《རླབས་ཆེན་གྱི་མཆོང་སྐྱོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ60》དེབ་ཐེར་རྒྱབ་ཤ་དཀར་པོའི་ཁག་དྲུག་པ།
2019.04.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

 དྲུག བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། བོད་ལྗོངས་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་མཆོང་སྐྱོད་ཆེན་པོ་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་བརྒྱུད་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་བ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པར་སྐུལ་འདེད་ཐོབ་པ་མ་ཟད། ད་དུང་བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་ཆེན་པོ་ཐོབ་ཡོད།

—— མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་ཇེ་མཐོར་སོང་བ།

ལོ60ཡི་རིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་ཇེ་མཐོར་སོང་ཡོད། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། རྒྱ་ཆེའི་ཞིང་བྲན་ཚོར་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་མེད། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2018ལོར། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་སྟོང་གསུམ་བདུན་བརྒྱ་གོ་བདུན་དང་།  ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གཅིག་བཞི་བརྒྱ་ལྔ་བཅུ་ཟིན་ཡོད། རོང་འབྲོག་པའི་བདེ་སྡོད་བཟོ་སྐྲུན་དང་། མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཀོད། ཡོམ་འགོག་བརྟན་གཏོང་།  ཞིང་སྡེའི་ཁོར་ཡུག་ལེགས་གཏོང་། དབུལ་སྐྱོར་གནས་སྤོ། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་བསྒྱུར་བཀོད། འགན་སྲུང་སྡོད་ཁང་འཛུགས་སྐྲུན་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་བདེ་འཇགས་ཡིན་ཞིང་སྤྱོད་གོ་ཆོད་པའི་ཁང་བའི་ནང་སྡོད་ཐུབ་པ་བྱུང་ཡོད། ཧུར་ཐག་གིས་ནུས་རྒྱུའི་གྲུབ་ཆ་ལེགས་གཏོང་ལ་སྐུལ་འདེད་བཏང་སྟེ། ལྷ་ས་དང་། ནག་ཆུ། མངའ་རིས། ཉིང་ཁྲི་སོགས་ས་ཁུལ་དང་གྲོང་ཁྱེར་ 4དང་རྫོང་གྲོང9ལ་གཅིག་སྡུད་དྲོད་རླངས་མཁོ་འདོན་བཟོ་སྐྲུན་ལག་བསྟར་བྱས་པ་དང་ཆབས་ཅིག སྔ་རྗེས་སུ་བེད་སྤྱོད་གཏོང་མགོ་ཚུགས་པས་མི་སྔར་ལས་མང་པོ་ཞིག་གིས་དགུན་ཁར་དྲོད་རླངས་སྤྱོད་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་ཀྱི་ཞང་ཚང་མར་འོད་སྐུད་དང་དྲ་རྒྱ་འཐེན་པ་དང་། སྲིད་འཛིན་གྲོང་ཚོར་དྲ་རྒྱ་འཐེན་ཚད85%ཟིན་པ། སྲིད་འཛིན་གྲོང་ཚོ་ཚང་མར་སྒུལ་བདེའི་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱུང་ཡོད།

དེང་རབས་ཅན་གྱི་སྤྱོད་ཤེད་ཆེ་བའི་འཛད་རྫས་ཁྱབ་གདལ་འགྲོ་ཚད་དང་དེའི་རིམ་པ་ཇེ་མཐོར་སོང་ཡོད་པ་སྟེ། འཁྱག་སྒམ་དང་། ཚོན་ལྡན་བརྙན་འཕྲིན། གོས་འཁྲུད་འཕྲུལ་ཆས། གློག་ཀླད། ལག་འཁྱེར་ཁ་པར། སྒེར་གྱི་རླངས་འཁོར་སོགས་འཛད་རྫས་རིམ་བཞིན་མི་སེར་དཀྱུས་མའི་ཁྱིམ་ཚང་དུ་སྤྱོད་མགོ་ཚུགས་ཡོད། རླུང་འཕྲིན་དང་། བརྙན་འཕྲིན། འཕྲིན་གཏོང་། དྲ་སྦྲེལ་སོགས་ཀྱི་དེང་རབས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་སྟངས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་བྱུང་ནས། མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་སྤྱོད་མགོ་ཚུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བྱས་ནས། 2018 ལོར་སླེབས་སྐབས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད31%ཟིན་པ་དང་། ལྷ་ས་ལྟེ་བར་བྱེད་པ་དང་། གྲོང་ཁྱེར (ས་ཁུལ)གནས་ཡུལ་ཡན་ལག་ས་ཚིགས་སུ་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་རྡལ།  ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཅས་དྲ་རྒྱར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་རགས་ཙམ་ཆགས་ཡོད།

དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། དཔལ་འབྱོར་རྗེས་ལུས་དང་།  བྱིས་པ་རློན་ནུའི་གསོན་ཚད་དམའ་བ། སྨན་བཅོས་ཆ་རྐྱེན་ཞན་པ། གྲྭ་བཙུན་མི་འབོར་གྱི་བསྡུར་ཚད་མཐོ་བ་སོགས་ཀྱིས་རྐྱེན་པས་བོད་ཀྱི་མི་འབོར་དུས་ཡུན་རིང་པོའི་ནང་འཕེལ་མེད་དུ་གནས་ཡོད། ལོ60ཡི་འཕེལ་རྒྱས་བརྒྱུད། 1959ལོར་བོད་ཀྱི་མི་འབོར་ས་ཡ་གཅིག་འབུམ་གཉིས་ཁྲི་གཉིས་སྟོང་བརྒྱད་ཟིན་པ་ནས2018ལོའི་མི་ས་ཡ་གསུམ་འབུམ་བཞི་ཁྲི་གསུམ་སྟོང་བརྒྱད་གཉིས་བརྒྱ་བར་འཕར་བ་དང་། དེའི་ནང་བོད་རིགས་མི་འབོར་གྱིས་མི་འབོར་བསྡོམས་གྲངས་ཀྱི་90%ཡན་བཟུང་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད1959ལོའི་གོང་གི་ལོ35.5ནས་མིག་སྔའི་ལོ68.2བར་ཇེ་རིང་དུ་ཕྱིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྱིས་མཉམ་དུ་གཉེར་བའི“CCTVདཔལ་འབྱོར་དང་འཚོ་བའི་བརྟག་དཔྱད་ཆེ་མོའི”ནང་ལྷ་ས་གྲོང་ཁྱེར་འདི་ཉིད་བསྟུད་མར་ལོ་ལྔར“ཀྲུང་གོའི་བདེ་སྐྱིད་སྟོན་གྲངས་མཐོ་ཤོས་ཀྱི་གྲོང་ཁྱེར”དུ་བདམས་ཡོད།

—— རིག་གནས་བྱ་གཞག་ཐད་དར་རྒྱས་ཀྱི་རྣམ་པ་མངོན་པ།

བོད་ལྗོངས་རྙིང་པར་ཞིང་བྲན་ཁྲི་ཚོ་བརྒྱ་ཕྲག་གི་ངོས་ནས་བརྗོད་ན། རིག་གནས་ཀྱི་འཚོ་བ་ཧ་ཅང་ཞན་པ་རེད། ལོ60ཡི་རིང་། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་བས། བོད་ཀྱི་རིག་གནས་བྱ་གཞག་ཐད་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་འཚོ་བ་ལོངས་སྤྱོད་ཐུབ་ཡོད། བོད་ལྗོངས་ཀྱིས་སྔ་རྗེས་སུ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དང་། ལྷ་ས། དེ་བཞིན་ས་ཁུལ་ཁག་གི་གློག་བརྙན་ཁང་བཙུགས་པ་མ་ཟད། བོད་ལྗོངས་གླུ་གར་ཚོགས་པ་དང་། ལྷ་མོ་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ། ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་རིགས་སྒྱུ་རྩལ་ཚོགས་པ། དེ་བཞིན་རྫོང(ཆུས)75ཡི་སྒྱུ་རྩལ་ཚོགས་པ་དང་གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་རུ་ཁག2400སོགས་ཀྱི་རིག་རྩལ་འཁྲབ་སྟོན་ཚོགས་པ་བཙུགས་ནས། རོང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག་གི་ཞང་དང་གྲོང་ཚོར་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་དྲིལ་བསྒྲགས་བྱས་ཡོད། རིག་གནས་ཐོན་རྫས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས།《འཁྲུད་གཞས》དང་།《གྲོང་གསར་སྐོར་བ》《ཁྲི་གདུགས་ཉི་མའི་བུ་མོ》《ཐུན་མོང་གི་ཁྱིམ་གཞིས》《སྒྲ་སྙན་རྒྱུད་དྲུག་གི་ལས་འཕྲོ》《མཁའ་ལམ》སོགས་ཀྱི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་བརྩམས་ཡོད། ད་དུང་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་མི་རིགས་ཀྱི་གླུ་གར《བདེ་སྐྱིད་ཀྱི་ལམ་བུ》དང《ཤམ་བྷ་ལ་འཚོལ་བ》སོགས་ཀྱི་རིག་གནས་ཐོན་ལས་ཀྱི་འཁྲབ་ཚན་རྣམ་གྲངས་ཁག་གཅིག་ལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཡག་པོ་ཐོབ་ནས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་གྲངས་ཡོངས་ལ་ཕྱོགས་བསྡུས་ཁེབས་ཚད་སོ་སོར97.1%དང98.2%ཟིན་ཡོད། གྲོང་ཁྱེར(ས་ཁུལ)ལ་དཔེ་མཛོད་ཁང་དང་། རྫོང་ལ་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས། ཞང་ལ་རིག་གནས་ཞབས་ཞུའི་ལྟེ་གནས་བཅས་ཕལ་ཆེར་ཡོད་པ་དང་སྦྲགས། སྲིད་འཛིན་གྲོང་ཚོ་ཚང་མར་རིག་གནས་ཁང་དང་། ཞིང་པའི་དཔེ་ཀློག་ཁང་། གློག་བརྙན་ཁང་བཅས་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར46ཟིན་པ་དང་། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)རྫོང་བཅས་རིམ་པ་བཞིའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི(གླིང)234ཟིན་ཡོད།

བོད་སྐད་ཡིག་ལ་སྲུང་སྐྱོབ་དང་འཕེལ་རྒྱས་བྱུང་ཡོད། ཆབ་སྲིད་དང་འཚོ་བའི་ཁྲོད་བོད་སྐད་ཡིག་བེད་སྤྱོད་རྒྱ་ཁྱབ་བྱུང་ཞིང་། བོད་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་ཁྲིམས་སྲོལ་དང་། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་ཁོངས་གཏོགས་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་དངོས་གཞིའི་ཡིག་ཆ་དང་སྤྱི་བསྒྲགས་ཚང་མར་བོད་རྒྱ་ཡིག་རིགས་གཉིས་སྤྱད་ཡོད། ཁྲིམས་འཛིན་གོ་རིམ་ཁྲོད་གཏུག་བཤེར་ལ་ཞུགས་མཁན་བོད་རིགས་ཀྱིས་བོད་ཡིག་སྤྱད་དེ་གྱོད་གཞི་འདྲི་ཞིབ་བྱེད་པ་དང་འབྲེལ་ཁྲིམས་དོན་ཡིག་རིགས་ནང་དུའང་བོད་ཡིག་སྤྱད་ཡོད། བོད་ཡིག་གི་བེད་སྤྱོད་ཆ་འཕྲིན་ཅན་དུ་མངོན་འགྱུར་བྱུང་ནས་བོད་ཡིག་ཡིག་རྟགས་རྩིས་འཁོར་ཨང་སྒྲིག་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞིར་སླེབས་ཡོད། རྒྱལ་ཁབ་ཀྱིས་བོད་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》ནང“རྒྱལ་ཁབ་ཀྱིས་སྤྱི་སྐད་ཁྱབ་གདལ་གཏོང་བ་དང་ཚད་ལྡན་རྒྱ་ཡིག་ཁྱབ་སྤེལ་གཏོང་དགོས”པ་དང“སྤྱི་དམངས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དབང་ཡོད་པའི”གཏན་འབེབས་གཞིར་བཟུང་ནས། བོད་ལྗོངས་སོགས་མི་རིགས་ས་ཁུལ་ཚུད་པའི་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ཡོད།

མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྲོལ་ཡིག》དང་།《ལྷ་སའི་གྲོང་ཁུལ་རྙིང་པ་སྲུང་སྐྱོབ་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་འཆར་གཞི》སོགས་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཚད་ལྡན་གྱི་ཡིག་ཆ་བཅས་མང་པོ་ཞིག་སྔ་རྗེས་སུ་གཏན་འབེབས་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་ཆེད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར50ལྷག་ཙམ་བཏང་ནས་ལྗོངས་ཡོངས་སུ་ཡོད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན55དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་616སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་ཡོད། ལྷ་སའི་གྲོང་ཁུལ་རྙིང་པ་སྲུང་སྐྱོབ་བྱེད་པའི་ཐད། ལྷ་ས་གྲོང་ཁྱེར་གྱིས་ལོ་ཆིག་སྟོང་སུམ་བརྒྱ་ཡི་ལོ་རྒྱུས་ལྡན་པའི་བར་སྐོར་ཁྲོམ་གཞུང་གི་གྲོང་ཁུལ་རྙིང་པ་ཁྲིམས་ལྟར་སྲུང་སྐྱོབ་དང་བསྒྱུར་བཀོད་གཟབ་ནན་བྱས་ནས་མི་རིགས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་ལས་དོན་ལ་གཅིག་གྱུར་བསམ་གཞིག་བཏང་ནས། བོད་མི་རིགས་ཀྱི་ཕུལ་བྱུང་གི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་བསྡུ་ལེན་དང་། མཉམ་འདྲེས། འགྲེམ་སྟོན་གང་ལེགས་བྱེད་པ། སྡེ་ཁུལ་གྱི་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། སྲོལ་རྒྱུན་སྒྱུ་རྩལ་པ་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ། མང་ཚོགས་ཀྱི་འཐུས་མི་རྩ་འཛུགས་ཐེངས་མང་བྱས་ཏེ་ཡུལ་དངོས་སུ་ལྟ་སྐོར་མཛུབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་པས། ལྷ་སའི་གྲོང་ཁུལ་རྙིང་པའི་རིག་གནས་སྲུང་སྐྱོབ་ཏན་ཏིག་བྱས་ཡོད། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཀྱི་འཛུགས་སྐྲུན་བཀོད་པ་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་གི་ཤུལ་བཞག་མིང་གཞུང》དུ་ཚུད་པ་དང་། ལྷ་མོ་དང་། གླིང་སྒྲུང་། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་དུ་ཚུད་ཡོད། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག89དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ96ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ350ཡོད། ཕོ་བྲང་པོ་ཏ་ལ་སོགས་ཚན་པ4རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོབ་ཚན་པར་བཅུག་པ་དང་དཔེ་རྙིང291རྒྱལ་ཡོངས་ཀྱི་དཔེ་རྙིང་རྩ་ཆེན་ནང་བཅུག་ཡོད།

བོད་ལྗོངས་ཀྱི་སྒོ་མོ་འབྱེད་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་དང་ཆབས་ཅིག བོད་ཀྱི་རིག་གནས་ཀྱང་རིམ་བཞིན་འཛམ་གླིང་ལ་ཁྱབ་ཅིང་། བོད་ལྗོངས་རིག་གནས་གཟའ་འཁོར་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་སོགས་འཛམ་གླིང་ལ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཀྱིས་ད་དུང་སྒྱུ་རྩལ་ཚོགས་པ་སྣ་ཚོགས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་དུ་འཁྲབ་སྟོན་དང་། འགྲེམ་སྟོན། རིག་གཞུང་སྤེལ་རེས་བཅས་ཀྱི་བྱེད་སྒོ་སྤེལ་བར་མངགས་ཡོད།

—— སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

བོད་ལྗོངས་རྙིང་པར་སློབ་གསོ་མྱོང་མཁན་མང་ཆེ་བ་ནི་སྐུ་དྲག་གི་བུ་ཕྲུག་ཡིན་པ་དང་། མི་གྲངས་སྤྱིའི་95%ཟིན་པའི་ཞིང་བྲན་ལ་སློབ་གསོ་མྱོང་བའི་དབང་ཆ་མེད་པས་གཞོན་དར་ཡིག་རྨོངས་བ95%ཡན་ཟིན་ཡོད། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ཆབ་མདོ་སློབ་ཆུང་དང་། ལྷ་ས་སློབ་ཆུང་། ལྷ་ས་སློབ་འབྲིང་། བོད་ལྗོངས་སྤྱི་སློབ་སོགས་ཀྱི་གཞི་ཁྱོན་མགྱོགས་མྱུར་ངང་ཆེ་རུ་སོང་བ་དང་། ས་ཁུལ་དང་རྫོང་ཁག་ཏུ་སློབ་འབྲིང་དང་སློབ་ཆུང་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་མ་ཟད། ཞང་མང་ཆེ་བ་དང་གྲོང་ཚོ་ཁག་གཅིག་ལ་སློབ་ཆུང་བཙུགས་ཡོད། 1961ལོར་བོད་ལྗོངས་ཀྱི་དགེ་འོས་སློབ་གྲྭ་ཐོག་མ་སྟེ་ལྷ་ས་དགེ་འོས་སློབ་གྲྭར་དངོས་སུ་སློབ་མགོ་ཚུགས་པ་དང་དེ་རྗེས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། བོད་ལྗོངས་གསོ་རིག་སློབ་གླིང(ད་ཆའི་བོད་ལྗོངས་གསོ་རིག་སློབ་ཆེན)བོད་ལྗོངས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་བཅས་སྔ་རྗེས་སུ་བཙུགས་ཤིང་། མིག་སྔར་སློབ་ཞུགས་སྔོན་གྱི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་རིམ་བཞིན་ཆགས་ནས་མི་རིགས་ཁག་གི་མི་དམངས་ཚོའི་སློབ་གསོ་མྱོང་བའི་དབང་ཆར་ཁག་ཐེག་གང་ལེགས་བྱས་ཡོད།  དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས། དེ་བཞིན་བོད་ལྗོངས་ས་གནས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་བཅས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུ་གཏན་འབེབས་ཁ་གསལ་བྱས་པ་དང་ཆབས་ཅིག ཅུང་འཐུས་སྒོ་ཚང་བའི་སྐད་གཉིས་སློབ་ཁྲིད་མ་ལག་ཀྱང་བཙུགས་ཡོད། མིག་སྔར་བོད་ཀྱི་རོང་འབྲོག་ཁུལ་ཚང་མ་དང་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་སློབ་ཆུང་དུ་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནས་དུས་གཅིག་ཏུ་སློབ་ཁྲིད་བྱེད་པ་དང་སློབ་ཚན་གཙོ་བོ་བོད་སྐད་ནས་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་འབྲིང་དུས་རིམ་དུའང་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནས་སློབ་ཁྲིད་བྱེད་ཀྱི་ཡོད།

2017ལོའི་བར་བོད་ལྗོངས་སུ་བསྡོམས་པས་བུ་བཅོལ་ཁང1239དང་། སློབ་ཆུང 806། རིམ་པ་སོ་སོའི་སློབ་འབྲིང132། མཐོ་རིམ་སློབ་གསོའི་སློབ་གླིང་དང་སློབ་གྲྭ7བཅས་བཙུགས་པ་དང་། རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭ་ནས་ཐོན་པའི་མི་གྲངས1959ལོའི་མི་ཁྲི་གཅིག་སྟོང་བརྒྱད་ནས་མི་འབུམ་ལྔ་ཁྲི་གསུམ་ལྷག་ཙམ་བར་མང་དུ་ཕྱིན་ཡོད། ནང་ལོགས་ཀྱི་སློབ་གཉེར་གྲུབ་འབྲས་མངོན་གསལ་དོད་ཅིང་། ད་ལྟ་ཞིང་ཆེན་དང་གྲོང་ཁྱེར21ཏུ་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)བཙུགས་པ་དང་རིམ་རྩིས་བརྒྱབ་ན་དེ་དག་གིས་བོད་ལྗོངས་ལ་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡན་གྱི་ཤེས་ལྡན་པ་ཁྲི་གསུམ་སྟོང་དྲུག་ལྷག་ཙམ་གསོ་སྐྱོང་བྱས་ཡོད། 1985ལོར་རྒྱལ་ཁབ་ཀྱིས་རོང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ“འགན་ལེན་གསུམ”(ལྟོ་ཆས་འགན་ལེན་དང་། སྡོད་གནས་འགན་ལེན། གཞི་རྩའི་སློབ་ཡོན་འགན་ལེན་བཅས)གྱི་སྲིད་ཇུས་ལག་བསྟར་བྱེད་མགོ་བཙུགས་པ་མ་ཟད་ཚད་གཞི་དེ་མཐོ་རུ་ཐེངས18བཏང་ནས། “འགན་ལེན་གསུམ”གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2012ལོ་ནས་བཟུང་། བོད་ལྗོངས་སུ་ལོ15ཡི་འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། 2018ལོར་བོད་ལྗོངས་ཀྱི་སློབ་ཆུང་དུ་ན་མཉམ་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། མཐོ་རིམ་སློབ་གསོ་བཅས་སུ་སློབ་མ་ཞུགས་ཚད་སོ་སོར99.5%དང་། 99.5% 82.3% 39.2%བཅས་ཟིན་ནས་མི་རེས་ཆ་སྙོམས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ་ངོ9.55ཡིན།

—— སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ།

ལོ60ཡི་འཕེལ་རྒྱས་བརྒྱུད་བོད་ལྗོངས་སྨན་བཅོས་འཕྲོད་བསྟེན་རྗེས་ལུས་ཡིན་པའི་རྣམ་པ་ལས་རྦད་དེ་ཐར་ནས་རྒྱལ་ཡོངས་དང་མཉམ་དུ་གོམ་སྟབས་གཅིག་མཚུངས་ངང་འཕེལ་རྒྱས་འགྲོ་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་གི་དབང་ཆར་འགན་ལེན་ནུས་ལྡན་བྱུང་ཡོད། སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། བོད་ཀྱི་གསོ་བ་རིག་པ། ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ཞིང་། དུས་རབས20པའི་ལོ་རབས70པའི་དུས་མཇུག་བར་སྔོན་ཆད་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ལྗོངས་ཡོངས་རང་བཞིན་གྱི་འགོས་ནད་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། རིགས་མི་འདྲ་བའི་འགོས་ནད་དང་ཡུལ་ནད་ཐོན་ཚད་དང་མི་ཤི་ཚད་ཇེ་ཉུང་དུ་སོང་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་རིམ་པ་དང་། གྲོང་ཁྱེར(ས་ཁུལ)རིམ་པའི་སྨན་ཁང་དང་རྫོང་རིམ་པའི་སྨན་ཁང71 གཅིག་རྗེས་གཉིས་མཐུད་ངང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱེད་མགོ་ཚུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ)རྫོང་། ཞང་བཅས་རིམ་པ་བཞིའི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལ་ཆ་མཚོན་ན་བོད་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་རོང་འབྲོག་པར་དམིགས་བསལ་གྱི་རིན་མེད་སྨན་བཅོས་སྲིད་ཇུས་ལག་ལེན་བསྟར་ཞིང་། རིན་མེད་སྨན་བཅོས་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་མ་དངུལ་གཏོང་བ་གཙོ་ཁྲིད་དུ་བྱེད་པ། ཁྱིམ་ཚང་གི་རྩིས་ཐོ་དང་ནད་རིགས་ཚབས་ཆེན་གཅིག་འདོམས་དང་སྨན་བཅོས་རོགས་སྐྱོབ་ཟུང་འབྲེལ་བཅས་ཀྱི་རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཤིག་ཕྱོགས་ཡོངས་ནས་བཙུགས་ཡོད། ལྷག་པར་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་འོག་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཏེ་རྒྱལ་ཡོངས་ཀྱི་མིང་གྲགས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གཅིག་སྡུད་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། གྲོང་ཁྱེར(ས་ཁུལ)བདུན་གྱི་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པར་བསྐྱོད་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་མགྱོགས་མྱུར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། གྲོང་ཁྱེར(ས་ཁུལ)དང་རྫོང་ཁག་གིས་སྔ་རྗེས་སུ་སྨན་རྩིས་ཁང་བཙུགས་པ་མ་ཟད་བོད་ཀྱི་གསོ་བ་རིག་པའི་སྨན་དཔྱད་ཚད་གཞི་ཟམ་མི་ཆད་པར་ཚད་ལྡན་དུ་བཏང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི” (2011—2015)ཚུན་དུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་སྡེ་ཚན་གྱིས་ཀྲུང་གོའི་གྲངས་ཉུང་མི་རིགས29ཡི་སྨན་གཞུང་དཔྱད་ཡིག་ཁག150སྒྲིག་འཛུགས་བྱས་ནས་ལེགས་སྒྲིག་བྱས་པ་ལས། བོད་ལྗོངས་ཀྱིས་བོད་ལུགས་གསོ་བ་རིག་པའི་ཚད་ལྡན་ཡིག་ཆ་ཁག20ལེགས་སྒྲིག་དང་འཕྲོད་སྦྱོར་ལག་རྩལ་ཁག10འདེམ་སྒྲུག་གི་ལས་དོན་སྒྲུབ་འགན་ཁུར་ཡོད།  2018ལོར“བོད་ལུགས་གསོ་བ་རིག་པའི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་དུ་བཅུག་ཡོད། 2018ལོའི་ལོ་མཇུག་བར་བོད་ལྗོངས་ལ་གཞུང་བཙུགས་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་བསྡོམས་པས50དང་ཉལ་ཁྲི2412ཙམ་ཡོད།

མིག་སྔར་ལྷ་ས་གཙོ་བོར་བྱས་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཀྲུང་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག བོད་ལུགས་གསོ་བ་རིག་པ་བཅས་ཕན་ཚུན་ཟུང་འབྲེལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་པ་དང་། ལྗོངས་ཡོངས་ལ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི1547དང་། ཉལ་ཁྲི16787 ། སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་བསྡོམས་འབོར་ཁྲི་གཅིག་སྟོང་དགུ་སོ་ལྔ་བཅས་ཟིན་པ་དེ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ལས་སོ་སོར་ལྡབ24དང་། ལྡབ35། ལྡབ23བཅས་འཕར་ཡོད། ལྗོངས་ཡོངས་སུ་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་བུད་མེད་ཤི་ཚད་བཅིངས་འགྲོལ་བཏང་མ་ཐག་པའི་འབུམ་ཆའི་སྟོང་ལྔ་ཙམ་ནས2017ལོའི་འབུམ་ཆའི་བརྒྱ་དང་གཉིས་བར་ཆག་པ་དང་བྱིས་པ་རློན་ནུ་ཤི་ཚད་སྟོང་ཆའི་བཞི་བརྒྱ་སུམ་ཅུ་ནས་སྟོང་ཆའི་བཅུ་དང་གྲངས་ཆུང་གསུམ་བརྒྱད་བར་ཆག་ཡོད།

—— སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཆེས་ཆེར་ཇེ་མཐོར་ཕྱིན་པ།

བོད་ལྗོངས་རྙིང་པར་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་སར་ཡང་སྤྲང་པོ་མང་པོ་ཡོད། ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འཚོ་བར་དཀའ་ངལ་ཡོད་པའི་མི་སྣར་རྒུད་སྐྱོབ་འབྲུ་རིགས་སྤྲད་པ་དང་། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་བོད་ལྗོངས་ལ་སྤྱི་ཚོགས་འགན་སྲུང་ལམ་ལུགས་རིམ་བཞིན་བཙུགས་ཡོད། མིག་སྔར་ལྗོངས་ཡོངས་སུ་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་སྲུང་ལྔ་གཙོ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་ཕྱོགས་ཡོངས་ནས་བཙུགས་པ་དང་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་མཁན་མི་ཐེངས་ས་ཡ་གསུམ་འབུམ་བདུན་སྟོང་བདུན་ཟིན་ཡོད། 2017ལོར་ལྗོངས་ཡོངས་སུ་གཞི་རྩའི་རྒན་གསོའི་ཉེན་ཚབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བསྡོམས་པས་མི་འབུམ་གསུམ་ཁྲི་བདུན་སྟོང་ལྔ་སུམ་བརྒྱ་སོ་གཅིག་ཟིན་པ་དང་། གཞི་རྩའི་སྨན་བཅོས་ཉེན་ཚབ་ཐོབ་ཐང་ལོངས་སུ་སྤྱོད་མཁན་བསྡོམས་པས་མི་ཐེངས་འབུམ་ལྔ་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་ཉེར་དྲུག་ཟིན་པ། ལས་རྨས་ཉེན་ཚབ་ཀྱི་ཐོབ་ཆ་ལེན་མཁན་བསྡོམས་པས་མི་བརྒྱད་བརྒྱ་ཞེ་གཉིས་ཟིན་པ། བུ་བཙའི་ཉེན་ཚབ་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བསྡོམས་པས་མི་ཐེངས་ཁྲི་གཅིག་སྟོང་བཞི་སུམ་བརྒྱ་ཞེ་གཉིས་ཟིན་པ། ལས་ཤོར་ཉེན་ཚབ་ཀྱི་ཐོབ་ཆ་ལེན་མཁན་བསྡོམས་པས་མི་ཁྲི་གསུམ་ལྔ་བརྒྱ་དོན་བདུན་ཟིན་ཡོད། སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ལས་བཟོ་བའི་རྒན་གསོའི་ཉེན་ཚབ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་ཉེན་ཚབ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་ཉེན་ཚབ་སོགས་ཀྱི་ཐོབ་ཐང་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། 2017ལོར་བོད་ལྗོངས་ཀྱི(ཆུས)རྫོང74ཡི་ལོ60སླེབས་པའི་མི་ཚང་མར་གཞི་རྩའི་རྒན་གསོའི་མ་དངུལ་ཡོད་པ་དང་གཞི་རྩའི་རྒན་གསོའི་ཉེན་ཚབ་མ་དངུལ་ལེན་མཁན་བསྡོམས་པས་མི་གྲངས་འབུམ་གཉིས་ཁྲི་བརྒྱད་སྟོང་གསུམ་དྲུག་བརྒྱ་ཞེ་བདུན་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བ་དང་གྲོང་མིའི་སྨན་བཅོས་ཉེན་ཚབ་ཀྱི་ལོ་འཁོར་གྱི་གཏོང་སྤྲོད་བྱེད་ཚད་མཐོ་ཤོས་སོ་སོར་སྒོར་འབུམ་གསུམ་དང་སྒོར་འབུམ་གཉིས་ཟིན་ཡོད། 2019ལོའི་ཟླ1ཚེས1ཉིན་ནས་བཟུང་། བོད་ལྗོངས་ཀྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་སྟོང་དགུ་དང་དྲུག་བརྒྱའི་བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་སྟོང་བཞི་དང་བཞི་བརྒྱ་ལྔ་བཅུ་རྒྱུན་འཁྱོངས་བྱས་པ། འགན་ལེན་ལྔའི་བསྙེན་བཀུར་ཚད་གཞི་དེ་མི་རེར་ལོ་རེར་སྒོར་སྟོང་བཞི་དང་དགུ་བརྒྱ་བཞི་བཅུའི་བར་མཐོ་རུ་བཏང་ཡོད།

རྩོམ་སྒྱུར་པ། སྒྲོལ་མ་སྐྱིད།