གསུམ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ།
《 གྲོས་མཐུན་དོན་ཚན་བཅུ་བདུན།》གཞིར་བཟུང་། ཞི་བའི་བཅིངས་འགྲོལ་བཏང་བའི་ཐོག་མའི་དུས་སུ། ཀྲུང་གོ་གུང་ཁྲན་ཏང་གི་བོད་ཀྱི་ལས་དོན་དེ་མཐོ་རིམ་འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུ་གཙོ་བོ་དང་། མང་ཚོགས་ལ་ཤུགས་ཆེན་བཟང་པོ་སྤྲོད་རྒྱུ་ཕལ་པར་བྱེད་པ་ལས་མང་ཚོགས་གང་མགྱོགས་ཐད་ཀར་སྐུལ་སློང་བྱས་ནས་བཅོས་བསྒྱུར་བྱེད་པ་ཞིག་མིན། བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་དང་ལས་བྱེད་མི་སྣས་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་དང་། འགོ་ནད་བཅོས་པ། ཆུ་ཡུར་སྐྲུན་པ། ཟམ་པ་དང་ལམ་ལས་པ། ཉེན་འགོག་རྒུད་སྐྱོབ་བྱེད་པ། སྐྱེད་མེད་དངུལ་བུན་གཏོང་བ། སོན་བཟང་དང་ཞིང་ལས་ཡོ་བྱད་སྟེར་བ། གློག་བརྙན་སྟོན་པ། རྒུད་གསབ་ལས་སྤྲོད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་བྱ་བ་བཟང་པོ་ཧུར་ཐག་གིས་བསྒྲུབས་པ་དང་དཀའ་སྤྱད་ཞིབ་ཚགས་ཀྱི་བྱ་བ་སྤེལ་ཡོད། ཁྲོན(ཁམས)བོད་གཞུང་ལམ་ལས་སྐབས། གཞུང་ལམ་ལས་རྒྱུ་དེ་བཅིངས་འགྲོལ་དམག་ལ་ཁྲལ་འུ་ལག་རྒྱུག་པ་ཞིག་མིན་ལ་སྐུ་ངོ་ཚོར་གཡོག་པོ་རྒྱུག་པ་ཞིག་ཀྱང་མིན་པར་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་སྐྲུན་པ་ཞིག་ཡིན་པ་མང་ཚོགས་ཚོས་ངོས་འཛིན་གསལ་པོ་བྱུང་ཡོད། ཇོ་མོ(ད་ལྟའི་ཉིང་ཁྲི་འགྲོ་ལ་ཁྱེར་བྲག་ཡིབ་ཆུས་ཀྱི་ཁོངས)དང་རྩེ་ལ(ད་ལྟའི་སྨན་གླིང་རྫོང་གི་ཁོངས)སོགས་རྫོང་གི་ཞིང་བ་ཞོར་ལས་པས “བཅིངས་འགྲོལ་དམག་མི་ཚང་མ་ནི་བྱང་ཆུབ་སེམས་དཔའ་ལྟ་བུ་ཞིག་ཡིན་ལ། བཅིངས་འགྲོལ་དམག་མིར་ངན་སྨྲས་བྱེད་མཁན་དེ་དག་ནི་ལུག་ལྤགས་གྱོན་པའི་སྤྱང་ཀི་དང་ང་ཚོ་བོད་རིགས་ཀྱི་ཁྲོད་འཁྱམ་མྱུལ་བྱེད་མཁན་གདོན་འདྲེ་ལྟ་བུ་རེད”ཅེས་བརྗོད།
1954ལོའི་ཟླ7པར། མྱང་ཆུའི་སྟོད་རྒྱུད་ཀྱི་འཁྱགས་རོམ་བརྡིབས་ནས་ཆུ་ལོག་ཆེན་པོ་བྱུང་སྟེ། རྒྱལ་རྩེ་དང་པ་སྣམ་རྫོང་གཉིས་ཀྱི་མི་སེར91ཆུས་ཁུར་ནས་ཤི་བ་དང་། གྲོང་ཚོ170ཆུས་བསྣུབས་པ། མང་ཚོགས་ཁྲི་གཅིག་སྟོང་བདུན་ལྷག་ཙམ་ལ་གནོད་འཚེ་ཐེངས་པ། ས་ཞིང་སོན་ཁལ་ཁྲི6ལྷག་ཙམ་བསྣུབས་པ། ཕྱུགས་ཟོག་8000ཤི་བ་རེད། གནོད་འཚེ་ཐེབས་རྗེས་ཀྲུང་དབྱང་གིས་འཕྲལ་དུ་མ་དངུལ་སྒོར་འབུམ་བརྒྱད་བཏང་ནས་རྒུད་སྐྱོབ་བྱས་ཤིང་། རྒྱལ་རྩེ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་དང་ཡུལ་དེ་གའི་བཅའ་སྡོད་བཅིངས་འགྲོལ་དམག་མིས་རང་སྲོག་བློས་གཏོང་གིས་གནོད་འཚེ་ཐེབས་མཁན་མང་ཚོགས་མྱུར་སྐྱོབ་བྱས་པ་རེད། ཡུལ་དེ་གའི་བཅའ་སྡོད་དམག་དཔུང་དང་ལས་དོན་མི་སྣས་མཁོ་སྤྲོད་ཤིན་ཏུ་དཀའ་བའི་གནས་ཚུལ་འོག སྔར་བཞིན་གནོད་ཐེབས་མང་ཚོགས་ལ་བཟའ་འབྲུ་སྤྱི་རྒྱ་འབུམ་བདུན་ཁྲི་གསུམ་ལྷག་ཙམ་རོགས་སྐྱོར་བྱས་པ་དང་། ས་བོན་སྤྱི་རྒྱ་འབུམ་ལྔ་ཁྲི་དྲུག་བུ་ལོན་བཏང་བ། དངུལ་སྒོར་ཁྲི་གཅིག་སྟོང་ལྔ་ལྷག་ཙམ་ཞིང་སྤྱོད་ཡོ་བྱད་དང་གུར་རས་སྨི་ཁྲི་གཉིས་སྟོང་བརྒྱད་རིན་མི་དགོས་པར་སྤྲད་པ། ལས་བྱེད་པ་དང་འཐབ་མོ་བས་དངུལ་སྒོར་འབུམ་གཅིག་ལྷག་གི་གྱོན་གོས་དང་མ་དངུལ་ཞལ་འདེབས་སུ་ཕུལ་ཡོད། དེ་དང་བསྡུར་གཞི་མངོན་གསལ་དོད་པོ་ཞིག་ཆགས་པ་ནི་ནག་ཆུར(ད་ལྟ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས)གངས་སྐྱོན་ཚབས་ཆེན་ཞིག་བྱུང་སྐབས་བོད་ས་གནས་སྲིད་གཞུང་གིས་རྒུད་སྐྱོབ་ཕར་ཞོག དེ་ལས་ལྡོག་སྟེ་འབྲོག་པར་ཁྲལ་སྤྲོད་རྒྱུའི་འདེད་སྐུལ་བཏང་བ་མ་ཟད། ཆག་ཡང་གཏོང་མི་ཆོག་པའི་བཀའ་ཡང་བཏང་ཡོད། ཐ་ན་འདམ་གཞུང་རྫོང་གི་མགོ་པས་ནག་ཆུ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གིས་ནས་དང་ཇ་སྤྲད་ནས་ཉམ་ཐག་མི་སེར་རྒུད་སྐྱོབ་བྱེད་པར་འགོག་རྐྱེན་བཟོས་ཡོད། དཔེ་མཚོན་དེ་དག་ལས་མང་ཚོགས་ཀྱིས་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་ལ་ལྟ་སྟངས་འཛིན་སྟངས་ཇེ་ཟབ་ཏུ་སོང་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་ཚེ་གཞི་ནས་འཚོ་བ་གསར་པ་སྐྱེལ་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
བོད་ལྗོངས་གསར་རྙིང་བསྡུར་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་གོ་རྟོགས་རིམ་གྱིས་ཇེ་མཐོར་གྱུར་ཞིང་། ཞིང་བྲན་ལ་ལས་གཉའ་གནོན་དང་བཤུ་གཞོག་མྱོང་མི་འདོད་པ་དང་ལ་ལས་ཁོང་ཁྲོ་ཆེན་པོས་ཞིང་བྲན་བདག་པོའི་ཚོད་འཛིན་ལས་ཐར་ཐབས་བྱས་ཏེ་བྲོས་བྱོལ་བྱས་པ་རེད། སྔོན་ཆད་ཞིང་བྲན་བདག་པོའི་བྲན་གཡོག་ཡིན་པ་དང་རྗེས་སུ་མཐོ་རིམ་ལས་བྱེད་པར་གྱུར་པའི་པ་སངས་ཀྱིས་ཕྱིར་དྲན་བྱས་པར་གཞིགས་ན། ཁོ་མོས་ལོ་བཅུ་ལྷག་ཙམ་ནས་ཞིང་བྲན་བདག་པོར་ཁྲལ་འུ་ལག་རྒྱུག་པ་དང་ལོ15ལ་སླེབས་སྐབས་ཞིང་བྲན་བདག་པོའི་ཉེས་རྡུང་དྲག་པོ་བཟོད་མ་ཐུབ་པར་གཞིས་ཀ་ནས་བྲོས་བྱོལ་དུ་སོང་། 1956ལོར། སྣང་རྫོང་དང་དཔལ་འབར་རྫོང་གི་ཞིང་པ100ལྷག་ཙམ་གྱིས་རང་འགུལ་སྒོས་རྩ་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ་དམངས་གཙོའི་བཅོས་བསྒྱུར་ལ་གོང་བཀུར་བྱས། 1956ལོའི་ཟླ7ཚེས25ཉིན། ལྷ་སའི་ལྷུན་གྲུབ་ནས་ཡིན་པའི་ཞིང་པ65ཡིས་ཏཱ་ལེ་སྐུ་ཕྲེང་བཅུ་བཞི་པར་མཛུབ་ཐེལ65བརྒྱབ་པའི་མིང་མཉམ་བཀོད་ཀྱི་ཡི་གེ་ཞིག་བརྒྱུད་སྤྲོད་བྱས། ཡི་གེའི་ནང“ང་ཚོ་ཚང་མ་ནི་ས་ཞིང་འདེབས་མཁན་གྱི་ཞིང་པ་ཤ་སྟག་ཡིན་པས། བཅོས་བསྒྱུར་བྱེད་པའི་རེ་སྒུག་མི་སུ་ཞིག་ལས་ཀྱང་ཆེ་བ་ཡོད”ཅེས་འཁོད་ཡོད།
གསར་རྙིང་བསྡུར་བ་བརྒྱུད། བོད་ཀྱི་མཐོ་རིམ་མི་སྣ་ཁག་གཅིག་གིས་ཀྱང་བཅོས་བསྒྱུར་ལ་གོང་བཀུར་བྱེད་མགོ་བརྩམས། 1952ལོ་ནས་བཟུང་། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ས་ཁུལ་གྱི་གུས་འདུད་ཚོགས་པ་དང་། རྒྱལ་སྟོན་མཛད་གཟིགས་ཚོགས་པ། ལྟ་སྐོར་ཚོགས་པ། ནང་བསྟན་འཐུས་ཚབ་ཚོགས་པ་སོགས་ཚོགས་པ་བཅུ་ཕྲག་སྔ་རྗེས་སུ་རྩ་འཛུགས་བྱས་ནས་ནང་ལོགས་སུ་ལྟ་སྐོར་དུ་བསྐྱོད། ཚོགས་པ་ཁག་གི་ཁོངས་མིས་མེས་རྒྱལ་ནང་ལོག་འཕེལ་རྒྱས་མྱུར་པོ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ནས་རྒྱལ་གཅེས་མཐོ་རིམ་མི་སྣ་ཁག་གཅིག་གི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་བཅོས་བསྒྱུར་བྱ་རྒྱུའི་ཐད་ཀྱི་སེམས་ཁྲལ་རིམ་གྱིས་སེལ།
སྟོད་ལུང་བདེ་ཆེན་ཆུས་ཕང་གྲོང་ཚོའི་གྲོང་མིས་ཕྱིར་དྲན་བྱས་པར་གཞིགས་ན། 1956ལོར། སྲིད་གཞུང་གིས་བོད་ལྗོངས་ཀྱི་གཞིས་བདག་ནང་ལོགས་སུ་ལྟ་སྐོར་དུ་གདན་དྲངས་ཤིང་། སློབ་གསོ་དང་སྐུལ་ལྕག་ཐེབས་པ་བརྒྱུད། རྒྱ་ཚ་སྐལ་བཟང་ཤེས་རབ་ཟེར་བའི་གཞིས་བདག་ཅིག་བོད་ལྗོངས་སུ་ལོག་རྗེས་ས་ཞིང་ཞིང་བྲན་ལ་བགོ་བ་དང་། ཁོང་ཚོར་རང་དབང་ཡང་སྤྲོད་རྒྱུའི་ཐག་བཅད། 1956ལོར། སྐྱེ་ཁུངས་སྐུ་དྲག་ཆེ་རིགས་ཡིན་པའི་ཐང་སྨད་དཀོན་མཆོག་དཔལ་མོ་ཚོགས་གཙོ་ཡིན་པའི་བོད་ཀྱི་བུད་མེད་ལྟ་སྐོར་ཚོགས་པས་ནང་ལོགས་སུ་ལྟ་སྐོར་ཐེངས་དང་པོ་བྱས། བོད་ལྗོངས་སུ་ཕྱིར་ལོག་རྗེས་ལྷ་སའི་གྲོང་འདབས་ཀྱི་ཞིང་པར་དམངས་གཙོའི་བཅོས་བསྒྱུར་གྱིས་མི་དམངས་ལ་ཕན་ཁེ་བཟང་པོ་བསྐྲུན་ཐུབ་པ་དྲིལ་བསྒྲགས་དང་དམངས་གཙོའི་བཅོས་བསྒྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་བོད་ཀྱི་རྒྱལ་གཅེས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་གཅེས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་མང་པོར་རང་འགུལ་ངང་དམངས་གཙོའི་བཅོས་བསྒྱུར་ལ་གོང་བཀུར་བྱེད་པར་སྐུལ་ལྕག་བཏང་།
1957ལོའི་ཟླ9པར། རྒྱལ་རྩེའི་མགོ་པ་དཔལ་མགོན་ཆོས་གྲུབ་ཀྱིས་ཞིང་བྲན་དབང་ཆེན་ཕུན་ཚོགས་ལ་ཉེས་རྡུང་དྲག་པོ་བཏང་བའི་དོན་རྐྱེན་ཞིག་བྱུང་ཞིང་། སྐབས་དེར་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཡིན་པའི་ང་ཕོད་ངག་དབང་འཇིགས་མེད་ཀྱིས་གནས་ཚུལ་དེ་ཤེས་རྗེས་ཁོང་ཁྲོ་ཆེན་པོ་ལངས་ནས། “བོད་ལྗོངས་མི་དམངས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་དགོས་ལ། དམངས་གཙོའི་བཅོས་བསྒྱུར་ཡང་བྱེད་དགོས་ངེས། དེ་ནི་བོད་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་བདེ་སྐྱིད་ཀྱི་ལམ་བུར་སྐྱོད་པའི་དགོས་མཁོ་ཞིག་ཡིན་ལ། མིའི་རིགས་མདུན་སྐྱོད་དང་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན་པས། དེ་ནི་ལྡོག་ཕྱོགས་ཀྱི་རླབས་རྒྱུན་གང་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་བྲལ་བ་ཞིག་རེད”ཅེས་གསལ་བོར་བཤད།
སྐུ་དྲག་ཆེ་རིགས་གཡུ་ཐོག་གཟིམ་ཤག་གི་སྲས་མོ་བསམ་གླིང་ཚེ་རིང་པད་སྒྲོན་གྱིས1952ལོར་བོད་སྐྱོད་བཅིངས་འགྲོལ་དམག་མིར་བོད་སྐད་ཡིག་སློབ་ཁྲིད་བྱས་པ་དང་ལོག་སྤྱོད་མཐོ་རིམ་ཤོག་ཁག་གིས་འཇིགས་སྣང་སྐུལ་བར་མི་སྐྲག་པར“བོད་མི་དམངས་ནམ་ཞིག་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་དང་བཤུ་གཞོག་ལས་ཐར་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་མི་དམངས་མང་ཚོགས་རང་ཉིད་ཀྱི་སྲིད་དབང་ཞིག་འཛུགས་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད་ཡོད།
མི་དམངས་མང་ཚོགས་ཀྱི་གོ་རྟོགས་ཇེ་མཐོར་སོང་བ་དང་དེ་བཞིན་མཐོ་རིམ་མི་སྣར་ འགྱུར་ལྡོག་ཆེན་པོ་བྱུང་བ་དང་བསྟུན་ནས། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཚོགས་པས་རང་ཉིད་ཀྱི་ཁེ་ཕན་མི་ཤོར་བ་དང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་པར་བྱ་ཆེད་མི་འགའ་ཞིག་གིས་འཛེམ་བག་མེད་པར་ངོ་ལོག་ཟིང་འཁྲུག་བསླངས་ནས་སྤྱི་ཚོགས་ཡར་ཐོན་ལ་བཀག་འགོག་བྱས།
1959ལོའི་ཟླ3པར། བོད་ལྗོངས་ས་གནས་སྲིད་གཞུང་ཁྲོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་འདོད་འདུན་དང་རྒྱབ་འགལ་གྱིས《གྲོས་མཐུན་དོན་ཚན་བཅུ་བདུན》མངོན་སུམ་འཛེམ་མེད་ངང་རྩིས་མེད་དུ་བཏང་སྟེ། ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། དེ་འདྲའི་གནས་ཚུལ་འོག་ཀྲུང་དབྱང་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་བོད་ས་གནས་སྲིད་གཞུང་མེད་པར་བཟོ་བ་དང་ངོ་ལོག་ཟིང་འཁྲུག་རྦད་དེ་ཞོད་འཇགས་བཏང་བ་མ་ཟད། བློ་རྒྱ་ཆེན་པོས་མང་ཚོགས་སྐུལ་སློང་མཐའ་གཅིག་ཏུ་བྱས་ཏེ་དམངས་གཙོའི་བཅོས་བསྒྱུར་བྱ་རྒྱུ་གཏན་འཁེལ་བྱས།
བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རུལ་སུངས་ཀྱི་སྤྱི་ཚོགས་རྣམ་པ་དེ་ཡར་ཐོན་གྱི་སྤྱི་ཚོགས་རྣམ་པས་ཚབ་བྱས་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཀྱང་རེད། དེའི་ཕྱིར་གྲོང་གསེབ་དང་། འབྲོག་ཁུལ། དགོན་སྡེ། གྲོང་ཁྱེར་དང་གྲོང་རྡལ་སོགས་སུ་དམངས་གཙོའི་བཅོས་བསྒྱུར་རིམ་གྱིས་བྱེད་མགོ་ཚུགས།
མི་གྲངས་འབུམ་བརྒྱད་ཡོད་པའི་ཞིང་ཁུལ་དུ་མང་ཚོགས་སྐུལ་སློང་གང་ལེགས་བྱས་པ་བརྒྱུད། གོམ་སྟབས་དང་པོར“ངོ་རྒོལ་གསུམ་དང་ཆག་ཡང་གཉིས”ལག་བསྟར་བྱས་པ་སྟེ། ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུ་ལག་ལམ་ལུགས་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ། བོགས་དང་སྐྱེད་ཀ་ཉུང་དུ་གཏོང་བ། གོམ་སྟབས་གཉིས་པར་ས་ཞིང་བགོ་བཤའ་བརྒྱབ་སྟེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ཤིང་། མི་རབས་ནས་མི་རབས་བར་བཤུ་གཞོག་དང་བྲན་དུ་བཀོལ་བའི་ཞིང་བྲན་ལ་རང་དབང་དང་བཅིངས་འགྲོལ་ཐོབ་ནས་ས་ཞིང་མུའུ་ས་ཡ་གཉིས་འབུམ་བརྒྱད་ལྷག་ཙམ་དང་དེ་མིན་ད་དུང་ཐོན་སྐྱེད་རྒྱུ་ཆ་ཐོབ་ཡོད། ས་ཞིང་གི་གན་རྒྱ་དང་བུན་འཛིན་སོགས་མེ་ལྕེའི་དྲག་པོའི་ཁྲོད་སྲེག་སྐབས་ཡར་ལངས་ཐོབ་པའི་ཞིང་བྲན་ཚོས་གླུ་ལེན་གར་རྩེད་བྱས་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་འོད་ཟེར་སྟོང་ལྡན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུས། 1960ལོའི་ལོ་མགོར། བོད་ལྗོངས་ཀྱི་ཞིང་དུད་འབུམ་གཉིས་ལ་ས་ཞིང་གི་ལག་ཁྱེར་ཐོབ་པ་དང་། “སུས་བཏབ་ན་སུ་ལ་ཁེ་ཕན་ཐོབ་པ”དང་། “བོགས་དང་སྐྱེད་ཀ་ཇེ་ཉུང་དུ་གཏོང་བ”། བུན་རྙིང་མེད་པར་བཟོ་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། ངལ་རྩོལ་མི་དམངས་ལ་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་འབྲུ་རིགས་ལ་ཕབ་ན་རྒྱ་མ་དུང་ཕྱུར10ལྷག་ཙམ་ཟིན་པ་དང་ཆ་སྙོམས་མི་རེར་རྒྱ་མ1500ལྷག་ཙམ་ཐོབ་ཡོད། སྣེ་གདོང་རྫོང་གི་ཁེ་གསུམ་གཞིས་ཀའི་ལོ68ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་གྱིས“ང་ཚོས་ཚེ་གང་འུ་ལག་རྒྱུག་ནའང་རང་ཉིད་ལ་དབང་བའི་ས་ཞིང་ཞིག་ཡོད་པ་བསམ་ཡུལ་ལའང་འཁོར་མ་མྱོང་། དེ་ལས་ལྡོག་སྟེ་ཉིན་ལྟར་ལྟོ་ཡིས་མི་རྒྱག་པའི་སེམས་ཁྲལ་བྱས་ནས་སྡོད་དགོས་ཀྱི་ཡོད། ད་ལྟ་མི་དམངས་སྲིད་གཞུང་གིས་ང་ཚོར་ས་ཞིང་བགོས་པས་ཕྱིན་ཆད་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་མི་དགོས་པ་རེད”ཅེས་བཤད། རྒྱ་ཆེའི་ཡར་ལངས་ཞིང་བྲན་ཚོས་དགའ་ཚོར་ཆེན་པོས“ཏཱ་ལའི་ཉི་འོད་སྐུ་དྲག་གི་ལུས་ལ་འཕྲོས། མའོ་ཀྲུའུ་ཞིའི་ཉི་འོད་ང་ཚོ་དབུལ་པོའི་ལུས་ལ་འཕྲོས། ད་ལྟ་སྐུ་དྲག་གི་ཉི་མ་བཞུད་པ་དང་ང་ཚོའི་ཉི་མ་ཤར་སོང”ཞེས་བཤད།
མི་གྲངས་འབུམ་གཉིས་ཁྲི་བརྒྱད་ཡོད་པའི་འབྲོག་ཁུལ་དུ་འབྲོག་བདག་གི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མེད་པར་བཟོས་ནས། གཙོ་བོ“རྒོལ་གསུམ་དང་ཁེ་ཕན་གཉིས”ལག་ལེན་བསྟར་བ་སྟེ། ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུ་ལག་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ། འབྲོག་པ་དང་འབྲོག་བདག་གཉིས་ཀར་ཁེ་ཕན་ཐོབ་པ་བཅས་ཡིན། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་མངའ་བདག་དང་འབྲོག་བདག་གི་ཕྱུགས་རིགས་གཞུང་བཞེས་བཏང་སྟེ་དེ་སྔའི་ཕྱུགས་རྫི་དང་འབྲོག་པ་དབུལ་ཕོངས་ལ་བགོས་པ་དང་ངོ་ལོག་ཟིང་འཁྲུག་ནང་མ་ཞུགས་པར“འཐབ་རྩོད་མི་བྱེད་པ་དང་། བགོ་བཤའ་མི་རྒྱག་པ། གྲལ་རིམ་གྱི་དབྱེ་བ་མི་འབྱེད་པ”བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ཕྱུགས་རིགས་སྔར་བཞིན་འབྲོག་བདག་ལ་དབང་ཡོད། སྲུང་སྐྱོང་གི་བྱེད་ཐབས་དེ་དག་སྤྱད་པ་བརྒྱུད། བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་དང་བྲན་གཡོག་དབར་གྱི་འབྲེལ་བ་དེ་གླ་པའི་འབྲེལ་བར་བསྒྱུར་ནས་ཕྱུགས་རིགས་སྲུང་སྐྱོང་དང་འབྲོག་ལས་འཕེལ་རྒྱས་གཏོང་བའི་འབྲོག་པ་གླ་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པར་མ་ཟད། འབྲོག་ལས་འཕེལ་རྒྱས་དང་འབྲོག་ལས་གཉེར་སྐྱོང་བྱེད་པའི་འབྲོག་བདག་གི་ཧུར་བརྩོན་རང་བཞིན་ཡང་སྐུལ་སློང་བྱས་ཏེ། རྩ་བའི་ཆ་ནས་མི་ཕྱུགས་གཉིས་ཀ་བདེ་འཇགས་བྱུང་བ་དང་། ངོ་ལོག་ཟིང་འཁྲུག་པས་ནོར་ལུག་འབོར་ཆེན་བཤས་པ་ལས་བྱུང་བའི་དཀའ་ངལ་ཁྱད་བསད་བྱས་ནས་འབྲོག་ལས་མགྱོགས་མྱུར་སླར་གསོ་དང་འཕེལ་རྒྱས་བྱུང་ཡོད། འདམ་གཞུང་རྩྭ་ཐང་གི་འབྲོག་པས་དགའ་དགའ་སྤྲོ་སྤྲོའི་ངང“བྱང་འདམ་གཞུང་རྩྭ་ཡི་བང་མཛོད་རེད། དང་ཐོག་ང་ཚོའི་ལག་ན་ཡོད། དབང་ཆེ་བའི་སེ་ར་དགོན་པས་འཕྲོག འབྲོག་མི་དམངས་དམྱལ་བའི་ཡུལ་ལ་ལྷུང་། དཔོན་བཟང་པོ་ང་ཚོ་རང་གིས་བདམས། ཡིད་དབང་འཕྲོག་པའི་རྩྭ་ཐང་འདི། ཡང་བསྐྱར་ང་ཚོའི་ལག་ཏུ་འབྱོར”ཞེས་གླུ་གཞས་གཏོང་གི་ཡོད།
དགོན་སྡེར་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་བརྟན་བརླིང་གི་བྱེད་ཐབས་སྤྱད་པ་དང་། “ངོ་རྒོལ་གསུམ་དང་གཙང་རྩིས་གསུམ”ལག་བསྟར་བྱས་པ་སྟེ། ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལ་ངོ་རྒོལ་བཅས་དང་། ཆབ་སྲིད་ཀྱི་གཉའ་གནོན་གཙང་རྩིས་དང་། གྲལ་རིམ་གྱི་གཉའ་གནོན་གཙང་རྩིས། དཔལ་འབྱོར་གྱི་བཤུ་གཞོག་གཙང་རྩིས་བཅས་ཀྱི་ལས་འགུལ་སྤེལ་བ། དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་གཉའ་གནོན་གྱི་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་ཆབ་སྲིད་གཅིག་གྱུར་དང་ཆོས་སྲིད་ལོགས་འབྱེད་ལག་བསྟར་བྱས་པ། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་ངོ་ལོག་ཟིང་འཁྲུག་པ་དང་གསར་བརྗེའི་ངོ་ལོག་པར་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད། ཆོས་དད་རང་མོས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་བརྩི་འཇོག་དང་སྲུང་སྐྱོང་བྱས་པ་དང་། རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེར་སྲུང་སྐྱོང་བྱས་པ། དགོན་སྡེའི་དམངས་གཙོ་དོ་དམ་ལམ་ལུགས་བཙུགས་པ་བཅས་བྱས་ཡོད། ངོ་ལོག་ཟིང་འཁྲུག་ནང་ཞུགས་མེད་པའི་དགོན་སྡེར་དབང་བའི་ཐོན་སྐྱེད་རྒྱུ་ཆ་གཅིག་མཚུངས་སུ་བླུ་ཉོའི་སྲིད་ཇུས་སྤྱད་ཡོད། དམངས་གཙོའི་བཅོས་བསྒྱུར་ནང་གྲྭ་བཙུན་མང་པོ་ཞིག་རང་མོས་ངང་སྐྱ་སར་བབས་ནས་ཁྱིམ་དུ་ལོག དམངས་གཙོའི་བཅོས་བསྒྱུར་ལེགས་གྲུབ་བྱུང་རྗེས། བོད་དུ་དགོན་སྡེ553རང་སོར་བཞག་པ་དང་གྲྭ་བཙུན7000ལྷག་ཙམ་དགོན་སྡེར་བཞག་པས་སྐབས་དེ་དུས་ཀྱི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འཚོ་བའི་དགོས་མཁོ་རྩ་བའི་ཆ་ནས་བསྐངས་ཡོད།
གྲོང་ཁྱེར་དང་གྲོང་རྡལ་དུ“ངོ་རྒོལ་བཞི་དང་ཆག་ཡང་གཉིས”ལག་བསྟར་བྱས་པ་སྟེ། མང་ཚོགས་སྐུལ་སློང་གིས་ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆར་ངོ་རྒོལ་བཅས་དང་། བོགས་མ་ཆག་ཡང་དང་སྐྱེད་ཀ་ཆག་ཡང་གི་ལས་འགུལ་སྤེལ་ཞིང་། ངོ་ལོག་ཟིང་འཁྲུག་ནང་ཞུགས་མེད་པའི་ཞིང་བྲན་བདག་པོ་དང་དེའི་མངའ་ཚབ་ཀྱིས་བཟུང་བའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ལྷག་མ་སོགས་བླུ་ཉོ་བྱས་ཡོད། བཟོ་ཚོང་ལས་རིགས་སྲུང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ངོ་ལོག་ཟིང་འཁྲུག་ནང་ཞུགས་མཁན་དང་མ་ཞུགས་མཁན་དབྱེ་བ་ཕྱེ་ནས་ལྟ་སྟངས་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བཟོ་ཚོང་ལས་རིགས་ནང་ཞུགས་མཁན་གྱི་ཁེ་ཕན་སྲུང་སྐྱོང་བྱས་པ་དང་། དེ་བཞིན་གྲོང་མི་དབུལ་པོ་དང་མི་འཁྱམ་རྩ་འཛུགས་བྱས་ཏེ་ཚོང་ལས་དང་རང་མོས་ཉོ་ཚོང་སླར་གསོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཁོ་སྤྲོད་འགན་ལེན་བྱས་པ་དང་སྤྱི་ཚོགས་སྒྲིག་ལམ་མགྱོགས་མྱུར་སླར་གསོ་དང་དཔལ་འབྱོར་དང་འཚོ་བ་རྒྱུན་ལྡན་ཡོང་བར་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཤིང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་པ་དང་བཙན་རྒོལ་རྒྱལ་གཅེས་དང་དམངས་གཙོའི་བཅོས་བསྒྱུར་དང་ལེན་བྱེད་མཁན་ཞིང་བྲན་བདག་པོ་དང་དེའི་མངའ་ཚབ་ལ་འོས་འཚམ་གྱི་ལས་ཀ་དང་འཚོ་བ་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།