《རླབས་ཆེན་གྱི་མཆོང་སྐྱོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ་60》ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོའི་ཁག་བདུན་པ།
2019.04.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

བདུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།

བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ལྟེ་བའི་ཁུལ་དུ་གནས་ཡོད། བོད་ལྗོངས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དོ་སྙོམས་འགན་སྲུང་བྱེད་པའི་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་མང་པོའི་རིང་། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པ་དོན་ཆེན་ཨང་དང་པོར་བརྩིས་ནས་འབྲེལ་ཡོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

— སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

བོད་ལྗོངས་རྙིང་པར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་ཧ་ཅང་དམའ་བས། སྤྱིར་ན་རང་བྱུང་གི་ཆ་རྐྱེན་དང་མི་བསྟུན་ཀ་མེད་ཡིན་པ་དང་རང་བྱུང་ཐོན་ཁུངས་ཕྱོགས་རྐྱང་པར་བརྟེན་པའི་གནས་སུ་ལུས་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་གནས་ཚུལ་འོག བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་རང་བཞིན་མངོན་གསལ་དོད་པར་བརྟེན། ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད། 1975ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། 1983ལོར་རང་སྐྱོང་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོབ་ཐིན་དངོས་སུ་བཙུགས་ཡོད། དེ་རྗེས་རྩ་འཛུགས་ཀྱི་སྒྲིག་གཞི་དང་། དོ་དམ་སྒྲིག་སྲོལ། ཁྲིམས་སྲོལ་ལམ་ལུགས་བཅས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་ཕྱིན་པར་བརྟེན། བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་རིམ་གྱིས་འཕེལ་རྒྱས་བཟང་བའི་འཁོར་ལམ་དུ་སྐྱོད་མགོ་ཚུགས་ཡོད། མིག་སྔར་བོད་ལྗོངས་ཀྱིས 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྔ་རྗེས་སུ་བཏོན་པ་དང་།《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》དང་།《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》《བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དོ་དམ་བྱེད་ཐབས》《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》བཅས་གཏན་འབེབས་བྱས་པ་དང་འབྲེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་བསྡུས་རང་བཞིན་གྱི་མཛུབ་ཁྲིད་བསམ་འཆར་ཁག་དཔེར་ན།《མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》དང་།《རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཧུར་ཐག་བསྐྲུན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་བསྟུད་མར་བཏོན་ནས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་། བརླན་ས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ། ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ། ས་ཆུ་སྲུང་འཛིན། བྱེ་འགོག་བྱེ་བཅོས། རྨོ་སྐྱུར་ནགས་སྐྱོང་རྩྭ་གསོ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ཁྲིམས་སྲོལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 2017ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《སྡོང་འཛུགས་ནགས་སྐྲུན་ལས་དོན་ཤུགས་ཆེན་སྤེལ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཏོན་ཏེ་ནགས་བཟོ་སླ་བའི་ས་ཁུལ་དུ“ཆ་སྙོམས་མི་རེར་ལྗོན་ཤིང་རྐང་ལྔ་འདེབས་པ་དང་། དུད་ཚང་དང་གྲོང་ཚོ་ཚང་མར་ལྗོན་ཤིང་འདེབས་པའི”དམིགས་ཚད་གཞིར་བཟུང་ནས། དམངས་ཡོངས་ཀྱི་སྡོང་འཛུགས་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

— སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

1988ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་བཙུགས་ཚུན་བོད་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ(རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅུ་གཅིག)ཞེ་བདུན་བཙུགས་པ་དང་། སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་བཞི་དང་ཁྲི་གཅིག་སྟོང་གཉིས་ལྷག་ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གསུམ་ལྔ་བཟུང་ཡོད། སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ(རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གཅིག)ཉེར་གཉིས་བཙུགས་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་དུ་བཅུག་ནས་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་རྫོང་སོ་དྲུག་ཟིན་ཡོད། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་བཞི་དང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་དགུ། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་ཉེར་གཉིས། དེ་བཞིན་རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་གསུམ་བཙུགས་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་གནས་དང་འཕེལ་རྒྱས་གོ་སྐབས་ཀྱི་མ་གནས་ཐད་སྐྱེ་ཁམས་ཁ་གསབ་ལག་བསྟར་བྱས་ཡོད། 2001ལོ་ནས་བཟུང་རིམ་རྩིས་བྱས་ན། ནགས་ཚལ་དང་། རྩྭ་ཐང་། བརླན་ས། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་སོགས་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྒོར་དུང་ཕྱུར་སུམ་བརྒྱ་བཅུ་དྲུག་སྤྲད་ཡོད།

—སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་བྱུང་བ།

བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་དང“གཙང་པོ་གཉིས་དང་ཆུ་བོ་བཞིའི” (ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ་བཅས)རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་བཟོ་འགོད་སྔ་རྗེས་སུ་ལག་བསྟར་བྱས་པས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར། ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཅིག་བཞི་ཟིན་ནས་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་དྲུག་ཁྲི་གཉིས་སྟོང་བཞི་ལྷག(ནགས་ཁུལ་དང་། སྡོང་ཕྲན་ནགས་ཁུལ། ནགས་ཁུལ་གཞན་དག་བཅས་ཚུད་པ)ཟིན་པ་དང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉེར་གཉིས་དང་བྱེ་བ་བརྒྱད་ས་ཡ་གསུམ་ཟིན་ཡོད། ལྗོངས་ཡོངས་ཀྱི་རང་བྱུང་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་དགུ་ཟིན་པ་དང་རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་བརྒྱད་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་གསུམ་དང་སྟོང་གསུམ་ལྷག་ཟིན་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་དྲུག་དང་འབུམ་ལྔ་ཁྲི་གཉིས་སྟོང་དགུ་ཟིན་ཡོད། བོད་ལྗོངས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་རིགས་བརྒྱ་དང་ཞེ་གཅིག་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྐྱེ་དངོས་སྣ་ཁ་སོ་བརྒྱད། བོད་ལྗོངས་ཁོ་ནར་ཡོད་པའི་སྲོག་ཆགས་རིགས་བརྒྱ་དང་གོ་དྲུག རྩི་ཤིང་སྣ་ཁ་བརྒྱད་བརྒྱ་ང་ལྔ། འདབ་ཆགས་ཀྱི་རིགས་ཉེར་གཉིས་བཅས་ཡོད་པས་སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། ལྗོངས་ཡོངས་ཀྱི་གཙོད་ཀྱི་གྲངས་འབོར་དུས་རབས20པའི་ལོ་རབས90པར་ཁྲི་དྲུག་ལྷག་ཙམ་ཡོད་པ་ནས་མིག་སྔར་འབུམ་གཉིས་ལྷག་ཙམ་བར་མང་དུ་ཕྱིན་པ་དང་། རྐྱང་གི་གྲངས་འབོར་ཁྲི་ལྔ་ལྷག་ཙམ་ཡོད་པ་ནས་ཁྲི་བརྒྱད་ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཁྲུང་ཁྲུང་སྐེ་ནག་སྟོང་གསུམ་ལྷག་ཙམ་ནས་སྟོང་བརྒྱད་ཙམ་བར་མང་དུ་ཕྱིན་ཡོད་ལ། འབྲོང་གི་གྲངས་ཀ་སྟོང་བདུན་ལྷག་ཙམ་ནས་ཁྲི་གཅིག་ཙམ་བར་མང་དུ་ཕྱིན་ཡོད།

— སྡོད་གནས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

བོད་ལྗོངས་ཀྱིས་ཆུ་བོ་རྒྱུག་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དང་། གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་གནས་ཁོར་ཡུག་ལེགས་བཅོས། བཟོ་ལས་གཏེར་ཁའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཟོ་འགོད་རབ་དང་རིམ་པ་རྒྱུན་མཐུད་ངང་ལག་བསྟར་བྱས་པ་དང་། གཙང་པོ་དང་ཆུ་བོ། མཚོ། ཆུ་མཛོད་བཅས་ཀྱི་ཆུ་ཁོངས་འབྲེལ་རྒྱུར་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ནག་ཆུ་གྲོང་ཁྱེར་ཆུའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་གྱི་ཚོད་ལྟའི་འཛུགས་སྐྲུན་ལས་དོན་ཧུར་ཐག་སྒོས་སྤེལ་བས། བོད་ལྗོངས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། བོད་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་ལ་སྔ་རྗེས་སུ་གཙང་བོའི་འགོ་ཁུངས་ཀྱི་སྐྱེ་ཁམས་ནུས་པའི་སྲུང་སྐྱོབ་ཁུལ་བསྐྲུན་པ་དང་། གནམ་མཚོ་དང་ཡར་འབྲོག་གཡུ་མཚོ་སོགས་གཙོ་གནད་མཚོ་མཚེའུ་རྒྱུག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་ལས་དོན་སྤེལ་ཡོད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་སྡོད་གནས་སུ་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུའི་རྨང་གཞིའི་སྒྲིག་བཀོད་སྔར་བས་མགྱོགས་མྱུར་གྱིས་བསྐྲུན། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས་བརྒྱ་དང་དྲུག་དང་། འཚོ་བའི་གད་སྙིགས་བརྒྱུད་འདྲེན་སྒྲིག་བཀོད་གྱ་དགུ་བསྐྲུན་པས་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་ཉིན་རེར་ཏུན་སྟོང་གཉིས་དང་ཉིས་བརྒྱ་ཞེ་གཅིག་ལྷག་དང་གད་སྙིགས་བརྒྱུད་འདྲེན་བྱེད་ནུས་ཉིན་རེར་ཏུན་བཞི་བརྒྱ་དོན་གཅིག་ལྷག་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་བཅུ་དྲུག་བསྐྲུན་པས་བཙོག་ཆུ་གཙང་སེལ་བྱེད་ཚད་ཉིན་རེར་ཏུན་འབུམ་གསུམ་དང་ཁྲི་བདུན་སྟོང་བཞི་ལྷག་རེད། བཙོག་ཆུའི་སྦུག་ལམ་དྲ་བའི་རིང་ཚད་སྤྱི་ལེ་དགུ་བརྒྱ་གསུམ་ལྷག་ཟིན་པ་དང་། རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཅིག་སྡུད་གཙང་སེལ་བྱེད་ཚད་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་གསུམ་བརྒྱད་ཟིན་ཡོད། རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་སེལ་བྱེད་ཚད་བརྒྱ་ཆའི་རེ་གཅིག་དང་གྲངས་ཆུང་གཅིག་བདུན་ཟིན་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་གྱི་སྔོ་འགྱུར་མཛེས་བཟོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་གད་སྙིགས་རིགས་དབྱེ་གཙང་སེལ་དང་། འཛེར་སྒྲའི་སྦགས་བཙོག་ཐག་གཅོད། བཙོག་ཆུ་བཤངས་འབུད། སོག་མ་སྲེག་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། 2010ལོ་ནས་བཟུང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དྲུག་ཅུ་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་ནས་གྲོང་ཚོ་སྟོང་དྲུག་དང་ཉིས་བརྒྱ་ཉེར་གསུམ་གྱི་སྡོད་གནས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་བར་བརྟེན་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད། མིག་སྔར། བོད་ལྗོངས་ཀྱི་གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོ་རྩ་བའི་ཆར་གདོད་མའི་རྣམ་པར་གནས་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་ནུས་པའི་ཁུལ་གལ་ཆེན་གྱི་ཆུའི་སྤུས་ཚད་ལོན་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་བདུན་ཟིན་ཡོད། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་ལྔ་ཟིན་པ་དང་། ཇོ་མོ་གླང་མའི་ས་ཁོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མུ་མཐུད་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད།

རྩོམ་སྒྱུར་བ། ཤ་བོ་རིན་མཚོ།