《རླབས་ཆེན་གྱི་མཆོང་སྐྱོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ་60》ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོའི་ཁག་ལྔ་བ།​
2019.04.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

 ལྔ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ། 

 དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། བཀས་བཀོད་རྒྱུད་འཛིན་གྱི་མི་ལུས་གཞན་རྟེན་གྱི་འབྲེལ་བ་མེད་པ་བཟོས་པས་མི་དམངས་རང་ཁྱིམ་རང་བདག་བྱུང་བ་མ་ཟད། ཞིང་བྲན་བདག་པོའི་ས་ཞིང་དབང་བའི་ལམ་ལུགས་དེ་ཞིང་པའི་ས་ཞིང་དབང་བའི་ལམ་ལུགས་སུ་གྱུར་ནས་ཞིང་བྲན་ཚོར་རང་ཉིད་ཀྱི་ཐོན་སྐྱེད་རྒྱུ་ཆ་དབང་ནས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་དང་བསྟུན་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་རིམ་བཞིན་རྒྱལ་ཡོངས་དང་གཅིག་མཚུངས་བྱུང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་དེང་རབས་དཔལ་ཡོན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་ཆེས་ཆེར་ཇེ་མཐོར་ཕྱིན་པ།

དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད་ཡར་ལངས་ཞིང་བྲན་ལ་རང་ཉིད་ཀྱི་ས་ཞིང་དང་། ཞིང་ལས་ཡོ་བྱད། ཕྱུགས་རིགས་སོགས་ཐོན་སྐྱེད་ཀྱི་རྒྱུ་ཆ་ཐེངས་དང་པོ་དབང་སྟེ། ཐོན་སྐྱེད་གོང་འཕེལ་གྱི་སྤྲོ་སེམས་དང་རྒྱུ་ནོར་གསོག་པའི་གསོན་ཤུགས་ཆེས་ཆེར་འཕེལ་ནས་བོད་ཀྱི་ཞིང་ཕྱུགས་ཐོན་སྐྱེད་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ཐོག་ནས་རྩིས་བརྒྱབ་པར་གཞིགས་ན། བོད་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རིན་དེ1960ལོ་དང1959ལོ་བསྡུར་ཚེ45.8%འཕར་བ་དང་མི་རེའི་ཆ་སྙོམས་ཐོན་སྐྱེད་སྤྱིའི་རིན་ཐང་42.9%འཕར་ནས་ཚང་མ་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་ཡོད། 1959ལོའི་དགུན་ཁ་ནས1960ལོའི་དཔྱིད་ཀའི་བར་ཞིང་ལས་ཁུལ་དུ་ཆུ་ཡུར་སྤྱི་ལེ་ཆིག་སྟོང་ལྔ་བརྒྱ་ལས་པ་དང་། ཆུ་རྫིང་སུམ་བརྒྱ་ལས་ཡོད་ལ། ཆུ་འདྲེན་གཞི་ཁྱོན་མུའུ་འབུམ་གསུམ་ཁྲི་བདུན་ལྷག་ཙམ་རྒྱ་ཆེར་ཕྱིན་ཡོད། 1960ལོར། སླར་ཡང་ཆུ་ཡུར་སྤྱི་ལེ་སྟོང་ལྔ་ལས་པ་དང་། ཆུ་མཛོད་དང་ཆུ་རྫིང་ཆིག་སྟོང་ལྔ་བརྒྱ་ལས་པ།  ཆུ་འདྲེན་གཞི་ཁྱོན་སྔར་བས་རྒྱ་ཆེར་ཕྱིན་ཡོད། 1959ལོའི་དགུན་ཁ་ནས1960ལོའི་ལོ་སྟོད་བར། བོད་ལྗོངས་ཀྱིས་ཁྱོན་སྡོམ་ལུད་རྫས་སྤྱི་རྒྱ་བརྒྱ་དང་བཅུ་བསགས་ཡོད། 1960ལོའི་དཔྱིད་ཀར་སླེབས་སྐབས། ཞིང་ལས་ས་ཁུལ་གྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ས་ཡ་གཉིས་འབུམ་བདུན་ཁྲི་གསུམ་བར་རྒྱ་ཆེར་བཏང་ནས1959ལོ་ལས་མུའུ་འབུམ་གསུམ་འཕར་ཡོད། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། སྣེ་གདོང་རྫོང(ད་ལྟའི་སྣེ་གདོང་ཆུས)གི་ཁེ་གསུམ་ཞང་ལ་མཚོན་ན། དམངས་གཙོའི་བཅོས་བསྒྱུར་བྱས་མ་ཐག་པའི་སྐབས་སུ། ཞང་ཡོངས་ཀྱི་དུད་ཚང119 ཡི་ནང་ནས་དུད་ཚང90ལ་བཟའ་འབྲུ་འདང་གི་མེད། 1964ལོར་སླེབས་སྐབས་ཞང་ཡོངས་ཀྱི་ཞིང་དུད་ཚང་མར་བཟའ་འབྲུ་དང་། ས་བོན། གཟན་ཆག་བཅས་འདང་ངེས་ཡོད་པ་མ་ཟད། དུད་ཚང95%ལ་འབྲུ་རིགས་ལྷག་མ་ཡོད། 1961ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ལྗོངས་ཀྱི་གསོ་ཁ་ན་ཡོད་པའི་ཕྱུགས་གྲངས་བསྡོམས་འབོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་མ་བཏང་གོང་གི་ཚད་གཞི་མཐོ་ཤོས་ལས་བརྒལ་ནས་གྲངས་ཀ་བྱེ་བ་གཅིག་ས་ཡ་གཉིས་ཁྲི་དྲུག་ཟིན་ཡོད།

ཐོན་སྐྱེད་རྒྱུ་ཆ་ཐོབ་པའི་རྨང་གཞིའི་ཐོག རྒྱལ་ཁབ་ཀྱིས་ས་ཞིང་ཐོབ་པའི་ཞིང་པར་ཐོན་སྐྱེད་ཡོ་བྱད་སྤྲད་དེ་རིན་མི་དགོས་པར་ཞིང་འབྲོག་པར་ལྕགས་ཀྱི་ཞིང་སྤྱོད་ཡོ་བྱད་འབུམ་གསུམ་ཁྲི་དྲུག་སྟོང་དྲུག་དགུ་བརྒྱ་ང་བདུན་སྤྲད་ཡོད། དེ་རྗེས་ཀྱི་ལོ་འགའ་ཞིག་ནང་། སྲིད་གཞུང་གིས་ཞིང་འབྲོག་པར་ལྕགས་ཀྱི་ཞིང་སྤྱོད་ཡོ་བྱད་ཁྲི་བཅུ་ཕྲག་སྤྲད་པ་མ་ཟད། ལྷ་ས་དང་། ཆབ་མདོ། གཞིས་རྩེ། རྒྱལ་རྩེ། རྩེད་ཐང་། ཉིང་ཁྲི་སོགས་ཀྱི་ས་ཆར་ཞིང་སྤྱོད་ཡོ་བྱད་བཟོ་གྲྭ་ཆུང་གྲས་གསར་པ་བསྐྲུན་ཡོད།

དམངས་གཙོའི་བཅོས་བསྒྱུར་བྱས་པ་དང་ཆབས་ཅིག ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས“བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི”བྱེད་ཕྱོགས་བཏོན་ཡོད། 1961ལོར“གྲོང་གསེབ་ཏུ་དོན་ཚན26”དང“འབྲོག་ཁུལ་དུ་དོན་ཚན30”བཀྲམ་རྗེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། བསྡོམས་རྩིས་ལ་གཞིགས་ན། 1965ལོར་སླེབས་སྐབས་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་འབུམ་གཉིས་ཁྲི་དགུ་ཟིན་ནས་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་གི1958ལོ་ལས66.1%འཕར་བ་དང་གསོ་ཁ་ན་ཡོད་པའི་ཕྱུགས་གྲངས་བསྡོམས་འབོར་བྱེ་བ་གཅིག་ས་ཡ་བདུན་ཁྲི་གཅིག་ཟིན་པ་དེ1958ལོ་ལས54.1%འཕར་ཡོད། དུས་སྐབས་དེའི་རིང་། བོད་ཀྱི་འགྲིམ་འགྲུལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 1965ལོར་སླེབས་སྐབས་བོད་ལྗོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་གཅིག་སྟོང་བཞི་བདུན་བརྒྱ་ཉེར་གཅིག་ཟིན་པ་དེ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་གི་ལྡབ2.6ཡིན་པ་རེད། བོད་ཀྱི་རྫོང90%ཡན་ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ལྷ་ས་གྲོང་ཁུལ་ཁོ་ནར་སྣུམ་ལམ8 གསར་དུ་བཏིང་ཡོད་ལ། གྲོང་མི95%ཡན་ལ་གློག་སྤྱོད་རྒྱུ་བྱུང་ཡོད། བོད་ལྗོངས་སུ་སློབ་ཆུང་སྟོང་གཅིག་བརྒྱད་བརྒྱ་ཉེར་གཉིས་ཡོད་པ་དེར་སློབ་ཞུགས་སློབ་མ་ཁྲི་དྲུག་སྟོང་དྲུག་བདུན་བརྒྱ་གྱ་གཅིག་ཟིན་པ་དང་། སློབ་འབྲིང4ཡོད་པ་དེར་སློབ་ཞུགས་སློབ་མ་སྟོང་གཅིག་སུམ་བརྒྱ་ང་དགུ་ཟིན་པ། འབྲིང་རིམ་ཆེད་ཚན་སློབ་གྲྭ1དང་མཐོ་རིམ་སློབ་གྲྭ1ཡོད། ཆེད་ལས་རིག་རྩལ་ཚོགས་པ་དང་གློག་བརྙན་སྟོན་མཁན་སྡེ་ཚན133ཡོད། སྨན་བཅོས་སྒྲིག་གཞི193བར་འཕེལ་རྒྱས་ཕྱིན་ནས་ནད་པའི་མལ་ཁྲི་སྟོང་གཅིག་དྲུག་བརྒྱ་སོ་གཅིག་དང་། འཕྲོད་བསྟེན་མི་སྣ་སྟོང་གཉིས་དགུ་བརྒྱ་ཞེ་བདུན་བར་ཇེ་མང་དུ་ཕྱིན་ནས་སོ་སོར་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་གི་ལྡབ3.1དང་། ལྡབ3.4 ལྡབ3.7བཅས་ཟིན་ཡོད། 1966ལོར་བཙུགས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པའི་ཉིང་ཁྲིའི་འཁེལ་འཐག་བཟོ་གྲྭ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དེང་རབས་ཅན་གྱི་འཁེལ་འཐག་ཁེ་ལས་དང་པོ་དེ་རེད། 1965ལོར་ཀྲུང་ནེའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། 1973ལོར་ཡུན་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཡོད།

དཔལ་འབྱོར་གྱི་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ།

ལོ60ཡི་རིང་འབད་འཐབ་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཐད་གནམ་ལ་བརྟེན་ནས་འཚོ་བ་རོལ་བ་དང་གནམ་ལ་བརྟེན་ནས་ཕྱུགས་རིགས་གསོ་བའི་དཀའ་གནད་ལས་རྩ་བ་ནས་ཐར་ཏེ་དེང་རབས་ཅན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཞིང་ནགས་དང་འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ(ཞིང་ནགས་འབྲོག་ཉའི་ཞབས་ཞུའི་ལས་རིགས་ཚུད་པ)1959ལོའི་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བརྒྱད་ནས2018ལོའི་སྒོར་དུང་ཕྱུར་བརྒྱ་དང་སོ་བཞི་ལྷག་ཏུ་འཕར་ཡོད། འབྲུ་རིགས་ཐོན་ཚད1959ལོའི་ཏུན་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་དགུ་བརྒྱ་ནས2018ལོའི་ཏུན་ས་ཡ་གཅིག་ཁྲི་བཞི་སྟོང་དགུར་འཕར་ཡོད། འབྲུ་རིགས་ཀྱི་ཐོན་ཚད1959ལོའི་སྤྱི་ཆིང་གཅིག་གི་སྟེང་དུ་སྤྱི་རྒྱ་སྟོང་གཅིག་སུམ་བརྒྱ་བདུན་བཅུ་ནས 2018ལོའི་སྤྱི་ཆིང་གཅིག་གི་སྟེང་ཏུ་སྤྱི་རྒྱ་སྟོང་ལྔ་དྲུག་བརྒྱ་གྱ་བརྒྱད་བར་མཐོ་རུ་ཕྱིན་ཡོད། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བོད་ལྗོངས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་མིང་གྲགས་ཐོན་རྫས་བསྐྲུན་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། སྤུས་ལེགས་འབྲུ་སྣུམ་ཐོན་སྐྱེད་དང་། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས། ཚད་ལྡན་ཅན་གྱི་བཞོན་མ་གཞི་ཁྱོན་ལྡན་པའི་གསོ་སྤེལ། ཁྱད་ལྡན་བོད་ཕག་དང་བོད་བྱ་གསོ་སྤེལ། ཁུལ་མང་ར་མ་གསོ་སྤེལ་སོགས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་གཅིག་བསྐྲུན་ཡོད།

དེང་རབས་བཟོ་ལས་མེད་པ་ནས་ཡོད་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ལོ་ངོ་60ཡི་འཕེལ་རྒྱས་བརྒྱུད་བོད་ཀྱིས་ནུས་ཁུངས་དང་། ཨར་ལས་རྒྱུ་ཆ། འཕྲུལ་འཁོར། གཏེར་འདོན། ཡང་བའི་བཟོ་ལས། བཟའ་བཅའ་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་སོགས་ཚུད་པའི་རིགས20ལྷག་ཙམ་གྱི་དེང་རབས་བཟོ་ལས་མ་ལག་བཙུགས་པ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་མཇུག་གྲིལ་ནས་རིམ་བཞིན་དེང་རབས་ཅན་གྱི་ཆུ་ཚད་དུ་སླེབས་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ1959ལོའི་སྒོར་བྱེ་བ་གཅིག་ས་ཡ་ལྔ་ནས2018ལོའི་སྒོར་དུང་ཕྱུར་བརྒྱ་དང་བཅུ་བཞི་ལྷག་བར་འཕར་ཡོད།

དཔལ་འབྱོར་བསྡོམས་འབོར་ལ་ཐོད་བརྒལ་ཆེན་པོ་བྱུང་ཡོད། 2018ལོར་བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་བཞི་བརྒྱ་དོན་བདུན་ལྷག་ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། 1959ལོའི་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བཞི་ལས་ལྡབ191ཙམ་འཕར་ཡོད། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཐོན་ལས་དང་པོའི་རིན་ཐང་འཕར་མས་བཟུང་བའི་བསྡུར་གྲངས1959 ལོའི73.6%ནས8.8%བར་ཆག་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་གྲངས42.5%དང48.7%བར་འཕར་ཡོད།

ཐོན་ལས་གསུམ་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་མགྱོགས་པོ་བྱུང་ཡོད། 2018ལོར་ཡུལ་སྐོར་བ་མི་ཐེངས་བྱེ་བ་གསུམ་ས་ཡ་གསུམ་འབུམ་དྲུག་ཁྲི་བརྒྱད་ལྷག་སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་བཞི་བརྒྱ་དགུ་བཅུ་ལྷག་ཏུ་བསླེབས་ནས་ཞིང་འབྲོག་པ་འབུམ་གཅིག་ལྷག་ཙམ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་བྱུང་ཡོད་ལ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཚོང་དོན་ཟོག་འགྲེམ་དང་། དངུལ་རྩའི་འགན་བཅོལ། དྲ་ཐོག་ཚོང་དོན། ཟོག་འགྲེམ་སྡེབ་སྐྱེལ་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འཚར་ལོངས་འབྱུང་བཞིན་ཡོད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་པ།

བོད་ལྗོངས་རྙིང་པར་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད། ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ལྗོངས་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་སྐྲུན་མགོ་ཚུགས་ནས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་རྒྱལ་ཁབ་ཀྱིས་མཚོ་བོད་དང་ཁྲོན་བོད་གཞུང་ལམ་དང་དེ་བཞིན་ས་ཁུལ་ཁག་ཏུ་ཤར་བགྲོད་ཐུབ་པའི་རིམ་པ་དམའ་ཙམ་གྱི་གཞུང་ལམ་བསྐྲུན་ཡོད། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ཞིན་བོད་གཞུང་ལམ་དང་། ཡུན་བོད་གཞུང་ལམ། ཀྲུང་ནེ་གཞུང་ལམ་སོགས་ཀྱི་གཞུང་ལམ་གཙོ་བོ་མགྱོགས་མྱུར་ངང་བསྐྲུན་ཡོད་ལ། མཚོ་བོད་དང་ཁྲོན་བོད་གཞུང་ལམ་ལའང་སྔ་རྗེས་སུ་སྣུམ་སྙིགས་བཏིང་བ་དང་འབྲེལ་ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་རིམ་གྲས་མཐོ་བའི་གཞུང་ལམ་ཡང་བསྐྲུན་ཡོད། མིག་སྔར་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཞིག་ཕལ་ཆེར་ཆགས་ཡོད། 2018ལོའི་ལོ་མཇུག་བར། བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་དགུ་སྟོང་བདུན་བརྒྱད་བརྒྱ་ཟིན་པའི་ནང་རིམ་གྲས་མཐོ་བའི་གཞུང་ལམ་གྱིས་སྤྱི་ལེ660 ཟིན་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཞང་དང་གྲོང་རྡལ697ཁྲོད་ནས་ཞང་དང་གྲོང་རྡལ579ལ་གཞུང་ལམ་ཤར་བགྲོད་ཐུབ་པ་དང་ཞང་དང་གྲོང་རྡལ696ལ་འགྲོ་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་སྟོང་ལྔ་བཞི་བརྒྱ་རེ་བདུན་གྱི་ཁྲོད་ནས་གྲོང་ཚོ་སྟོང་གཉིས་དྲུག་བརྒྱ་ཉེར་བཞི་ལ་གཞུང་ལམ་ཤར་བགྲོད་ཐུབ་པ་དང་གྲོང་ཚོ་སྟོང་ལྔ་བཞི་བརྒྱ་ང་བདུན་ལ་འགྲོ་ལམ་ཤར་གཏོང་ཐུབ་ཡོད། 2006ལོར་མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་དུམ་བུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་བོད་ལ་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་རྫོགས་པ་དང་། 2014ལོར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བསྐྲུན་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ད་ལྟ་འདིང་བཞིན་ཡོད།

མཁའ་འགྲུལ་ས་ཚིགས་དང་གནམ་གྲུ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བྱས་པ། 1956ལོར། བོད་ལྗོངས་ལ་སྟབས་བདེའི་གནམ་གྲུ་ཐང་དང་པོ་དེ་བསྐྲུན་པ་དང་། ད་ལྟ་གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་གྲུ་ཐང5བསྐྲུན་ནས་རྒྱལ་ནང་དང་རྒྱལ་ཕྱིར་མཁའ་ལམ92བཏོད་ཡོད་པས་ལྷ་ས་གོང་དཀར་གནམ་གྲུ་ཐང་མཁའ་ལམ་གཙོ་་བྱས་པ་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་གནམ་གྲུ་ཐང་བཅས་ཡན་ལག་མཁའ་ལམ་དུ་བྱས་པའི་མཁའ་འགྲུལ་དྲ་རྒྱ་ཞིག་རགས་ཙམ་ཆགས་ཡོད།

ཞི་བའི་བཅིངས་འགྲོལ་མ་བཏང་གོང་། བོད་ལྗོངས་ལ་ཆན་ཝ125ཟིན་པའི་ཆུ་ཤུགས་གློག་འདོན་ས་ཚིགས་ཆུང་གྲས་གཅིག་ལས་མེད་པ་དེས་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་མ་གཏོགས་གློག་གཏོང་གི་མེད་ལ། གློག་ཀྱང་བརྟན་པོ་མེད། 1960ལོར། རྔ་ཆེན་ཆུ་ཤུགས་གློག་འདོན་ས་ཚིགས་བསྐྲུན་ནས་གློག་གཏོང་མགོ་ཚུགས་པས་ལྷ་སའི་གྲོང་མི་དཀྱུས་མས་གློག་ཐེངས་དང་པོ་སྤྱོད་རྒྱུ་བྱུང་ཡོད། དེ་རྗེས་ཡར་འབྲོག་དང་། འོལ་ཁ། ཚ་ལུང་། གསེར་ཆུ། འབྲི་གུང་། སེང་གེ་ཁ་འབབ། ཞོ་ཁ། དངོས་ཨ་ཕྲང་། རྫམ། རྡོ་ཕུར། མགོན་མདོ། ཇོ་པ་སོགས་ཆུ་ཤུགས་གློག་ཁང་དང་། ཡངས་པ་ཅན་ས་འོག་ཚ་ནུས་གློག་འདོན་ས་ཚིགས། དྲ་སྦྲེལ་འོད་ཤུགས་གློག་འདོན་ས་ཚིགས་ཆེ་གྲས་སོགས་སྔ་རྗེས་སུ་བསྐྲུན་ཡོད། ད་ལྟ་ཆུ་གློག་གཙོ་བོར་བྱས་པ་དང་སྣུམ་རླངས་དང་སླར་སྐྱེས་ནུས་རྒྱུ་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཅིག་ཕལ་ཆེར་ཆགས་ཡོད་ལ། མཚོ་བོད་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལ་ཚད་བརྒལ་ཆེན་པོ་བྱུང་ནས2014ལོའི་དགུན་ཁར་ལྷ་ས་གྲོང་ཁུལ་དུ་རང་བྱུང་སོལ་རླངས་ཀྱི་དྲོད་ཐེངས་དང་པོ་མཁོ་འདོན་ཐུབ་པ་དང་ཆབས་ཅིག གྲོང་མིའི་འཚོ་བའི་སོལ་རླངས་ཀྱི་དགོས་མཁོ་བསྐངས་ཡོད། 2018ལོའི་ལོ་མཇུག་བར་ལྗོངས་ནང་ཁུལ་གྱི་གློག་དྲ་གཙོ་བོ་རྫོང(ཆུས)62བར་སྣུར་སྲིང་ཐུབ་ནས་མི་གྲངས་ས་ཡ་གཉིས་འབུམ་བདུན་ཁྲི་གཉིས་ལ་གློག་མཁོ་འདོན་བྱས་པ་དང་། ས་ཁུལ་གཞན་དག་ལ་ཆུ་ཤུགས་གློག་འདོན་ས་ཚིགས་ཆུང་གྲས་དང་། འོད་ཤུགས་ཁྱབ་ཆུང་གློག་དྲ། ཁྱིམ་སྤྱོད་འོད་ཤུགས་མ་ལག་སོགས་ཀྱི་བྱེད་ཐབས་བརྒྱུད་མི་ཚང་མས་གློག་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་ཡོད།

རྩོམ་སྒྱུར་བ། སྒྲོལ་མ་སྐྱིད།