《རླབས་ཆེན་གྱི་མཆོང་སྐྱོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ་60།》ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོའི་ཁག་གཉིས་པ།
2019.04.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

གཉིས། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན།

ཞིང་བྲན་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཆེས་གདུག་རྩུབ་ཆེ་བའི་བྲན་བཀོལ་རྣམ་པ་ཞིག་ཡིན་ཞིང་། དཔལ་འབྱོར་གྱི་འཕེལ་རྒྱས་དང་། ཆབ་སྲིད་ཀྱི་དམངས་གཙོ། ཡང་ན་འགྲོ་བ་མིའི་ཐོབ་ཐང་བཅས་གང་ཞིག་གི་ངོས་ནས་བལྟས་ཀྱང་། ཞིང་བྲན་ལམ་ལུགས་ནི་གཏུམ་དྲག་རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་ཤིག་རེད། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་པའི་བར། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་གནས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རྦད་དེ་ལྡོག་པ་ཞིག་རེད། ལམ་ལུགས་དེ་ནི་དཔལ་ཡོན་གྱི་ངོ་ཚ་ཞིག་ཡིན་པས་ལོ་རྒྱུས་ཀྱིས་མཆིལ་མ་བཞིན་འདོར་ངེས།

མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཀྱི་ཐོག་མའི་དུས་ལ། མི་ལུས་གཞན་བརྟེན་གྱི་འབྲེལ་བ་ལྡན་པའི་བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་འཛམ་གླིང་གི་ས་ཆ་མང་ཆེ་བར་ཐོན་མྱོང་ཡོད། ཉེ་རབས་ཚུན་དུ། བསམ་བློ་གསར་པ་དང་བློ་འབྱེད་ལས་འགུལ་ཐོན་པ་དང་སྦྲགས། བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་དེ་རྗེས་ལུས་དང་དུས་ཚོད་ཡོལ་བའི་ལམ་ལུགས་ཤིག་ཡིན་པ་ངོས་ཟིན་ཐེབས་ནས། ཞིང་བྲན་ལམ་ལུགས་མེད་པར་བཟོ་བའམ་ཡང་ན་ཞིང་བྲན་ལམ་ལུགས་མེད་པར་བཟོ་བའི་ལས་འགུལ་རྒྱལ་ཁབ་ཁག་གཅིག་ཏུ་ཐོན་མགོ་ཚུགས་ནས་བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་རྩ་མེད་དུ་གཏོང་རྒྱུའི་ཅོང་བརྡ་བསྒྲགས། ཡོ་རོབ་གླིང་དང་མེ་གླིང་དུ་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་དར་བ་དང་སྦྲགས་ཧྥ་རན་སེ་དང་། དབྱིན་ཇི། ཨུ་རུ་སུ། ཨ་རི་སོགས་ཀྱིས་ཀྱང་བྲན་གཡོག་ལམ་ལུགས་དང་ཞིང་བྲན་ལམ་ལུགས་གཅིག་རྗེས་གཉིས་མཐུད་དུ་མེད་པར་བཟོས་ཤིང་། ཧྥ་རན་སིའི་གསར་བརྗེ་ཆེན་པོའི་རྗེས་སུ་ཧྥ་རན་སེས1794ལོར་བྲན་གཡོག་ལམ་ལུགས་མེད་པར་བཟོ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། 1807ལོ་དང1833ལོར་དབྱིན་ཇིས《བྲན་གཡོག་ཉོ་ཚོང་མེད་པ་བཟོ་རྒྱུའི་ཁྲིམས་སྲོལ།》དང་《བྲན་གཡོག་ལམ་ལུགས་མེད་པར་བཟོ་རྒྱུའི་ཁྲིམས་སྲོལ།》ལ་སྔ་རྗེས་སུ་གྲོས་འཆམ་བྱུང་། 1861ལོར་ཨུ་རུ་སུས་གོང་ནས་འོག་བར་གྱི་ཞི་བའི་བཅོས་བསྒྱུར་བྱས་ཏེ་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ། 1865ལོར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལྷོ་བྱང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བརྟེན་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་རྣམ་པར་བརྟེན་ནས་ཞིང་བྲན་ལམ་ལུགས་དང་བཙན་ཤེད་ཀྱི་ལས་ཁྲལ་མེད་པར་བཟོས་པ་རེད།

འཛམ་གླིང་དམག་འཁྲུག་ཆེན་མོ་གཉིས་པའི་རྗེས་ཀྱི་གཡུལ་འགྱེད་ཀྱི་དུ་སྨུག་ཀློང་ནས་ཐར་བའི་འཛམ་གླིང་གིས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཞིག་བསུས་ཤིང་། ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་སྤྱི་ཚོགས་ཀྱི་བླ་ན་མེད་པའི་དོན་གཉེར་བྱ་ཡུལ་དུ་གྱུར་ཡོད། 1948ལོར། མཉམ་འབྲེལ་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ།》ནང“མི་སུ་འདྲ་ཞིག་ཀྱང་བྲན་དུ་བཀོལ་མི་ཆོག རྣམ་པ་གང་རུང་གི་བྲན་གཡོག་ལམ་ལུགས་དང་བྲན་གཡོག་ཉོ་ཚོང་ཚང་མ་གཏན་འགོག་བྱེད་དགོས།”ཞེས་ཁ་གསལ་བཏོན་ཡོད། 1956ལོར། མཉམ་འབྲེལ་རྒྱལ་ཚོགས་ཐོག《བྲན་གཡོག་ལམ་ལུགས་དང་། བྲན་གཡོག་ཉོ་ཚོང་། དེ་བཞིན་བྲན་གཡོག་ལམ་ལུགས་དང་འདྲ་བའི་ལམ་ལུགས་དང་གོམས་སྲོལ་བཅས་མེད་པར་བཟོ་རྒྱུའི་སྐོར་གྱི་ཁ་གསབ་སྤྱི་ཆིངས།》ལ་ཆེད་མངགས་ཀྱིས་གྲོས་འཆམ་བྱུང་ཞིང་། ཆིངས་རྒྱ་འཇོག་པའི་རྒྱལ་ཁབ་ཁག་ལ་དོན་དངོས་དང་དགོས་ངེས་ཀྱི་ཁྲིམས་འཛུགས་དང་བྱེད་ཐབས་གཞན་མཐའ་དག་སྤྱད་དེ་རིམ་བཞིན་དང་གང་མགྱོགས་སྒོས་རྦད་དེ་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་ཡོད།

1949ལོའི་ཟླ10ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ཀྲུང་གོའི་ལོ་རྒྱུས་ཐོག་གི་དུས་རབས་གསར་བ་ཞིག་གི་མགོ་ཚུགས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གསར་དུ་དབུ་བརྙེས་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་པ་བཙུགས་པ་བརྒྱུད། མི་དམངས་ལ་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་ཐོབ། 1951ལོའི་ཟླ5ཚེས23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ས་གནས་སྲིད་གཞུང་དང《བོད་ལྗོངས་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན།》(གཤམ་དུ《གྲོས་མཐུན་དོན་ཚན་བཅུ་བདུན།》ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དངོས་སུ་ཁྱབ་བསྒྲགས་བྱས། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་ལ། ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དོ་མཉམ་མིན་པ་དང་ལྷག་པར་དུ་ས་ཁུལ་ཁག་ཅིག་གི་དམིགས་བསལ་གནས་ཚུལ་ལ་གཞིགས་ཏེ། 1954ལོར། སྐབས་དེ་དུས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཨུ་ཁང་གི་ཡོན་ཀྲང་ཡིན་པའི་ལིའུ་ཧྲའོ་ཆི་ཡིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ཐོག“ད་ལྟ་སྔར་བཞིན་དམངས་གཙོའི་བཅོས་བསྒྱུར་ལེགས་འགྲུབ་བྱུང་མེད་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱིས་རྗེས་ཕྱོགས་ཞི་འཇམ་གྱི་བྱེད་ཐབས་ལ་བརྟེན་ནས་དམངས་གཙོའི་བཅོས་བསྒྱུར་ལེགས་སྒྲུབ་བྱེད་ཆོག་པ་དང་དེ་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་ཆོག”ཅེས་གསུངས། 1953ལོར་ཞིན་ཅང་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས (པོའོ་ཁེ་ལམ་ལུགས)ལྷག་འཕྲོ་རྩ་མེད་དུ་བཏང་བ་དང་། 1956ལོ་ནས་བཟུང་ཀན་སུའུ་དང་། སི་ཁྲོན། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་གཅིག་རྗེས་གཉིས་མཐུད་ངང་སྤེལ་མགོ་ཚུགས། ཡུན་ནན་དུ་ཞི་བའི་གྲོས་མོལ་བྱ་ཐབས་བརྒྱུད1956ལོར་ལི་སུའུ་རིགས་དང་། ཅིང་ཕོ་རིགས། དབའ་རིགས་བཅས་ཀྱི་ཁྱིམ་བདག་ཞིང་བྲན་ལམ་ལུགས་དང་། ཡུང་ཉིང་མོའོ་སུའོ་བའི་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་། 1958ལོར་ཉིང་ལེང་ཞའོ་ལེང་ཧྲན་དབྱི་རིགས་ཀྱི་ཞིང་བྲན་ལམ་ལུགས་དང་བདེ་ཆེན་བོད་རིགས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱང་མེད་པར་བཟོས། 1956ལོའི་ལོ་མགོ་ནས1957ལོའི་ལོ་མཇུག་བར་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱི་རིགས་འདུས་སྡོད་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས། ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་། ཞིང་བྲན་ལམ་ལུགས་མེད་པ་བཟོ་རྒྱུ་དེ་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ཀྲུང་གོ་གསར་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཞིག་ཏུ་གྱུར་མོད། འོན་ཀྱང་སྐབས་དེའི་བོད་ལྗོངས་སུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྒྱུན་སྔར་བཞིན་ཆད་མེད་པས་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་ཡོན་ཡར་ཐོན་ལ་འགོག་རྐྱེན་ཚབས་ཆེན་ཕོག་ཡོད།

ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལས་བོད་ཀྱི་ཐོན་སྐྱེད་དུས་ཡུན་རིང་པོར་འཕེལ་རྒྱས་མེད་པར་རང་སོར་གནས་པ།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་བར། བོད་ལྗོངས་ཀྱི་ཞིང་ལས་ད་དུང་རྨོ་འདེབས་རགས་ལས་ཙམ་དང་ཐ་ན“བསྲེགས་རྨོད་གྲིས་འདེབས”ཀྱི་གདོད་མའི་ཐོན་སྐྱེད་བྱེད་སྟངས་ཀྱི་མཚམས་སུ་གནས་ཤིང་། ཤིང་ཆའི་ཞིང་ལས་ཡོ་བྱད་རྒྱ་ཁྱབ་ཏུ་སྤྱོད་པ་དང་ཆ་སྙོམས་ཐོན་འབབ་ས་བོན་གྱི་ལྡབ་བཞི་ལྔ་ཙམ་ལས་ཟིན་གྱི་མེད་པ་དེ་ལོ་བརྒྱ་ཕྲག་དུ་མའི་སྔོན་དང་བསྡུར་ན་ཁྱད་པར་ཆེན་པོ་མེད། ཟས་གོས་དང་ཡོ་བྱད་མང་ཆེ་བ་མི་སྒེར་རམ་གཞིས་ཀས་ལག་བཟོ་བྱེད་བཞིན་ཡོད་པས་སྤྱི་ཚོགས་ལ་སྐྱེ་སྟོབས་སམ་གསོན་ཤུགས་ཅི་ཡང་མེད།

ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་དེ་ངལ་རྩོལ་པ་མང་ཚོགས་དང་འགལ་བ་དྲག་པོ་བྱུང་བ་དང་ཁ་གཏད་དུ་གྱུར་པ།

ཞིང་བྲན་བདག་པོས་ཞིང་བྲན་ལ་བཤུ་གཞོག་བཏང་ནས་ཐོབ་པའི་སྤྱི་ཚོགས་ཀྱི་རྒྱུ་ནོར་རྣམས་སེར་སྐྱ་དཔོན་རིགས་ལ་ཞབས་ཏོག་སྒྲུབ་པ་དང་བྲན་གཡོག་གསོ་བར་བཀོལ་པ་ལས་གཞན། ཚང་མ་བག་མེད་ལོངས་སྤྱོད་ཀྱི་འཚོ་བར་སྤྱོད་ཀྱིན་ཡོད། ཞིང་བྲན་ཚོས་དཀའ་སྤྱད་ངལ་རྩོལ་ལས་ཐོབ་པའི་འབྲས་བུ་རྣམས་ཞིང་བྲན་བདག་པོས་གདུག་རྩུབ་ཆེན་པོས་བཤུ་གཞོག་བཏང་བས་ཞིང་བྲན་ཚོ་འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་ནས་ཡ་ང་བའི་གནས་སུ་ལྷུང་བ་དང་འཚོ་བའི་ནུས་པ་ཤོར་བའི་དབང་གིས་གྱེན་ལོག་དང་བྲོས་བྱོལ་མི་བྱ་ཀ་མེད་རེད།

ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་དེང་རབས་ཀྱི་ཚན་རྩལ་རིག་གནས་ཁྱབ་བརྡལ་དང་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་ཚབས་ཆེན་བཟོས་པ།

མངའ་བདག་ཆེན་པོ་གསུམ་གྱིས་དབང་ཆ་བཟུང་བའི་བོད་ས་གནས་སྲིད་དབང་གིས་རང་ཉིད་ཀྱི་དབང་སྒྱུར་སྲ་བརྟན་དུ་གཏོང་ཆེད། ལྷ་ཀླུའི་རྨོངས་དད་སྒྲོག་སྤེལ་དང་ཚན་རིག་ལ་ངོ་རྒོལ་བྱས་པས་དེང་རབས་ཀྱི་ཚན་རིག་ལག་རྩལ་ཁྱབ་བརྡལ་དང་བེད་སྤྱོད་གཏོང་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། དབང་སྒྱུར་ཚོགས་པས་སྐུ་དྲག་གི་བུ་ཕྲུག་ཕྱི་རྒྱལ་དུ་དེང་རབས་ཀྱི་ཚན་རིག་ལག་རྩལ་སྦྱོང་བར་མངགས་མོད། འོན་ཀྱང་དེའི་དམིགས་ཡུལ་གཙོ་བོ་ནི་དབང་སྒྱུར་པ་རང་ཉིད་ཀྱི་འདོད་པ་སྐོང་ཆེད་ལས་སྔོན་ཐོན་སློབ་སྦྱོང་དང་ཚན་རིག་དར་སྤེལ་གཏོང་རྒྱུའི་ཆེད་དུ་མིན། ཞི་བའི་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་སྲིད་གཞུང་གི་འབད་བརྩོན་འོག བོད་ལྗོངས་སུ་དུས་ཡུན་རིང་བའི་ནང་ཁུལ་གྱི་ཟིང་འཁྲུག་དང་རྩོད་གཞི་མཇུག་འགྲིལ་ནས་བོད་ཀྱི་སྤྱི་ཚོགས་ཡུན་རིང་བཀག་སྡོམ་སོར་གནས་ཀྱི་རྣམ་པར་འགྱུར་ལྡོག་རགས་ཙམ་ཕྱིན་ཞིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་བྱུང་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན།》གཞིར་བཟུང་། 1951ལོའི་ཟླ10པར་བཅིངས་འགྲོལ་དམག་བོད་ལྗོངས་སུ་འབྱོར་བ་དང1952ལོར་བོད་ལྗོངས་དམག་ཁུལ་ཁང་བཙུགས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་ལས་འགན་ཁུར། ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་བརྒྱུད། ལྷ་ས་དང་ས་ཁུལ་ཁག་ཏུ་ཡན་ལག་སྒྲིག་གཞི་བཙུགས་པ་མ་ཟད་ལས་དོན་ཡང་སྤེལ། 1959ལོར་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། བོད་ལྗོངས་བཀའ་ཤག་ས་གནས་སྲིད་གཞུང་དང་པཎ་ཆེན་ནང་མ་སྒང་། ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་ངོ་བོ་མི་འདྲ་བའི་སྲིད་དབང་རྩ་འཛུགས་གཉིས་དུས་གཅིག་ཏུ་གནས་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན།》གྱི་གཏན་འབེབས་གཞིར་བཟུང་། “བོད་ལྗོངས་ཀྱི་ད་ལྟ་ལག་ལེན་བསྟར་བྱེད་བཞིན་པའི་ཆབ་སྲིད་ལམ་ལུགས་ལ་ཀྲུང་དབྱང་ནས་འགྱུར་ལྡོག་གཏོང་གི་མིན”དང“བོད་ལྗོངས་དང་འབྲེལ་བ་ཡོད་པའི་བཅོས་བསྒྱུར་ལས་དོན་ཁག་ཀྲུང་དབྱང་གིས་བཙན་གནོན་ཨུ་ཚུགས་བྱེད་ཀྱི་མིན། བོད་ལྗོངས་ས་གནས་སྲིད་གཞུང་རང་གིས་བཅོས་བསྒྱུར་བྱ་རྒྱུ་དང་། མི་དམངས་ཀྱིས་བཅོས་བསྒྱུར་རེ་བ་འདོན་སྐབས་བོད་ཀྱི་མགོ་ཁྲིད་མི་སྣ་དང་གྲོས་མོལ་བྱས་ནས་ཐག་གཅོད་དགོས།”  ཀྲུང་དབྱང་མི་དམངས་སྲིད་གཞུང་གིས“གཟབ་ནན་བརྟན་བགྲོད”ཀྱི་བྱེད་ཕྱོགས་དང་ཧ་ཅང་གུ་ཡངས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་མཐོ་རིམ་མི་སྣ་བརྩོན་ལེན་ཧུར་ཐག་དང་མཐུན་སྒྲིལ་བྱས་ནས་བོད་ས་གནས་ཀྱི་གོང་རིམ་དབང་བསྒྱུར་ཚོགས་པས་རང་ངོས་བཅོས་བསྒྱུར་བྱ་རྒྱུ་ངང་སྒུག་བྱས་ཡོད། དེ་དང་ཆབས་ཅིག བོད་ལྗོངས་སུ་དུས་ཡུན་རིང་པོར་ལྷ་ཀླུའི་དབང་སྒྱུར་གྱི་ཤུགས་རྐྱེན་ཐེབས་པར་དམིགས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་རིམ་ཁག་རྩ་འཛུགས་དང་ལས་དོན་པས་མང་ཚོགས་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ངང་སྤེལ་བ་དང་། “ལོ་དྲུག་འགྱུར་བ་མི་གཏོང་རྒྱུའི”ལས་ཀའི་བྱེད་ཕྱོགས་ནན་ཏན་གྱིས་ལག་ཏུ་བསྟར་བར་རྒྱལ་གཅེས་མཐོ་རིམ་མི་སྣ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད།

ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་སྒྲིལ་བའི་མཚམས་སུ་སླེབས་ནའང་ཏཱ་ལེ་སྐུ་ཕྲེང་བཅུ་བཞི་པ་དང་བོད་ལྗོངས་ཀྱི་མཐོ་རིམ་ལོག་སྤྱོད་ཚོགས་ཁག་གིས་བཅོས་བསྒྱུར་བྱ་རྒྱུར་བསམ་བློ་མི་གཏོང་བར་སྔར་བཞིན་ལམ་ལུགས་དེར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་པ་དང་། དེ་ནི་བཅོས་བསྒྱུར་བྱས་ན་ཁོ་ཚོའི་ཆོས་སྲིད་ཀྱི་དམིགས་བསལ་དབང་ཆ་ཤོར་རྒྱུ་མ་ཟད། ད་དུང་དཔལ་འབྱོར་གྱི་ཁེ་ཕན་ཧ་ཅང་ཆེན་པོ་དེའང་ཤོར་བར་སེམས་ཁྲལ་བྱུང་བས་རེད།

མངའ་བདག་ཆེན་པོ་གསུམ་གྱིས་རྟག་ཏུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བརྒྱུད་དེ་རྒྱུ་ནོར་འབོར་ཆེན་ཧམ་ཟ་བྱེད་བཞིན་ཡོད་ཅིང་། བསྡོམས་རྩིས་བྱས་པར་གཞིགས་ན། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ཏཱ་ལེ་སྐུ་ཕྲེང་བཅུ་བཞི་བའི་ཁྱིམ་རྒྱུད་ཀྱིས་བོད་ཀྱི་གཞིས་ཀ་ཉེར་བདུན་དང་ཕྱུགས་ར་སུམ་ཅུ་བཟུང་བ་དང་། ཞིང་(འབྲོག)བྲན་སྟོང་དྲུག་ལྷག་ཡོད་ཅིང་། ལོ་རེར་ཞིང་བྲན་གྱི་ལག་ནས་ནས་སྤྱི་རྒྱ་ཁྲི་གསུམ་དང་སྟོང་གསུམ་ལྷག་དང་། མར་སྤྱི་རྒྱ་སྟོང་གཉིས་དང་ལྔ་བརྒྱ་ལྷག་དང་། དངུལ་སྲང་ས་ཡ་གཉིས་ལྷག་ཙམ། ནོར་ལུག་སུམ་བརྒྱ། སྣམ་བུ་བུབས་བརྒྱ་དང་དོན་ལྔ་བཅས་ལེན་བཞིན་ཡོད།

                                                                                                         རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།