དག་ཞིང་གི་གནས་མཆོག་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་མཁན་རྣམས།
2019.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨ་ཆེན་གངས་རྒྱབ་སྐོར་སྐྱོད་ཞིབ་བཤེར་མི་སྣས་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་ཀྱིན་པ།


མི་མེད་ས་ཁུལ་དུ་སྐོར་ཞིབ་བྱས་པའི་ལོ་ངོ་བཅོ་བརྒྱད་ཀྱི་རིང་། ཉི་མ་བཀྲ་ཤིས་ཀྱིས་གློག་བརྙནཨ་ཆེན་གངས་རྒྱབ།ནང་དུ་རུ་མི་ཚོས་མྱ་ངམ་ཐང་དུ་དཀའ་སྡུག་མྱོང་བའི་རྟོག་བཟོའི་རྣམ་པ་དེ་ཅུང་མ་འགོར་རང་ཉིད་ཀྱི་ལུས་སྟེང་དུ་དངོས་སུ་བྱུང་།

དོན་དངོས་སུ། ཁོ་རང་དར་འོབས་སུ་ལྷུང་བ་རེད།

ན་ནིང་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ། མཚོ་སྔོན་ཁུའུ་སེ་མཚོ་འགྲམ་དུ། ཟླ་རེར་རྒྱུན་ལྡན་སྒོས་སྐོར་ཞིབ་བྱེད་བཞིན་ཡོད་ལ། ཐེངས་འདིའི་དམིགས་ཡུལ་ནི་པའོ་ཙི་གྲོག་རོང་ལ་སྐོར་ཞིབ་བྱེད་རྒྱུ་དེ་རེད། དེ་ནི་ཨ་ཆེན་གངས་རྒྱབ་ཀྱི་མཚོ་ངོས་ལས་ཆེས་དམའ་བའི་གནས་ཤིག་ཡིན་ལ། མཚོ་ངོས་ལས་མུས་སྟོང་བཞི་དང་བརྒྱ་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅི་བུ་ཆུང་གི་སྣེ་ཁྲིད་འོག དེ་སྔོན་རུ་མིའི་སྐོར་ཞིབ་བྱེད་སྐབས་ཐེངས་གཉིས་ཙམ་ལ་གསའ་མཐོང་བ་དང་། ཡིད་སྐྱོ་བ་ཞིག་ལ་བརྙན་རིས་སུ་ཕབ་མ་ཐུབ། ཐེངས་འདིར་ཆེད་དུ་དམར་ཕྱིའི་འོད་ཀྱི་སྒྲིག་ཆས་བཞི་འཁྱེར་ཡོད།

རི་དྭགས་གསའ་ཡོད་སའི་གནས་དེར་མ་ཐོན་སྔོན། ཁུའུ་ལེ་མཚོ་འགྲམ་དུ་གངས་འཚུབ་བྱུང་། དྲོད་གྲང་གོར་ཐིག་མན་གྱི་སོ་བདུན་ལ་སླེབས་ཡོད་པ་དང་། ཉིན་དཀར་མུས་གཅིག་ཙམ་གྱི་གནས་མ་གཏོགས་མཐོང་མི་ཐུབ། ནངས་མོ་རླངས་འཁོར་རུ་ཁག་གི་རུ་གཙོ་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས་ཁ་ལོ་བ་གསར་བུ་ཞིག་ཁྲིད་ནས་ལམ་ལ་རྟོགས་ཞིབ་བྱེད་དུ་སོང་། ལྕགས་མདའ་ཡིས་དར་ཐོག་ཏུ་རྡུང་སྐབས་སྒྲ་གྲགས་ན་དར་ཆགས་པ་མཁྲེགས་པོ་ཡིན་པ་རེད།

བསམ་ཡུལ་ལས་འདས་པའི་ཉེན་ཁ་གློ་བུར་དུ་བྱུང་། དར་གྱི་གས་མཚམས་སྟེང་ལྕགས་མདས་བརྒྱབ་པས། དར་ངོས་གས་ནས་ཆུ་ཕྱིར་བུད་པ་དང་། ཉི་མ་བཀྲ་ཤིས་རུས་རྐང་གཟེར་བའི་མཚོ་ནང་དུ་ལྷུང་། ངས་ལྕགས་མདའ་བཟུང་ནས་ཆུའི་གཏིང་ཚད་ལ་བལྟས་པ་ན་ཆུ་ཧ་ཅང་ཟབ། སྐབས་དེར་ཆག་སྒོ་ཆེན་པོ་འབྱུང་བར་བསམ་ནས་ཆུའི་སྟོད་རྒྱུད་དུ་བརྐྱལ། མཉམ་དུ་ཡོང་བའི་ལས་གྲོགས་དེ་ཡང་སྐྲག་ནས་མྱུར་དུ་སྐྱོབ་བརྡ་བཏང་།

སྟབས་ལེགས་པ་ཞིག་ལ་གནས་དེ་ནི་ཁོ་ཚོའི་སྡོད་གནས་དང་ཐག་མི་རིང་བས། རུ་མི་རྣམས་མྱུར་དུ་ཡོང་ནས། ལག་རྡང་སྦྲེལ་ཏེ་གཟུགས་བོངས་ཆེ་བའི་ཉི་མ་བཀྲ་ཤིས་བསྐྱབས། སྐར་བཅུའི་རིང་ནི་བར་དོའི་འཕྲང་ལ་བསྐྱོད་པ་ལྟ་བུ་ཞིག་རེད། ཆུའི་འགྲམ་དུ་བླངས་རྗེས། ཉི་མ་བཀྲ་ཤིས་ཀྱིས་ལུས་སྟེང་གི་གོན་པ་མྱུར་དུ་ཕུད་པ་དང་། ལྭ་རིང་གྲང་ངར་ཆེ་བའི་དབང་གིས་ཙག་གིས་ཁེངས་ནས་ཀ་བ་ལྟར་ཀྲོང་ངེར་ལངས་ཡོད།

འཇིགས་སྣང་ཆེ་བའི་དོན་དག་འདི་ལྟ་བུ་ནི་ལོ་དུ་མང་ལ“ཚེ་སྲོག་གི་མྱ་ངམ་ཐང”སྟེ་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོབ་མཁན་རྣམས་ལ་མཚོན་ནས་བཤད་ན། དུས་རྒྱུན་འབྱུང་བཞིན་པའི་ཆེས་སྤྱིར་བཏང་གི་དོན་དག་ཞིག་རེད། ཁོ་ཚོས་སྐོར་ཞིབ་མཇུག་སྒྲིལ་སྐབས་ཁྱིམ་མིས་སེམས་ཁུར་མི་བྱེད་ཆེད། ཁ་པར་ནང་གི་པར་ཚང་མ་བསུབ་བཞིན་ཡོད།

“ངས་བུ་མོ་གཉིས་ལ་འདི་དག་ལ་ལྟ་རུ་འཇུག་བཞིན་ཡོད།”ཉི་མ་བཀྲ་ཤིས་ཀྱིས་ང་རྒྱལ་དང་བཅས་པའི་གསར་འགོད་པར་བསྟན་ནས་བཤད་རྒྱུར། དེ་ནི་ཁོ་ཚོས་དཀའ་ཁག་མང་པོ་བརྒྱུད་ནས་པའོ་ཙི་གྲོག་རོང་དུ་ཐོན་རྗེས། རི་དྭགས་གནའ་སུམ་བརྒྱ་ལྷག་མཉམ་དུ་བྲག་ངོས་སུ་འགོ་བཞིན་པའི་ངོ་མཚར་བའི་རྣམ་པ་རེད་ཟེར།

“ངའི་དགེ་རྒན་ནི་ལོས་ཁྲང་ཀྲིན་ཡིན། ཁོ་ཡང་ཨ་ཆེན་གངས་རྒྱབ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་མཁན་ཡིན། རྗེ་བཟང་བསོད་ནམས་དར་རྒྱས་སྐོར་སྐྱོད་ཞིབ་བཤེར་བྱེད་དུ་འགྲོ་སྐབས་ཀྱི་ཁ་ལོ་བ་ཆེས་བཟང་བོ་ཡིན་ལ། ད་ལྟ་ལོ་དྲུག་ཅུ་བརྒལ་ཡོད།”ལོ་ཞེ་བཞི་ཡིན་པའི་ཉི་མ་བཀྲ་ཤིས་ནི་ལོ་བཅོ་བརྒྱད་སྔོན་དུ། རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་བྱས་རྗེས་ལ་ཡིད་འགུལ་ཐེབས་ནས་ཡོང་བའི་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་བྱེད་མཁན་ཁྲོད་ཀྱི་གཅིག་ཡིན། “རླངས་འཁོར་ནི་སྐོར་སྐྱོད་ཞིབ་བཤེར་ཁྲོད་ཀྱི་ཚེ་སྲོག་གི་ཐིག་རྩ་ལྟ་བུ་ཞིག་རེད། རླངས་འཁོར་བསྐོར་བ་དང་རླངས་འཁོར་ལས་པ། ས་གཤིས་རྣམ་པ་སོགས་ལ་རྒྱུས་མངའ་ཆེ་བ་ནི་དགེ་རྒན་རྣམས་དང་འགྲོགས་ནས་སྦྱངས་བ་ཡིན་ལ། ད་ལྟ་ང་ཚོས་ཁྲིད་བཞིན་པའི་དགུ་བཅུ་ལོ་རྗེས་ཀྱི་གསར་བུ་ཚང་མ་ཡོད་པས། ཨ་ཆེན་གངས་ཆེན་སྲུང་སྐྱོབ་མཁན་གྱི་ཁྲོད་རྒན་དར་གཞོན་གསུམ་ཚང་མ་ཡོད།”

འདས་ཟིན་པའི་ལོ་ངོ་ཉི་ཤུའི་རིང་། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཐད་ཐོལ་བརྒལ་འཕེལ་རྒྱས་བྱུང་བ་དང་། མི་རབས་གསུམ་ལ་སྲུང་སྐྱོབ་བྱེད་མཁན་ཚོའི་མི་མེད་ས་ཁུལ་དུ་སྲུང་སྐྱོབ་ཀྱི་གོམ་འཚམ་བཞག་མ་མྱོང་། སྐོར་ཞིབ་རུ་ཁག་གིས་ལོ་རེར་གཞི་ཁྱོན་ཆེ་བའི་སྐོར་ཞིབ་ཐེངས་བཅོ་ལྔ་བྱེད་དགོས་པ་དང་། སྲུང་སྐྱོབ་ས་ཚིགས་ལྔ་ཡིས་སྐོར་ཞིབ་ཐེངས་བཞི་བརྒྱ་ལྷག་བྱས་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་མི་སྣ་འདི་དག་གིས་འབད་བརྩོན་ལྷོད་མེད་སྒོས་བྱ་བ་བསྒྲུབས་པས། 2006ནས་ད་བར་དུ། སྲུང་སྐྱོབ་ས་ཁུལ་མངའ་ཁོངས་དང་ཉེ་འགྲམ་ས་ཁུལ་གྱི་གཙོད་ཀྱི་གྲངས་ཀ་སླར་གསོ་བྱུང་ནས་ཁྲི་དྲུག་ལྷག་ཏུ་སླེབས་ཡོད་པ་དང་། རི་དྭགས་རྔོན་པ་ཆེས་ཚབས་ཆེ་བའི་སྐབས་དང་བསྡུར་ན་ཁྲི་བཞི་ལྷག་ཇེ་མང་དུ་སོང་ཡོད།

བུ་ཆུང་གིས་བཤད་རྒྱུར། རི་དྭགས་རྔོན་མཁན་དག་ལ་རྒོལ་རྡུང་བྱེད་པའི་བྱ་བ་དུས་ནམ་ཡང་དམ་འཛིན་བྱེད་དགོས། ང་ཚོས་ཡངས་ཤིང་རྒྱ་ཆེ་བའི་མི་མེད་ས་ཁུལ་དུ་སྐོར་ཞིབ་བྱེད་མཚམས་བཞག་རྗེས། ཁྲིམས་འགལ་ཉེས་ཅན་གྱི་ཧམ་སེམས་དང་ཁྲིམས་འགལ་བྱ་སྤྱོད་སྔར་བཞིན་ཇེ་ཆེར་འགྲོ་བས། ང་ཚོས་མེས་རྒྱལ་དང་མི་དམངས་ཀྱིས་ང་ཚོར་བསྩལ་བའི་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་པའི་བླ་མེད་ཀྱི་འགན་འཁྲི་དང་དུ་བླངས་ཏེ་དུས་ནམ་ཡང་སྲུང་འཛིན་ནན་མོ་བྱེད་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།