲིད་གཞུང་དཔོན་རྒྱུད་དང་སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན་བཅས་ཀྱིས་དབང་སྒྱུར་བྱས་ཡོད་པ་དང་། རིམ་པ་སོ་སོའི་དཔོན་རིགས་ཀྱི་འགན་འཁུར་མཁན་ཚང་མ་མཐོ་རིམ་གྲྭ་བཙུན་དང་མི་དཔོན་སྐུ་དྲག་ཡིན་ཞིང་། སྐུ་དྲག་ཆེ་རིགས་ཀྱི་བུ་ཕྲུག་སྐྱེས་མ་ཐག་རིམ་བཞིའི་གོ་ས་ཡོད་པ་དང་ལོ་བཅུ་བདུན་བཅོ་བརྒྱད་ནས་བཟུང་སྲིད་གཞུང་གི་གོ་གནས་མཐོ་བ་ཞུ་ལེན་བྱེད་ཆོག སྐུ་དྲག་ཆུང་འབྲིང་གི་བུ་ཕྲུག་གིས་སློབ་གྲྭ་ནས་སློབ་སྦྱོང་བྱས་རྗེས་ས་གནས་སྲིད་གཞུང་དུ་ལས་ཀ་གཉེར་ཆོག གྲྭ་བཙུན་དཔོན་རིགས་མང་ཆེ་བ་སྐུ་དྲག་གི་རིགས་རྒྱུད་ལས་བྱུང་བས། རྒྱ་ཆེའི་ཞིང་བྲན་རྣམས་སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་སུ་གནས་པ་ཡོད་པས་གོ་གནས་ཅི་ཡང་མེད།
—མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་མང་ཚོགས་ཀྱི་སྐྱེ་འཆིའི་དབང་ཆ་བདག་གིར་བཟུང་བ།
མངའ་བདག་ཆེན་པོ་གསུམ་གྱིས་གཏུམ་དྲག་དང་གདུག་རྩུབ་ཆེ་བའི་ཁྲིམས་ལ་བརྟེན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་སྐྱོང་བྱེད་ཅིང་། ཁོ་ཚོས་རང་ཉིད་ཀྱི་དབང་ཤུགས་ནང་ཁྲིམས་འཛིན་ལས་ཁུངས་དང་ཁྲིམས་ར་འཛུགས་ཆོག་པ་དང་། དཔོན་ཕྱོགས་ཀྱི་བཙོན་ཁང་མ་གཏོགས། དགོན་པ་ཆེ་རིགས་དང་སྐུ་དྲག་ཚང་མར་བཙོན་ཁང་ངམ་ཡང་ན་སྒེར་གྱི་བཙོན་ཁང་ཡང་ཡོད་པ་དང་། ཁྲིམས་ཆས་སྣ་ཚོགས་ཡོད་ལ་སྒེར་གྱིས་ཁྲིམས་ར་འཚོགས་ཏེ་ཞིང་བྲན་ལ་ཁྲིམས་གཅོད་གཏོང་བ་བཅས་བྱེད་ཆོག་པས། ཁྲིམས་ཐག་གཅོད་པ་དང་། རྟ་ལྕག་གིས་གཞུས་པ། ཉེས་རྡུང་གཏོང་བ་བཅས་བྱེད་པ་མ་ཟད། ཞིང་བྲན་ལ་ལག་སྒྲོག་དང་རྐང་སྒྲོག་ཀྱང་རྒྱག་གི་ཡོད། བོད་ཡིག་ཡིག་ཚགས་མང་པོ་ཞིག་གི་ནང་ལྕེ་བྲེག་པ་དང་། སྣ་བྲེག་པ། རྡོ་ཞྭ་གཡོག་པ། རྐང་ལག་གཅོད་པ། མིག་རིལ་འདོན་པ། རྟིང་རྩ་གཅོད་པ། ལྤགས་པ་བཤུ་བ། ཆུ་ལ་བསྐྱུར་བ། ཐ་ན་སྡིག་པ་རྭ་ཙའི་བཙོན་ཁང་ནང་འཇུག་པ་སོགས་གདུག་རྩུབ་ཆེ་བའི་ཁྲིམས་ཆད་སྣ་ཁ་བཅུ་གྲངས་ཡོད་པ་གསལ་པོར་འཁོད་ཡོད། ལྷ་སའི་གཙུག་ལག་ཁང་བྱང་ངོས་སུ“སྣང་རྩེ་ཤག”ཅེས་པ་ཞིག་ཡོད་པ་ནི་བོད་ལྗོངས་རྙིང་པར་ལྷ་སའི་ཁྲིམས་འཛིན་ལས་ཁུངས་ཡིན་པ་དེར“མི་ཡུལ་གྱི་དམྱལ་བ”ཞེས་ཟེར་སྲོལ་ཡོད། གདུག་རྩུབ་ཆེན་པོས་ཁྲིམས་ཆད་གཅོད་པ་དང་དམར་གསོད་གཏོང་བའི་སྐབས་དང་བསྟུན་ཏེ། བཀའ་ཤག་སྲིད་གཞུང་དང་དགོན་སྡེའི་མཐོ་རིམ་མི་སྣར“སྐུ་ཕྱྭའི་ཞབས་བརྟན”ཆེད་མཆོད་རྫས་མཁོ་འདོན་བྱས་པའི་གྲས་སུ་དཔེར་ན། མི་མགོ་དང་། མི་ལྤགས། མི་ཤ སྙིང་། རྒྱུ་མ་ལ་སོགས་ཡོད་པ་རེད།
—མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་དང་འབྲོག་ར་གཙོ་བོར་བྱས་པའི་ཐོན་སྐྱེད་རྒྱུ་ཆ་གཅིག་སྡུད་ཀྱིས་བཟུང་བ།
1959ལོར་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ལྗོངས་སུ་ས་ཞིང་སོན་ཁལ་ས་ཡ་གསུམ་དང་འབུམ་གསུམ་ཡོད་པ་དང། དཔོན་ཕྱོགས་ཀྱིས་གཞུང་གི་ས་ཞིང་སོན་ཁལ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བརྒྱད་སྟོང་གསུམ་ལྷག་བཟུང་ཡོད་པ་དང་། དགོན་སྡེ་དང་མཐོ་རིམ་གྲྭ་བཙུན་གྱིས་ས་ཞིང་སོན་ཁལ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་སྟོང་བཞི་ལྷག་བཟུང་ཡོད། སྐུ་དྲག་གིས་ས་ཞིང་སོན་ཁལ་འབུམ་བདུན་དང་ཁྲི་དགུ་སྟོང་གཉིས་བཟུང་བ་བཅས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བདུན་ཟིན་ཡོད། ཐག་རིང་ལུང་ཁུག་ས་ཁུལ་དུ་རང་འདེབས་རྨོ་ཞིང་ཉུང་ཤས་ཤིག་ཡོད་པ་དེས་རྨོ་ཞིང་གི་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་ཙམ་ལས་ཟིན་མེད། ཕྱུགས་ར་མང་ཆེ་ཤོས་ཕྱུགས་བདག་གིས་བཟུང་ཡོད། སྐབས་དེ་དུས་རྒྱ་ཆེའི་ཞིང་བྲན་ཁྲོད་དུ“གངས་རི་མར་ལ་གྱུར་ཡང་། ཁ་གང་ཟ་དབང་མི་འདུག ཆུ་མོ་འོ་མར་གྱུར་ཡང་། ཧུབ་གང་བཏུང་དབང་མི་འདུག”ཅེས་པའི་དམངས་གཞས་ཤིག་ཀྱང་ངག་རྒྱུན་དུ་འཇགས་ཡོད།
—མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་མི་ལུས་ཚོད་འཛིན་དང་བྲན་དུ་བཀོལ་ཚུལ་གདུག་རྩུབ་ཤིན་ཏུ་ཆེ་བ།
མངའ་བདག་ལ་ས་ཞིང་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་མི་ལུས་གཞན་བརྟེན་འབྲེལ་བར་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྲུང་སྐྱོང་ཆེན་པོ་ཐོབ་ཡོད། བཀའ་ཤག་ས་གནས་སྲིད་གཞུང་གིས། ཞིང་བྲན་རྣམས་ཁོངས་གཏོགས་མངའ་བདག་གི་གཞིས་ཀར་སྡོད་དགོས་པ་ལས་རང་དགར་ཁ་བྲལ་མི་ཆོག་པ་མ་ཟད། བྲོས་བྱོལ་དུའང་གཏན་ནས་འགྲོ་མི་ཆོག་པ་གཏན་འབེབས་བྱས་ཡོད། བཀའ་ཤག་ས་གནས་སྲིད་གཞུང་དང་ཏཱ་ལའི་བླ་མས་ད་དུང་བྲོས་བྱོལ་དུ་ཕྱིན་པའི་ཞིང་བྲན་ཉར་མི་ཆོག་པའི་བསྒྲགས་ཡིག་ཐེངས་མང་བཀྲམ་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་ས་ཞིང་ཡོངས་སུ་བཟུང་བ་ལ་བརྟེན་ནས་ཞིང་བྲན་ཤི་གསོན་དང་གཉེན་སྒྲིག་སོགས་ཚོད་འཛིན་བྱེད་ཀྱིན་ཡོད། ད་དུང་མངའ་བདག་གིས་ཞིང་བྲན་རྣམས་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རྒྱན་འགྱེད་དང་། ཉོ་ཚོང་། བརྒྱུད་བཤུག འབུལ་སྤྲོད། བུན་ཚབ། བརྗེ་རེས་བཅས་རང་དགར་བྱེད་ཀྱིན་ཡོད། གལ་ཏེ་ཞིང་བྲན་བྲོས་བྱོལ་དུ་སོང་ཚེ་རྐང་པ་གཅོད་པ་དང་ལྕག་ཚན་གཞུ་བ་སོགས་ཀྱི་ཆད་པ་གཅོད་ཀྱིན་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་རྒྱ་ཆེའི་ཞིང་བྲན་ལ་མི་ལུས་ཚོད་འཛིན་བྱས་པ་མ་ཟད། ད་དུང་ཁྲལ་འུ་ལག་ལ་བརྟེན་ནས་གདུག་རྩུབ་ཆེན་པོས་བྲན་དུ་བཀོལ་ཞིང་། ཞི་བའི་བཅིངས་འགྲོལ་མ་བཏང་གོང་སྲིད་སྐྱོང་སྟག་བྲག་གི་སྟག་ལུང་གཞིས་ཀར་ཆ་མཚོན་ན། གཞིས་ཀར་ས་ཞིང་ཁེ་སྟོང་གཅིག་དང་བཞི་བརྒྱ་ཞེ་ལྔ་ཡོད་པ་དང་། དེའི་མངའ་འོག་ལ་ངལ་རྩོལ་ནུས་ཤུགས་དང་ངལ་རྩོལ་ནུས་ཤུགས་ཕྱེད་ལྡན་པའི་ཞིང་བྲན་མི་གྲངས་བསྡོམས་པས་གྱ་གཅིག་ཡོད་པ་དག་གིས་ལོ་ཧྲིལ་པོའི་ནང་ཁྲལ་ཉིན་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ཉེར་དྲུག་དང་ཕྱི་ཁྲལ་ཉིན་སྟོང་དགུ་དང་བཞི་བརྒྱ་བཞི་བཅུ་རྒྱུག་དགོས་པར་ཕྱི་ནང་གི་ཁྲལ་ཁྱོན་ཉིན་ཁྲི་གཉིས་དང་སྟོང་གཅིག་ཉིས་བརྒྱ་རེ་དྲུག་རྒྱུག་དགོས་ཀྱིན་ཡོད། ངལ་རྩོལ་ནུས་ཤུགས་ལྡན་མཁན་མི་རེས་ཆ་སྙོམས་ཁྲལ་འུ་ལག་ཉིན་ཉིས་བརྒྱ་རེ་གཉིས་ལྷག་རྒྱུག་དགོས་པ་དེས་ངལ་རྩོལ་ནུས་ཤུགས་ཡོད་ཚད་ཀྱི་བརྒྱ་ཆའི་དོན་གཉིས་ཙམ་བཟུང་ཡོད།
—མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་ལ་གདུག་རྩུབ་ཆེ་བའི་ཁྲལ་ངན་སྣ་ཚོགས་ལ་བརྟེན་ནས་བཤུ་གཞོག་བཏང་བ།
བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བདག་གིར་བཟུང་ཞིང་། རྒྱ་ཆེའི་ཞིང་བྲན་ཚོར་ཡ་ང་སྙིང་རྗེ་གཏན་ནས་མེད་པར་གཉའ་གནོན་དང་བཤུ་གཞོག་བྱེད་ཀྱིན་ཡོད། བཀའ་ཤག་ས་གནས་སྲིད་གཞུང་གིས་བསྡུ་བའི་ཁྲལ་རིགས་ཁོ་ནར་སྣ་ཁ་ཉིས་བརྒྱ་ལྷག་ཙམ་ཡོད། འཚོ་ཐབས་བྱ་ཆེད་ཞིང་བྲན་རྣམས་ཀྱིས་བུ་ལོན་ཡང་ནས་ཡང་དུ་མ་གཡར་ཐབས་མེད་བྱུང་ཞིང་། བུ་ལོན་ཟུག་པའི་ཞིང་བྲན་གྱིས་ཞིང་བྲན་བསྡོམས་འབོར་གྱི་བརྒྱ་ཆའི་དགུ་བཅུ་ཡན་བཟུང་ཡོད། ཞིང་བྲན་ལ་ཟུག་པའི་བུ་ལོན་གྱི་གྲས་སུ་བུ་ལོན་གསར་པ་དང་། དོམ་ཆགས་བུ་ལོན། ཕན་ཚུན་བར་འདུག་གི་བུ་ལོན། མཉམ་སྡེབ་བསྡུ་རྒྱག་བུ་ལོན་སོགས་ཡོད། དེའི་ནང་གསུམ་ཆ་གཅིག་ཡན་ནི་ཕ་ཚ་བུ་རྒྱུད་དུ་ཟུག་པའི་བུ་ལོན་དང་ནམ་ཡང་འཇལ་ཚར་རྒྱུ་མེད་པའི་དོམ་ཆགས་བུ་ལོན་རེད། སྐབས་དེ་དུས་དམངས་གཞས་ནང“ཡང་མེས་སྐབས་ཀྱི་བུ་ལོན། སྤོ་བོས་འཇལ་ཡང་མ་ཚར། ཕྲུ་གུའི་ཕྲུ་གུའི་དུས་ལ། སྐྱེད་ཀ་འཇལ་ཡང་མ་ཚར”ཞེས་ངག་རྒྱུན་དུ་འཇགས་ཡོད། 1959ལོ་ནས1960ལོ་བར་དམངས་གཙོའི་བཅོས་བསྒྱུར་བྱས་པའི་བསྡོམས་རྩིས་ལ་གཞིགས་ན། བོད་ལྗོངས་སུ་སྐྱེད་ལྕིའི་བུ་ལོན་འབྲུ་རིགས་ཁེ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་དགུ་དང་། བོད་དངུལ་བྱེ་བ་གཅིག་དང་ས་ཡ་བཞི་ལྷག་ཙམ་མེད་པར་བཟོས་ཡོད། གལ་ཏེ1958ལོའི་བོད་ལྗོངས་ཀྱི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཁེ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཡིན་པ་དང་བསྡུར་ན། དམངས་གཙོའི་བཅོས་བསྒྱུར་སྐབས་མེད་པར་བཟོས་པའི་སྐྱེད་ལྕིའི་བུ་ལོན་དེ་ལོ་གཅིག་གི་འབྲུ་རིགས་ཐོན་ཚད་བསྡོམས་གྲངས་ལས་བརྒལ་ཡོད།
—མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ལ་བསམ་བློའི་ཐོག་ནས་ཚོད་འཛིན་ནན་པོ་བྱས་པ།
མངའ་བདག་ཆེན་པོ་གསུམ་གྱིས“བདེ་བ་ཅན་གྱི་ཞིང་ཁམས”དང“ཚེ་ཕྱི་མའི་བདེ་སྐྱིད”ཅེས་པ་འུད་སྒྲོག་བྱས་ཏེ་ཞིང་བྲན་བསམ་བློར་ཚོད་འཛིན་གྱིས་ཁོང་ཚོར་བྲན་དུ་བཀོལ་བའི་ལས་དབང་དང་ལེན་བྱེད་དུ་འཇུག་བཞིན་ཡོད། 1913ལོར་བོད་ལྗོངས་སུ་ཡོང་བའི་འཇར་པན་བ་ཏུའུ་ཐན་སོགས་ཀྱིས《བོད་སྐྱོད་ཟིན་ཐོ》ནང“བོད་མིའི་བསམ་བློ་གཏོང་སྟངས་ནི་རྦད་དེ་ཆོས་ལུགས་རང་བཞིན་གྱིས་ཁེངས་ཤིང་། ཁོང་ཚོས་རང་ཉིད་སྡིག་ཉེས་ཤིན་ཏུ་ཆེ་བར་སྙམ་པ་དང་ཏཱ་ལའི་བླ་མས་ཁོང་ཚོ་སྐྱོབ་ཆེད་ཁྲལ་ལྕི་པོ་འཇལ་འཇུག་པར་ངོས་འཛིན་བྱེད་ཀྱིན་ཡོད། ད་དུང་ཁོང་ཚོས་ཚེ་འདིའི་སྡིག་པ་གཤག་ཚེ་ཚེ་ཕྱི་མར་བདེ་སྐྱིད་ཐོབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག”ཅེས་བཀོད་ཡོད། བོད་རིག་པ་མཁས་ཅན་ཝང་སན་དང་ཝང་ཧྥུའུ་རེན་གྱིས《བོད་ཀྱི་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་རྩ་མེད་གཏོང་དགོས》ཞེས་པའི་ནང“1958ལོ་ནས1959ལོའི་དཔྱིད་ཀར། ལྷ་སའི་ནུབ་འདབ་ཀྱི་ཆོས་ཁང་ཞིག་ཏུ་ཆོས་འདོན་སྨོན་འདེབས་ཀྱི་ཆོ་གའི་སྒྲུབ་ཆེད། དོ་དམ་པ་ཞིག་གི་ས་ནས་མི་མགོ་ཉེར་བདུན་དང་། ཀ་ལི་དྲུག རྐང་རུས་བཞི། མི་ལྤགས་གཅིག བེམ་པོ་གཅིག མིའི་རྒྱུ་མ་བསྡམས་ལོག་བཅུ་བཞི། མིའི་ཤ་ལྷེབ་བརྒྱད། མིའི་ཁྲག་ཤེལ་དམ་དགུ་བཅས་སྔ་རྗེས་སུ་བླངས་ཡོད”ཅེས་དམར་འདོན་བྱས་ཡོད། བོད་ལྗོངས་རྙིང་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་རིགས1940ལོའི་གོང་དུ་ཏཱ་ལེ་སྐུ་ཕྲེང་བཅུ་བཞི་པའི་གསེར་ཁྲིར་བཞུགས་མཁན་གོ་མིན་སྲིད་གཞུང་སོག་བོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་ཀྲུང་ཞིན་གྱིས་ལྟ་ཞིབ་ཟབ་མོ་བྱས་ཡོད། ཁོང་གིས《བཀའ་བཞིན་བོད་ཀྱི་ལས་དོན་སྒྲུབ་པའི་སྙན་ཞུ》ཡི་ནང“རིམ་གྲས་ཁག་གི་མི་སྣས་རང་ཉིད་གཏོགས་སའི་གྲལ་རིམ་དེ་ཚེ་སྔོན་ལས་ཀྱིས་བསྐོས་པར་བརྩིས་ཏེ། ཆེས་ཐ་དམན་པ་ཡིན་ཡང་ལས་དབང་ལ་མགོ་སྒུར་གྱིན་ཡོད”ཅེས་བྲིས་ཡོད། མངའ་བདག་ཆེན་པོ་གསུམ་གྱིས་བསམ་པའི་རིག་གནས་ཀྱི་འཚོ་བ་སྒེར་སྡེམ་བྱས་ཤིང་། ཁོ་ཚོའི་ཁེ་ཕན་དང་ལྟ་བ་རྒྱབ་འགལ་ཡིན་པའི་བསམ་བློ་དང་རིག་གནས་ཡིན་ཕྱིན་ཚང་མ་ལུགས་འགལ་ལོག་བཤད་ལ་བརྩི་བཞིན་ཡོད། ཉེ་རབས་ཀྱི་བོད་རིག་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གྲྭ་བཙུན་རུལ་སུངས་དང་ངན་ལྷུང་གི་བྱ་ལས་ཐེར་འདོན་བྱས་པ་དང་བོད་བརྒྱུད་ནང་བསྟན་བཅོས་བསྒྱུར་བྱ་རྒྱུའི་གྲོས་མགོ་བཏོན་པས་བཀའ་ཤག་ས་གནས་སྲིད་གཞུང་གི་བློ་ལ་མ་བབས་པར་བཙོན་དུ་བཅུག་ནས་མནར་གཅོད་བཏང་།