བཞི། མི་དམངས་ལ་རང་ཁྱིམ་རང་བདག་མངོན་འགྱུར་བྱུང་བ།
དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བས་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ལ། ལོ་རྒྱུས་ཀྱི་མཆོང་སྐྱོད་ཀྱང་བྱུང་ཡོད། བཅོས་བསྒྱུར་བྱས་པ་བརྒྱུད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་ཐོབ་ཡོད་ལ། སྤྱི་ཚོགས་གསར་པའི་བདག་པོར་ཡང་གྱུར་ཡོད། བཅོས་བསྒྱུར་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ནས་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།
—ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་མི་ལུས་རང་དབང་བྱུང་བ།
དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་རྩ་མེད་བཏང་ནས་ཞིང་བྲན་རང་ཉིད་ཞིང་བྲན་བདག་པོའི་སྒེར་གྱི་རྒྱུ་ནོར་ལ་བརྩིས་ནས་རང་དགར་བཀོལ་སྤྱོད་བྱེད་པ་ཞིག་མིན་པ་དང་ཞིང་བྲན་བདག་པོས་ཞིང་བྲན་གྱི་མི་ལུས་བཙན་བཟུང་བྱེད་པའི་རྨང་གཞི་དེའང་མེད་པར་གྱུར་ཡོད།
དམངས་གཙོའི་བཅོས་བསྒྱུར་གྱིས་ཞིང་བྲན་གྱི་འཚོ་གནས་དང་། བག་མ་གཏོང་ལེན། འཁོར་སྐྱོད། གནས་སྡོད། ངལ་རྩོལ། མི་ལུས་རང་དབང་། མིའི་ཐོབ་ཐང་དང་ལ་རྒྱ། སློབ་གསོ་མྱོང་བ་སོགས་ཀྱི་དབང་ཆར་བཙན་གནོད་གཏོང་བའི་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་ནས་ཞིང་བྲན་ཁྲི་ཚོ་བརྒྱར་མི་ལུས་བཅིངས་འགྲོལ་དངོས་འབྲེལ་ཐོབ་ཡོད། ཨ་རིའི་རྩོམ་པ་པོ་གྲགས་ཅན་ཨན་ན•ལུའུ་དབྱི་སི•སི་ཐེ་ལང་གི《ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་ཐོབ》ཅེས་པའི་དཔེ་དེབ་ནང“ངས་དེ་སྔ་བུ་སློབ་གྲྭར་བཏང་ནས་ཡི་གེ་སྦྱོང་བ་དང་འཚེམ་བཟོ་སོགས་ཀྱི་ལག་ཤེས་ཕྲན་བུ་སྦྱོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱིན་ཡོད། འོན་ཀྱང་སྔོན་ཆད་དེ་འདྲ་ཡོང་མི་སྲིད་པ་ཞིག་རེད། ད་ལྟ་བུ་ནང་ལོགས་སུ་སློབ་གྲྭར་འགྲོ་བཞིན་ཡོད་ལ། མ་འོངས་པ་ན་ལག་རྩལ་ལྡན་པའི་བཟོ་པ་ཞིག་ཏུ་འགྱུར་ངེས་པས། ང་ཚོ་དང་འདྲ་བའི་གཉའ་གནོན་མྱོང་དགོས་མེད”ཅེས་མི་ལུས་རང་དབང་ཐོབ་པའི་ཞིང་བྲན་ཞིག་ལ་བཅར་འདྲི་བྱས་པའི་སྐོར་བཀོད་ཡོད།
དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་དགོན་སྡེའི་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་ཚང་མ་མེད་པར་བཟོས་ཡོད། གྲྭ་བཙུན་ལ་འདྲ་མཉམ་གྱི་དབང་ཆ་དང་རང་ཉིད་ཀྱི་ལས་དབང་རང་གིས་ཚོད་འཛིན་ཐུབ་པའི་དབང་ཆ་ཐོབ་པ་མ་ཟད། རིམ་པ་དམའ་ཤོས་སུ་གནས་པའི་གྲྭ་བཙུན་མང་པོ་ཞིག་འཆིང་རྒྱ་ལས་གྲོལ་ཏེ་སྐྱ་སར་ཕབ་ནས་ཁྱིམ་དུ་ལོག་ཡོད། དགའ་ལྡན་དགོན་ཁོ་ནར་ཕ་ཡུལ་དུ་ལོག་པའམ་ཡང་ན་རང་སར་སྐྱ་ཕབ་ཀྱི་རེ་བ་ཞུ་མཁན་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་ཟིན་ཡོད་པས། སྲིད་གཞུང་གིས་ལམ་ཐག་རིང་ཐུང་ལ་གཞིགས་ནས་ལམ་གྲོན་དང་ཁྱིམ་གཞིས་འཛུགས་པའི་གྲོན་དངུལ་ཁག་སོ་སོར་འདང་ངེས་བྱིན་ཡོད། དེ་དང་ཆབས་ཅིག ལས་ཀར་ཞུགས་རྒྱུའི་རེ་བ་ཞུ་མཁན་གཞོན་སྐྱེས་དགེ་འདུན་པ་བཅུ་གསུམ་ལྷ་སའི་ཚོང་ཟོང་སྣ་བརྒྱ་ཀུང་སིའི་ཉོ་འཚོང་མཁན་དུ་ངོ་སྤྲོད་བྱས་པ་མ་ཟད། བན་ཆུང་འགའ་ཞིག་སློབ་གྲྭར་འགྲིམ་དུ་བཅུག་ཡོད། དགའ་ལྡན་དགོན་དུ་མུ་མཐུད་སྡོད་འདོད་ཡོད་པའི་དགེ་འདུན་པ་སུམ་བརྒྱ་བཅུ་གཉིས་ལ་རྒྱུན་ལྡན་གྱི་འཚོ་བ་འགན་ལེན་གྱི་བཀོད་སྒྲིག་བྱས་ཡོད། དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་ད་དུང་དགོན་སྡེའི་རྫོང་དང་། གཞིས་ཀ ཚོ་བ་བཅས་ནས་གྲྭ་བ་བསྡུ་བའི་ལམ་ལུགས་མེད་པར་བཟོས་ཏེ་དགོན་སྡེས་མང་ཚོགས་ལ་བཙན་ཤེད་ངང་གྲྭ་བ་བྱེད་དུ་འཇུག་རྒྱུ་གཏན་འགོག་བྱས་ཡོད།
1959ལོའི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དུས་མཚུངས་སུ་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་པཎ་ཆེན་ནང་མ་སྒང་ཨུ་ཡོན་ལྷན་ཁང་ཡང་སྔ་རྗེས་སུ་མེད་པར་བཟོས་པ་དང་དེའི་ལས་ཀ་མཇུག་སྒྲིལ། དུས་དེ་ནས་བཟུང་བོད་ལྗོངས་སུ་སྲིད་དབང་མཉམ་གནས་ཀྱི་རྣམ་པ་མཇུག་སྒྲིལ། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་དབང་རིམ་བཞིན་བཙུགས་ཡོད། 1959ལོའི་ཟླ་བདུན་པའི་ཟླ་དཀྱིལ་དུ་བོད་ལྗོངས་ཀྱི་ཞང་རིམ་པའི་ཞིང་པའི་མཐུན་ཚོགས་ཨང་དང་པོ་ཁེ་གསུམ་ཞིང་པའི་མཐུན་ཚོགས་དང་རྫོང་རིམ་པའི་ཞིང་པའི་མཐུན་ཚོགས་ཨང་དང་པོ་སྣེ་གདོང་རྫོང་ཞིང་པའི་མཐུན་ཚོགས་སྔ་རྗེས་སུ་བཙུགས་ཡོད། སྔོན་ཆད་ཀྱི་ཞིང་བྲན་རྣམས་ཞིང་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཞིང་པའི་མཐུན་ཚོགས་ཀྱི་ཨུ་ཡོན་ལ་བདམས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་བསྒྱུར་བྱས་ཡོད། 1960ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ལྗོངས་སུ་ཞང་རིམ་པའི་སྲིད་དབང་སྟོང་གཅིག་དགུ་དང་། ཆུས་རིམ་པའི་སྲིད་དབང་ཉིས་བརྒྱ་དང་གྱ་གསུམ། རྫོང་རིམ་པའི་སྲིད་དབང་དོན་བརྒྱད། ཀྲོན་ཆུས(གྲོང་ཁྱེར)རིམ་པའི་སྲིད་དབང་བརྒྱད་བཅས་བཙུགས་ཡོད་པར་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་མི་གྲངས་ཁྲི་གཅིག་ལྷག་ཙམ་ཟིན་པ་དང་ཡར་ལངས་ཐོབ་པའི་ཞིང་བྲན་སྟོང་བཞི་དང་བཞི་བརྒྱ་ལྷག་ཙམ་གཞི་རིམ་གྱི་ལས་བྱེད་པར་གྱུར་ཡོད། 1961ལོའི་ལོ་སྨད་དུ་བོད་ལྗོངས་ས་གནས་ཁག་ཏུ་ཡོངས་ཁྱབ་འདེམ་བསྐོ་མགོ་ཚུགས་ཏེ་ཡར་ལངས་བྱུང་བའི་རྒྱ་ཆེའི་ཞིང་བྲན་རྣམས་སྔོན་ཆད“སྐད་ཆ་བཤད་ཤེས་པའི་ལག་ཆ”ཡིན་པའི་གནས་བབ་ལ་འགྱུར་ལྡོག་མཐར་ཕྱིན་པ་བྱུང་ནས་ཐེངས་དང་པོར་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་བོད་ལྗོངས་ཀྱི་ཆབ་སྲིད་ཀྱི་གར་སྟེགས་སྟེང་བསྐྱོད་དེ་བོད་ལྗོངས་གསར་པའི་བདག་པོར་གྱུར་པ་དང་། ཁོང་ཚོར་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱིས་བསྩལ་པའི་སྤྱི་ཚོགས་རྙིང་པར་མེད་པའི་ཆེས་རྒྱ་ཁྱབ་ཀྱི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོར་བརྟེན་ནས་འདེམ་བསྐོའི་ལས་དོན་ནང་ཞུགས་ཏེ་གཞི་རིམ་གྱི་རིམ་པ་སོ་སོའི་་དབང་ཆའི་ལས་ཁུངས་དང་སྲིད་གཞུང་བདམས་ཐོན་བྱུང་ཡོད། བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་གདམ་བྱ་འདེམ་བྱེད་ཀྱི་དབང་ཆ་ཐོག་མར་ལག་ལེན་བསྟར་ནས་དམངས་གཙོའི་འདེམ་བསྐོ་བརྒྱུད་རིམ་ཁག་ས་གནས་ཀྱི་སྲིད་དབང་ཐོན་ཡོད། 1965ལོའི་ཟླ་བདུན་པར་སླེབས་སྐབས་ཡོངས་ཁྱབ་འདེམ་བསྐོའི་ལས་དོན་ཕལ་ཆེར་ལེགས་གྲུབ་བྱུང་ནས་བདམས་ཐོན་བྱུང་བའི་མི་དམངས་ཀྱི་འཐུས་མི་སྟོང་གཉིས་དང་དྲུག་བརྒྱ་ལྷག་ཙམ་ཟིན་པའི་ནང་དབུལ་པོ་དང་ཞིང་བྲན་མི་གྲངས་སྟོང་གཉིས་དང་ཉིས་བརྒྱ་ཡོད་པ་རེད། རྒྱལ་རྩེ་རྫོང་གི་འདེམ་དམངས་ཀྱིས་འདེམ་དམངས་ལག་ཁྱེར་ལ“རང་ཁྱིམ་རང་བདག་གི་ལག་ཁྱེར”ཞེས་བརྗོད་པ་དང་འདེམ་བསྐོ་བྱེད་རྒྱུ་བཀྲ་ཤིས་པའི་དོན་ཆེན་ཞིག་ལ་བརྩིས་ནས་མི་དམངས་ཀྱི་འཐུས་མི་འདེམ་བསྐོའི་ལས་དོན་ནང་རང་འགུལ་ངང་ཧུར་ཐག་སྒོས་ཞུགས་ཡོད།
1965ལོའི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྒྱུའི་གྲོས་གཞི་བཏོན་པར་ཆོག་མཆན་གནང་ཡོད། 1965ལོའི་ཟླ་དགུ་བའི་ཚེས་གཅིག་ནས་དགུའི་ཉིན་བར། བོད་ལྗོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད། ང་ཕོད་ངག་དབང་འཇིགས་མེད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། ཡར་ལངས་ཞིང་བྲན་མང་པོ་ཞིག་གིས་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་གོ་གནས་ཁུར་ཡོད། བོད་རང་སྐྱོང་ལྗོངས་དང་དེའི་རང་སྐྱོང་ལས་ཁུངས་དབུ་བརྙེས་པ་དེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། དེ་ཐོག་ནས་བོད་ལྗོངས་སུ་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ཏེ་ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་མགོ་ཚུགས་པ་མཚོན་ཡོད། 1979ལོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་གདམ་བྱ་དང་འདེམ་བྱེད་ཀྱི་དབང་ཆ་ལོངས་སྤྱོད་གང་ལེགས་ཐུབ་ཡོད། 1978ལོའི་ཚུན་དུ། བོད་ལྗོངས་སུ་ཁྲིམས་ལྟར་ཞང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམ་བསྐོ་ཐེངས་བཅུ་གཅིག་དང་། རྫོང་རིམ་པའི་འདེམ་བསྐོ་ཐེངས་བཅུ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་འདེམ་བསྐོ་ཐེངས་བརྒྱད་བཅས་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྫོང(ཆུས)དང་། ཞང(གྲོང་རྡལ)གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཐད་ཀར་འདེམ་བསྐོ་བྱས་པ་དང་། འཐུས་མི་འདི་དག་སླར་ཡང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་ཡོད། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་སྤྱད་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་སུ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་གསུམ་དང་སྟོང་ལྔ་དགུ་བརྒྱ་རེ་གསུམ་ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་གཅིག་བརྒྱད་ཟིན་བཟུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་སྐྱོང་སྲིད་འཛིན་བཅས་གཅིག་གྱུར་དམ་ཟབ་བྱས་ཏེ་བཅའ་ཁྲིམས་དང་ལམ་ལུགས་ཐད་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་འགན་ལེན་ཐུབ་པ་དང་། མི་རིགས་ཁག་གི་མི་དམངས་ལ་ཁྲིམས་ལྟར་དབང་ཆ་ལོངས་སྤྱོད་དང་རང་དབང་རྒྱ་ཁྱབ་ཐུབ་ནས་སྤྱི་དམངས་སྒྲིག་ལམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་ཚད་རྒྱ་ཆེར་སོང་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་ལས་འགན་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་ཐུབ་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་ཐུབ་པ། མི་དམངས་ལ་འགན་འཁུར་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཐུབ་པ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཐུབ་པ་བཅས་བྱུང་ནས་མིའི་རིགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དུ། རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་པ་དང་ཆོག་མཆན་སྤྲད་པ། དེ་བཞིན་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་སུམ་བརྒྱ་ལྷག་ཙམ་བཏོན་ནས་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་ལག་བསྟར་ཏན་ཏིག་ཐུབ་པ་དང་། རང་སྐྱོང་ལྗོངས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པས། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། 2009ལོའི་ཟླ་དང་པོའི་ཚེས་བཅུ་དགུ་ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པས་མི་དམངས་མང་ཚོགས་ཀྱི་ཆབ་སྲིད་ཀྱི་འདོད་འདུན་དང་བསྟུན་ནས 《བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། ལོ་ལྟར་གྱི་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུས་ཡོད།
— མི་རིགས་ཁག་གི་མི་དམངས་ཀྱི་སྲིད་ཞུགས་སྲིད་གྲོས་ཀྱི་དབང་ཆ་འགན་ལེན་གང་ལེགས་བྱས།
སྤྱི་ཚོགས་ལས་རིགས་ཁག་གི་སྲིད་ཞུགས་སྲིད་གྲོས་ཀྱི་དབང་ཆ་འགན་ལེན་ཏན་ཏིག་ཐུབ་ཆེད། 1959ལོའི་ཟླ12པར། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་བཙུགས།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》ལྟར། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་ནས་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་བསྒྱུར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་བཅས་ཀྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཁོ་ནས་བོད་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ལ་དམིགས་ནས་གྲོས་གཞི་ཁག་སྟོང་གཉིས་བཞི་བརྒྱ་གཅིག་བཏོན་པ་དང་འབྲེལ་གྲོས་གཞི་ཁག་སྟོང་གཉིས་སུམ་བརྒྱ་ཞེ་བདུན་ཐོ་འགོད་བྱས་ཡོད། བོད་ལྗོངས་ཀྱི་རིམ་ཁག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་འཚོགས་པའི་སྐབས། རིམ་གྲས་ཁག་རྒྱ་ཁྱབ་ངང་ཞུགས་ཏེ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། དཔེར་ན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལྔ་བརྒྱ་བཅོ་བརྒྱད་ཁྲོད་ཆོས་ལུགས་རིགས་ཁོངས( ནང་བསྟན་མཐུན་ཚོགས)ཀྱི་ཨུ་ཡོན་བརྒྱད་ཅུ་ཡོད་པས་ཨང་དང་པོར་སླེབས་པ་དང་། མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་རེ་བཞི་ཡོད་པས་ཨང་གཉིས་པར་སླེབས་ཡོད་པ་ལྟ་བུ་རེད།
གཞི་རིམ་གྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་བོད་ལྗོངས་ཀྱི་རིམ་ཁག་མི་དམངས་སྲིད་དབང་སྔ་རྗེས་སུ་བཙུགས།
1980ལོར། བོད་ལྗོངས་ཡོངས་སུ་ཞང་རིམ་པ་ཐད་ཀར་འདེམ་བསྐོ་བྱས་པ་དང1984ལོའི་རྗེས་སུ་རྫོང་རིམ་པ་བར་རྒྱ་སྐྱེད་བཏང་ཡོད། 1987ལོར། བོད་རང་སྐྱོང་ལྗོངས་ཀྱིས《གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》དང《ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བྱས་ཡོད། ལོ་མང་འཚོལ་ཞིབ་བྱས་པ་བརྒྱུད། བོད་ལྗོངས་སུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་དམངས་གཙོའི་ལམ་ལུགས་རིམ་བཞིན་ཆགས་པ་དང་འཕེལ་རྒྱས་ཕྱིན་ཡོད། གྲོང་གསེབ་ཏུ་གྲོང་མིའི་འཐུས་མིའི་ཚོགས་འདུའི་ལམ་ལུགས་བཙུགས་ཡོད། གྲོང་ཁྱེར་དང་སྡེ་ཁུལ་ཚང་མར་སྡེ་ཁུལ་གྱི་གྲོང་མིའི་འཐུས་མི་ཚོགས་ཆེན་དང་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་སོགས་སྡེ་ཁུལ་གྱི་རྩ་འཛུགས་བཙུགས་པས་སྡེ་ཁུལ་གྱི་གྲོང་མིའི་རང་སྐྱོང་ལ་རྩ་འཛུགས་ཀྱི་འགན་ལེན་གང་ལེགས་བྱས་ཡོད། ཁེ་ལས་དང་ལས་དོན་སྡེ་ཚན་ལས་བཟོའི་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཁྱབ་གདལ་རྒྱ་ཁྱབ་བཏང་ཞིང་། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གཞི་རིམ་བཟོ་ཚོགས་རྩ་འཛུགས5756དང་བཟོ་ཚོགས་ཀྱི་ཚོགས་མི497082ཟིན་ཡོད།
དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པའི་དབང་ཆ་ཐོབ་ཡོད། 1959ལོའི་ཟླ7པར་རང་སྐྱོང་ལྗོངས་དང་ས་ཁུལ་རིམ་གཉིས་སྲིད་འཛིན་ལས་ཁུངས་ལ་མཐོ་རིམ་མི་སྣ565ཡོད་པའི་ནང་སྐུ་དྲག་དང་། དཔོན་རིགས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་མི415ཡོད། དེ་རྗེས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནང་དེ་སྔ་ཀྲུའུ་ཞི་གཞོན་པ་སྐྱིད་སྦུག་ཕུན་ཚོགས་ཚེ་བརྟན་དང་ལྷག་པ་ཕུན་ཚོགས་རྣམ་གཉིས་སྐྱིད་སྦུག་གཞིས་ཀར་འཁྲུངས་མོད། འོན་ཀྱང་བོད་རྙིང་པར་སྐྱིད་སྦུག་ཕུན་ཚོགས་ཚེ་བརྟན་ནི་ཞིང་བྲན་བདག་པོ་དང་ལྷག་པ་ཕུན་ཚོགས་ནི་ཞིང་བྲན་རེད། མི་དམངས་སྲིད་གཞུང་ནང་ཁོང་གཉིས་ཀ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ནས་མི་དམངས་སྲིད་གཞུང་གིས་ཐབས་ཇུས་འདིང་བའི་ནང་མཉམ་དུ་ཞུགས་པའི་ལས་རོགས་སུ་གྱུར་ཡོད། དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། བུད་མེད་ལ་ཆབ་སྲིད་ཀྱི་དབང་ཆ་ཐོབ་ནས་རྒྱ་ཆེའི་བུད་མེད་ཚོ་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམ་བསྐོའི་ནང་ཞུགས་ནས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་གོ་གནས་ཁུར་བ་དང་བུད་མེད་རྩ་འཛུགས་བཙུགས་པ་སོགས་བརྒྱུད་སྲིད་ཞུགས་ཧུར་ཐག་བྱས་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མཁན་པ་སངས་དང་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མཁན་ཚེ་བརྟན་སྒྲོལ་མ་རྣམ་གཉིས་ནི་བུད་མེད་ལས་རིགས་ཀྱི་སྲིད་ཞུགས་སྲིད་གླེང་གི་དཔེ་མཚོན་ཚབ་མཚོན་ཞིག་རེད། ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཆེ་གྲས་ཤིག་ཏུ་སྐྱེས་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བའི་ཐང་སྨད་དཀོན་མཆོག་དཔལ་མོས“སྤྱི་ཚོགས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ས་གནས་སྲིད་གཞུང་གི་བཀའ་བློན་གྱི་ལྕམ་མོ་ལའང་ཆབ་སྲིད་ཐད་སྐད་ཆ་འདྲི་དབང་མེད། དེ་དག་ཚང་མ་ནི་སྐྱེས་པས་ཐག་གཅོད་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཕོ་མོ་འདྲ་མཉམ་བྱུང་ནས་བུད་མེད་ལའང་དབང་ཆ་ཡོད། དེའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་གསུངས།
དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། བཀས་བཀོད་རྒྱུད་འཛིན་གྱི་མི་ལུས་གཞན་རྟེན་གྱི་འབྲེལ་བ་མེད་པ་བཟོས་པས་མི་དམངས་རང་ཁྱིམ་རང་བདག་བྱུང་བ་མ་ཟད། ཞིང་བྲན་བདག་པོའི་ས་ཞིང་དབང་བའི་ལམ་ལུགས་དེ་ཞིང་པའི་ས་ཞིང་དབང་བའི་ལམ་ལུགས་སུ་གྱུར་ནས་ཞིང་བྲན་ཚོར་རང་ཉིད་ཀྱི་ཐོན་སྐྱེད་རྒྱུ་ཆ་དབང་ནས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་དང་བསྟུན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་བཞིན་རྒྱལ་ཡོངས་དང་གཅིག་མཚུངས་བྱུང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་དེང་རབས་དཔལ་ཡོན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ལོངས་སྤྱོད་ཐུབ་ཡོད།