ལོ་ངོ་བདུན་ཅུ། ང་ཡི་སྐྱིད་པའི་ལོ་ཟླ།
2019.04.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

 ཆར་བ་ཟམ་ཟིམ་འབབ་པའི་ཉིན་མོ་ཞིག་ལ། རོང་བོ་དགུ་ཆུའི་འགྲམ་ངོགས་བརྒྱུད་ནས་འགྲོ་དུས་ང་ཚོའི་མིག་ལམ་དུ་ཤར་ཡོང་བ་ནི། མུ་ནས་མུར་ཆགས་པའི་རྣང་ཞིང་གི་བར་དུ་ཞིང་པ་ཚོ་རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་དང་། སྡེ་བའི་ཐང་ཆེན་དུ་ལས་བྱེད་པ་དང་མང་ཚོགས་མཉམ་དུ་རུབ་ནས་ད་ལོའི་བྱ་བའི་མགོ་རྩོམ་ཚུལ་ཐད་ལ་གྲོས་འདེབས་བཞིན་འདུག

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ནི་བོད་རིགས་གཙོས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་ཞིག་ཡིན་ཞིང་། རོང་བོ་དགུ་ཆུའི་འགྲམ་ངོགས་སུ་མི་རིགས་སོ་སོས་འཆམ་མཐུན་མཉམ་གནས་དང་འབད་བརྩོན་ལྷུར་ལེན་བྱས་འོག དབུལ་པོ་ནས་ཕྱུག་པོར་གྱུར་པའི་གཏམ་རྒྱུད་རེ་རེ་ནི་མི་སེམས་འགུལ་བ་ཞིག་རེད།

གནའ་ནས་དེང་གི་བར་ཡུལ་སྲོལ་གོམས་གཤིས་མི་གཅིག་པའི་མི་རིགས་དང་མཉམ་དུ་འདུས་སྡོད་བྱས་ནས་ལོ་ངོ་དྲུག་ཅུ་འགོར་ལ་ཉེ་བས། སྡེ་མི་དཔལ་མགོན་རྒྱལ་གྱིས་ཁོ་ཚོ་ཕན་ཚུན་འགྲོ་འོང་བྱེད་པ་དེ་གནད་དོན་ཞིག་ཏུ་བརྩིས་མ་མྱོང་ལ། ལུགས་དང་མཐུན་མིན་གྱི་སྐོར་ལའང་བསམ་བློ་ཡེ་ནས་བཏང་མ་མྱོང་།

དཔལ་མགོན་རྒྱལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་རྒྱ་མཁར་དུ་འཚོ་སྡོད་བྱེད་པའི་བོད་རིགས་སྡེ་དམངས་ཤིག་རེད། ལོ57ལ་སོན་པའི་དཔལ་མགོན་རྒྱལ་ལ་ཁྱིམ་མཚེས་གཉིས་ཡོད་པ་ལས་གཅིག་ནི་ཧུའེ་རིགས་བུད་མེད་སུའོ་ཧྥེ་ཡ་དང་། ཅིག་ཤོས་ནི་ཚོང་ལས་གཉེར་བཞིན་པའི་རྒྱ་རིགས་བུད་མེད་ཝང་ཚའེ་ཕེན་རེད། ཁོས་བཤད་པ་ལྟར་ན། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་ང་ཚོ་ཁྱིམ་མཚེས་བྱས་ནས་འཚར་ལོངས་བྱུང་བ་ཡིན་ལ། སུ་ཞིག་དཀའ་ཁག་དང་འཕྲད་ཚེ་ང་ཚོས་མཉམ་དུ་གྲོས་བྱས་ནས་སེམས་ཤུགས་དང་རྒྱུ་ཤུགས་གང་རུང་གིས་རོགས་བྱེད་པ་དང་། མཉམ་དུ་ཟ་མ་ཟ་བ་དང་སེམས་གཏམ་གླེང་གིན་ཡོད་པས་ང་ཚོ་ཕུ་ནུ་མིང་སྲིང་ལྟར་ཕན་ཚུན་ལ་བརྩེ་འདང་ཆེ་ཟེར།

ལོ་འགའི་སྔོན་ལ། ཧུའེ་རིགས་བུད་མེད་སུའོ་ཧྥེ་ཡ་ལ་ནད་ལྕི་མོ་ཞིག་བྱུང་སྟེ་ཐུན་རིན་རྫོང་སྨན་ཁང་དུ་སྨན་བཅོས་བྱས་ཤིང་། རྒྱུན་པར་ཞོར་ལས་ཀྱི་ཡོང་སྒོ་ཙམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་པའི་ཧུའེ་རིགས་བུད་མེད་ཅིག་ལ་མཚོན་ནས་བཤད་ན། གློ་བུར་དུ་ནད་ཀྱིས་གཟིར་ནས་སྨན་རིན་ལ་སྒོར་ཁྲི3སྤྲོད་དགོས་བྱུང་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན། སྐབས་དེར་མོའི་གྲོགས་པོ་ཝང་ཚའེ་ཕེན་གྱིས་རང་མོས་ལྟར་སྒོར་ཁྲི་གཅིག་གིས་རོགས་རམ་བྱས་པ་དང་། དཔལ་མགོན་རྒྱལ་གྱིས་རང་གི་གླ་གཏོང་རླངས་འཁོར་བསྐོར་ནས་ནད་པ་ཡར་སྐྱེལ་མར་ལེན་བྱས་པར་མ་ཟད། ད་དུང་ཟ་འཐུང་གི་སྐོར་ལ་རོགས་རམ་མང་པོ་བྱས་པ་རེད།

དུས་རབས20ལོ་རབས70པ་ནས་བཟུང་། རོང་བོ་རྒྱ་མཁར་སྲང་ལམ་གྱི་ཁོར་ཡུག་དང་ཚོང་ལས་ཀྱི་དགོས་མཁོ་ལྟར། ཧུའེ་རིགས་དང་རྒྱ་རིགས་མང་པོ་མཉམ་དུ་འདུས་པས་ཡུལ་དེ་ནི་ཚོང་ལས་ཀྱི་ལྟེ་བར་ཆགས་པ་དང་། དེ་ནས་རིམ་བཞིན་བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་འགྱུར་ལྡོག་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། མཁར་གྲོང་འཛུགས་སྐྲུན་དང་མི་རིགས་མང་པོ་མཉམ་འདུས་ཀྱི་འཚོ་བའི་ཐད་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་གང་མང་བྱུང་།

འདི་ལྟར་རིགས་སོ་སོའི་མང་ཚོགས་ཀྱིས་འདས་པའི་ལོ་ངོ་དེ་དག་ནི་ཁོ་ཚོའི་སྐྱིད་པའི་ལོ་ཟླར་སེམས་བཞིན་ཡོད།

དེང་སྐབས། རོང་བོ་གྲོང་རྡལ་རྒྱ་མཁར་དུ་དཔལ་མགོན་རྒྱལ་དང་སུའོ་ཧྥེ་ཡ། ཝང་ཚའེ་ཕེན་བཅས་དང་འདྲ་བར་ཕན་ཚུན་འགྲིག་མཐུན་ཡོང་བ་དང་རོགས་རམ་བྱེད་པ། ཕུ་ནུའི་འདང་ལྟར་བརྩེ་བ་ཟབ་པའི་མི་རིགས་མང་པོ་ཞིག་ཡོད།

ཚལ་སྤྱི་ཁང་གི་ལས་ཞུགས་གཏམ་རྒྱུད།

ཐུན་རིན་རྫོང་ནས་སྤྱི་ལེ་བཅུ་ལྷག་གི་མཚམས་སུ་གནས་པའི་ཐོ་རྒྱ་ཞང་གླིང་རྒྱ་སྡེ་འདབས་སུ། སྟེང་དུ་འོད་ཧྥུའི་གློག་འདོན་ཤེལ་ལེབ་དང་འོག་ཏུ་ཚལ་སྤྱི་ཁང་གི་བཀོད་པ་ལྟར་ལས་པའི་ཐུན་རིན་རྫོང་འོད་ཧྥུའུ་ཚལ་སྤྱི་དབུལ་སྐྱོར་ཚན་རྩལ་དཔེ་སྟོན་ར་བས་ཕར་འགྲོ་ཚུར་འོང་གི་འགྲུལ་བའི་མིག་དབང་འཕྲོག་པར་བྱེད་ལ། ཚལ་སྤྱི་ཁང་གི་ནང་དུ་ཀྲོ་མ་ཀྲུ་དང་། ཆེ་ཙི། སེ་པན་སོགས་འཚོ་བའི་དགོས་མཁོ་ཁྲོད་མེད་དུ་མི་རུང་བའི་སྔོ་ཚལ་དང་སིལ་ཏོག་བཏབ་ཡོད་ལ། རྨ་ལྷོ་ནས་ཟི་ལིང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡས་ཕྱོགས་སུ་འཛུགས་གཉེར་བྱས་པའི་སྔོ་ཚལ་རྟེན་གཞི་དེ་རུ། རྒྱུན་པར་སིལ་ཏོག་དང་སྔོ་ཚལ་རིགས་ཐུན་རིན་རྫོང་གཙོ་བྱས་པའི་ཟི་ལིང་དང་ཉེ་འཁོར་གྱི་རྫོང་མང་པོར་སྐྱེལ་འདྲེན་བྱེད་བཞིན་ཡོད།

ཉིན་འགའི་སྔོན་ལ། གསར་འགོད་པ་དེར་སླེབས་པ་ན། གྲལ་བསྟར་བསྒྲིགས་ཡོད་པའི་འོད་ཧྥུའི་ཤེལ་ལེབ་ཀྱི་འོག་ཏུ་ལོ་ན་གཞོན་པའི་བོད་རིགས་ལས་བཟོ་པ་ལྷ་སྲས་ཀྱི་ལག་ཏུ་མྱུ་གུ་དང་ཡོ་བྱད་བཟུང་ནས་འོད་ཧྥུའི་གློག་འདོན་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་འདུག

ལོ་གསུམ་གྱི་སྔོན་ལ། མདོ་བ་ཞང་ནས་འཚར་ལོངས་བྱུང་ཞིང་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སློབ་ཆེན་སློབ་མ་ལྷ་སྲས་ཀྱིས་ཐེངས་འགར་རྒྱུགས་སྤྲད་ཀྱང་དམིགས་ཡུལ་མངོན་འགྱུར་བྱུང་མ་ཐུབ།

2016ལོའི་ཟླ6པར། ཐུན་རིན་རྫོང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་འོད་ཧྥུའུ་གློག་འདོན་དང་། ཚལ་སྤྱི་ཁང་གཉིས་མཉམ་གཉེར་བྱེད་པའི་ལས་མགོ་ཚུགས་པ་དེ་ས་གནས་སྲིད་གཞུང་ལ་མཚོན་ན་དབུལ་སྐྱོར་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། ས་གནས་མང་ཚོགས་ལ་ཁྱིམ་གྱི་སྒོ་ཁར་ལས་ཞུགས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་རེད།

ཐོག་མར། ལྷ་སྲས་ཀྱི་སེམས་སུ་སློབ་ཆེན་སློབ་མ་ཞིག་གིས་སྲིད་གཞུང་གི་ལས་ཀ་རེག་མ་ཐུབ་པར་ཁེ་ལས་ར་བའི་ནང་དུ། ཞོར་ལས་རྒྱག་ཏུ་འགྲོ་བར་མི་ཁར་སྐྲག་ནས་ཚོད་ལྟའི་ཚུལ་དུ་མིང་ཐོ་བཀོད། ཐོག་མའི་ཚོད་ལྟའི་ཚུལ་ནས་ལས་ཀར་འཇུས་པ་དང་། དེ་ནས་འབྲེལ་ཡོད་ཀྱི་ཤེས་བྱ་རང་གི་རྒྱུ་ལ་འབྱོར་བར་མ་ཟད། ད་དུང་ཟླ་རེར་ཡོང་སྒོ་སྒོར་སྟོང་བཞི་ལྷག་རེག་ཐུབ་པ་བྱུང་། ལྷ་སྲས་ལ་ལག་རྩལ་ཐོབ་པ་དང་། ཡོང་སྒོ་བཙལ་ཐུབ་པ་བྱུང་བའི་གཏམ་བཟང་འདི་ཉེ་འཁོར་གྱི་སྡེ་བ་མང་པོར་ཁྱབ་པས་ན། ཁོའི་རྗེས་སུ་འབྲངས་ནས་ལས་ཀར་ཞུགས་མཁན་གྱི་མང་ཚོགས་ཀྱང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་།

ཚལ་སྤྱི་ཁང་གི་གཞོགས་ཤིག་ན། ལག་རྩལ་པ་རྒྱ་རིགས་བུད་མེད་ཞིག་གི་ཁྲིད་སྟོན་འོག མགོ་དཀྲིས་དམར་པོ་ཅན་གྱི་བོད་རིགས་བུད་མེད་སྐོར་ཞིག་གིས་སེ་པན་འདེབས་འཛུགས་ལ་བྲེལ་བཞིན་ཡོད། དེའི་ཁྲོད་གདོང་ལ་འཛུམ་གྱིས་ཁེངས་ཤིང་ཁ་བརྡ་བྱེད་པར་སྤྲོ་བའི་བུ་མོ་ཞིག་ཡོད་པ་དེའི་མིང་ལ་བན་དེ་འཚོ་ཟེར། སྨད་པ་འཇམ་མོ་སྡེ་བའི་ཡིན་ལ་ཁྱིམ་དུ་བཟའ་མི་ལྔ་ཡོད་པའི་ནང་དགུང་ལོ68ཅན་གྱི་རྐང་ལག་མི་བདེ་བའི་ལོ་ལོན་ཞིག་ཡོད། བན་དེ་འཚོ་ཡིས“རྒྱུན་པར་ཨ་མྱེས་ལ་ན་ཚ་མང་སྟབས་སྨན་རིན་ཡང་མི་ཉུང་བ་ཞིག་གི་འགྲོ་སོང་ཡོད། སྨན་རིན་དང་འཚོ་བའི་ཁ་གསབ་གྱི་ཆེད་དུ་ཡོང་སྒོ་བཙལ་བར་འདི་ནས་ས་ཐག་རིང་བོའི་མཚམས་སུ་འགྲོ་དགོས། དེར་སོང་ན་ས་ཆུ་མི་ལོབས་པ་དང་དཀའ་ཁག་ཀྱང་མི་ཉུང་བ་ཞིག་ལ་འཕྲད་ཀྱིན་ཡོད། མི་མང་པོ་ཞིག་གིས་འདིར་ཡོང་ན་ཡོང་སྒོ་བཙལ་ཐུབ་པར་མ་ཟད་འདེབས་འཛུགས་ཤེས་བྱ་ཡང་མང་པོ་སློབ་ཐུབ་ཟེར་བ་དངོས་གནས་བདེན་པ་རེད”ཟེར།

བན་དེ་འཚོ་དང་མཉམ་དུ་ལས་ཀར་ཡོང་བའི་སྡེ་བ་མི་གཅིག་པའི་ལས་བཟོ་པ15ལྷག་ཡོད་ལ། སོ་སོ་ལའང་རང་ལ་འཚམ་པའི་ལས་ཀ་ཞིག་ཡོད་པ་ནི་ལ་ལས་སེ་པན་འདེབས་ཛུགས་དང་། ལ་ལས་ཀྲོ་མ་ཀྲུ་དང་དེ་མིན་སིལ་ཏོག་རིགས་བཏོགས་ནས་འོད་ཧྥུའུ་དབུལ་སྐྱོར་ཚན་རྩལ་དཔེ་སྟོན་ར་བའི་མཛོད་ཁང་དུ་སྐྱེལ་བཞིན་པ་དེ་རེད། ཁྱིམ་གྱི་སྒོ་ཁ་ནས་འདེབས་འཛུགས་ལག་རྩལ་སྦྱངས་པ་དང་ཉིན་རེར་ཡོང་སྒོ་སྒོར100ལྷག་འཚོལ་ཐུབ་པ་བྱུང་བ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མང་ཚོགས་ལ་མཚོན་ན་དགའ་བའི་གཏམ་རྒྱུད་ཅིག་ཅི་ལ་མིན།

རྒྱུས་ལོན་པ་ལྟར་ན། དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་ཁག་ཐེག་བྱ་ཆེད་དང་། དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་བར་ཐུན་རིན་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི6000ལྷག་ཐོན་ལས་ར་བར་སྐྱིས་དངུལ་དུ་བྱིན་ནས། རྫོང་ཡོངས་སུ་ཡིག་ཚགས་ཅན་གྱི་དབུལ་ཕོངས་ཁྱིམ་ཚང400སྐུལ་ཁྲིད་བྱས་ཏེ། ལོ་བཅུ་གཉིས་ཀྱི་རིང་ལ་ཁྱིམ་ཚང་རེར་ལོ་རེར་ཡོང་སྒོ་སྒོར300ཡི་བགོ་བཤའ་བརྒྱབ་པ་དང་། དེ་མིན་བྱང་ཆུབ་དང་ཚོ་འདུ་སྡེ་བ་སྟེ་དབུལ་ཕོངས་སྡེ་བ་གཉིས་ཀྱི་སྡེ་བ་རིམ་པའི་ཐོན་ལས་གོང་སྤེལ་མ་དངུལ་སྒོར་ཁྲི100མ་རྐང་དུ་བཞག་ནས་ལོ་རེར་ཡོང་སྒོ་སྒོར་ཁྲི20ཡི་བགོ་བཤའ་རྒྱག་གིན་ཡོད།

ཟླ4པའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཐུན་རིན་རྫོང་གཉན་ཐོག་ཞང་སྐ་སར་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་ར་སྐོར་ནང་དུ། ཞིང་པ་མང་ཚོགས་དང་སྡེ་བའི་སློབ་ཆུང་གི་དགེ་སློབ་ཉིས་བརྒྱ་ལྷག་མཉམ་དུ་འདུས་ནས་ཐུན་རིན་རྫོང་གི་ད་ལོའི་ཐེངས་གཉིས་པའི་གནས་བབ་སྲིད་ཇུས་སྒྲོག་བཤད་བྱ་འགུལ་ཁྲོད་ཀྱི་གཏམ་གསར་ལ་རེ་སྒུག་བྱས་ནས་བསྡད་འདུག

དགུང་ལོ78ལ་བུད་པའི་ཨ་མྱེས་རྡོ་རྗེས་སྔ་མོ་ནས་རང་གི་བཟའ་ཟླ་ཁྲིད་དེ། གཉན་ཐོག་ཞང་འཕྲོད་བསྟེན་ཁང་གི་རིན་མེད་ལུས་ཕུང་བདེ་ཐང་འདྲི་རྩད་ས་ཚིགས་སུ་གྲལ་བསྒྲིགས་ནས་འདུག ཨ་མྱེས་རྡོ་རྗེས“ང་རང་ད་ནངས་སྔ་མོ་ནས་ཡོང་སྟེ་ལུས་པོར་བརྟག་དཔྱད་བྱས་ཚར་པ་ཡིན། གོ་ཐོས་ལྟར་ན་དེ་རིང་ང་ཚོ་ལོ་དྲུག་ཅུ་ལོན་པའི་ལོ་ལོན་ཚོའི་རྒན་པའི་ཁ་གསབ་མ་དངུལ་ཇེ་མཐོར་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་སྒྲོག་འགྲེལ་བྱ་རྒྱུ་རེད་ཟེར། དེ་བས་ངས་རང་གི་བཟའ་ཟླ་ཁྲིད་ཡོང་ནས་ལུས་པོ་བདེ་ཐང་ཡིན་མིན་ལ་ཞིབ་བཤེར་བྱེད་འདོད་པ་ཡིན། ང་ཚོ་ལོ་ལོན་ཚོར་ཁ་གསབ་ཟླ་ཕོག་འབབ་རྒྱུ་ཡོད་པ་འདི་འདས་པའི་ལོ་ངོ་བདུན་ཅུའི་སྔོན་དུ་ཡིད་ལའང་དྲན་མ་མྱོང་། ང་རང་ད་དུང་ལོ་འགར་གསོན་ན་འདོད།”ཅེས་གསར་འགོད་པར་ཀུ་རེའི་ཚུལ་དུ་དེ་ལྟར་བཤད།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་སྟེང་། ཐུན་རིན་རྫོང་གི་རིག་གནས་ཁང་དང་། ཁྲིམས་འཛིན་སྡེ་ཁག འཕྲོད་བསྟེན་སྡེ་ཁག ཁོར་ཡུག་སྲུང་སྐྱོབ་སྡེ་ཁག མེ་གསོད་རུ་ཁག་བཅས་ལས་ཁུངས་ལྔ་ཡིས་གྲུབ་པའི་སྒྲོག་བཤད་མགོ་བརྩམས་སོང་།

སྡེ་ཁག་སོ་སོའི་སྒྲོག་བཤད་པས་ས་གནས་ཀྱི་གནས་བབ་དང་སྦྲེལ་ནས་སྲིད་ཇུས་འགྲེལ་བཤད་བྱེད་པའི་སྐབས་སུ། ཡུལ་དངོས་སུ“ཁྱོད་ཀྱིས་འདྲི་བ་དང་ང་ཡི་དྲིས་ལན་འདེབས་པ”ཡི་བྱེད་ཐབས་སྤྱད་ནས་སྒྲོག་འགྲེལ་བྱེད་བཞིན་ཡོད།

“རྩྭ་སར་མེ་སྐྱོན་འབྱུང་བར་མི་རང་ཉིད་ནས་དོགས་ཟོན་བྱ་དགོས། ”

“རེད། རེད། ང་ཚོས་རྒྱུན་པར་རང་གི་ཉེ་ཁོར་གྱི་མི་རྣམས་ལ་མེ་དགྲར་སེམས་ཆུང་བྱ་དགོས་པའི་སྐོར་ནས་སློབ་གསོ་གཏོང་གིན་ཡོད།”འདི་ལྟར་ཚོགས་རའི་ཡུལ་དངོས་སུ་དྲི་བ་དྲིས་ལན་གྱི་ཚུལ་དུ་ལན་འདེབས་བཞིན་ཡོད་པས། འདི་ནི་མི་སེམས་ལ་ཟུག་པའི་སློབ་ཁྲིད་ཐེངས་ཤིག་རེད་ཅེས་བརྗོད་ཆོག་ཆོག་རེད། བར་བཅུག་གི་ཚུལ་དུ་རྫོང་རིག་གནས་ཁང་གི་འཁྲབ་སྟོན་རུ་ཁག་གིས་ཁྱེར་ཡོང་བའི་ཏང་ལ་བཀའ་དྲིན་ཞུས་པའི་གླུ་དབྱངས་དང་ཞབས་བྲོ་ལས་ཚོགས་རའི་ཡུལ་དངོས་སུ་གསོན་ཉམས་ལྡན་པར་བཏང་།

དགའ་སྤྲོའི་དགོད་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད། རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་དཔའ་མཁར་རྒྱལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”ཡི་སྐོར་ནས་འགྲེལ་བཤད་བྱེད་སྐབས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་དཔེ་འཇོག་གི་ཚུལ་དུ་མང་ཚོགས་ལ་ཞིབ་རྒྱས་སྒོ་ནས་འཆད་ཁྲིད་ཐེངས་ཤིག་བྱས་པ་ན་ཚོགས་ར་ཡོངས་ཡང་བསྐྱར་དགའ་བའི་དགོད་སྒྲས་ཁེངས་སོང་།

གསར་འགོད་པས་ཨ་ནེ་རྒན་མོ་སྒྲོལ་མ་འཚོར་ཐེངས་འདིའི་སྒྲོག་བཤད་ལས་ཁྱོད་ཀྱིས་སྲིད་ཇུས་དང་འབྲེལ་བའི་སྐོར་ནས་ཐོབ་བྱ་གང་དག་ཡོད་པ་དྲིས་པ་ན། ཨ་ནེ་རྒན་མོས་ངེད་ཚང་ནི་ཡིག་ཚགས་ནང་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་བྱེད་ཐབས་དང་སྲིད་ཇུས་སྣ་ཚོགས་འདོན་བཞིན་ཡོད་པས། ང་ཚོས་ཁོར་ཡུག་བཟང་པོ་དང་བུ་རབས་ཚ་རྒྱུུད་ཀྱི་ཆེད་དུ་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བཟང་པོ་བྱ་དགོས། དེ་རིང་གི་ཚོགས་འདུ་ལས་ང་ཚོ་དབུལ་ཕོངས་ཁྱིམ་ཚང་ལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་བཀོད་སྒྲིག་བྱ་རྒྱུ་ཡིན་པས། ང་ཚོ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

ཡུལ་དངོས་ནས་རྒྱུས་ལོན་པ་ལྟར་ན། སྒྲོག་བཤད་རུ་ཁག་གིས་ཐེངས་འདིའི་ཡུལ་དངོས་ནས་བདེ་ཐང་ཤེས་བྱའི་དྲིལ་སྒྲོག་ལག་དེབ་དང་། ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་ལག་དེབ། ཁྲིམས་འཛིན་སྐོར་གྱི་དྲིལ་སྒྲོག་ཡིག་ཆ་བཀྲམ་ནས་སྤྱི་ཚོགས་བདེ་འཇགས་དང་མང་ཚོགས་ཀྱི་འདོད་བློ་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།