ཨ་ཡེ་རྒན་མོ་ཞིག་གི་འདས་པའི་ལོ་ཟླ།
2019.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 192

 ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ཀྱི་སྡོད་ཁུལ་ཞིག་ཏུ་སུང་ཀོས་ཡུན་ཟེར་བའི་བགྲེས་མོ་ཞིག་ཡོད་དེ། ཁོ་མོའི་སྐྱེ་ས་ནི་རྒྱང་ཐག་རིང་བའི་ཨུ་རུ་སུ་ནས་ཡིན་ཞིང་། ལོ་ལྔ་ཡིན་པའི་སྐབས་སུ་ཨ་ཕ་དང་འགྲོགས་ནས་ཀྲུང་གོར་ཡོང་བ་དང་ལོ་བཅུ་དགུའི་དུས་སུ་མཚོ་སྔོན་དུ་ཡོང་བ་རེད། ལོ་ཉི་ཤུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོ་མོས་མཚོ་སྔོན་དུ་འཚོ་བ་རོལ་ནས་ལོ་ངོ་རེ་དྲུག་འགོར་ཡོད་པས།  ཟི་ལིང་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ལ་གསལ་ཆ་ཆེན་པོ་ཡོད་པ་རེད།

“1952ལོར། ཁོ་མོ་བཟའ་ཟླ་དང་མཉམ་དུ་ལན་ཀྲུག་ནས་མཚོ་སྔོན་དུ་ཡོང་བ་ཡིན”།  ད་ལོ་ལོ་གྱ་ལྔ་སོན་པའི་ཨ་ཡེ་རྒན་མོ་སུང་ཀོས་ཡུན་གྱིས་གནས་འདི་ནས་རང་ཉིད་ཀྱིས་སྒྲུབ་པའི་དོན་དག་ཕྲན་བུ་རེ་ཕྱིར་དྲན་བྱེད་སྐབས་སེམས་ལ་སྤྲོ་བ་དང་བརྩེ་སེམས་ཀྱིས་ཁེངས་ཡོད་ལ། སྨྲར་དག་པའི་མཚོ་སྔོན་གྱི་ཡུལ་སྐད་བཤད་བཞིན་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་དྲན་བྱས།

སྐབས་ཐོག་དེར་ཁོ་མོའི་ཁྱོ་ག་སྐྱེལ་འདྲེན་ཀུང་ཟིའི་ཁ་ལོ་བ་བྱེད་ཀྱིན་ཡོད་ལ། ཟླ་རེར་གླ་ཕོགས་སྒོར་ཉེར་ལྔ་ཡོད་པ་རེད། ཁོ་མོ་ནི་སྡོད་ཁུལ་དེའི་ནང་གི་ཡི་གེ་ཤེས་མཁན་གཅིག་པུ་ཡིན་པས། སྔོན་ཆད་ཀྱི་མཚོ་སྔོན་ཞིང་ཆེན་རླངས་འཁོར་བཟོ་གྲྭ་དང་པོའི་ཨུ་ཡོན་ལྷན་ཁང་དུ་ལས་བགོས་བྱས་པ་དང་། སྡོད་ཁུལ་གྱི་སྡོད་དམངས་ལ་ཞབས་ཞུ་བྱེད་པའི་འོས་འགན་འཁུར། བསམ་བློ་སྔོན་ཐོན་ཡིན་ལ་བྱ་བའི་བརྩོན་སེམས་ཆེ་བ། དེའི་ཁར་རྩ་འཛུགས་ཀྱི་མཐུན་སྦྱོར་ནུས་པ་ངེས་ཅན་ལྡན་པས། ལོ་གཉིས་པར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཞིག་ཏུ་གྱུར་བ་དང་། དེའི་རྗེས་སུ་ཟི་ལིང་ནན་ཀོན་སྲང་ལམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར།

་ཁོ་མོ་ནི་ཨུ་རུ་སུའི་སྡོད་དམངས་ཞིག་ཡིན་མོད། འོན་ཀྱང་ཏང་ནང་དུ་ཞུགས་རྒྱུ་ནི་ཁོ་མོའི་ཆུང་དུས་ཀྱི་སེམས་འདུན་ཡིན་ལ། ཏང་ནང་ཞུགས་ཐུབ་པ་ནི་ཡར་ཐོན་ཞིག་ཡིན་པར་མ་ཟད།ཁོ་མོའི་མི་ཚེའི་འདིའི་གཟི་བརྗིད་ཆེན་པོ་ཞིག་ཡིན། ད་ལྟ་ཁོ་མོར་ལོ་ཆེ་རུང་ཏང་གི་རྗེས་སུ་བསྒྲེངས་རྒྱུའི་ཆོད་སེམས་བརྟན་པོ་དེ་ནམ་ཡང་འགྱུར་མི་སྲིད།  ཏང་ནང་ཞུགས་པའི་དོན་དག་དེ་གླེང་ཚེ། ཨ་ཡེ་རྒན་མོ་སུང་ཀོས་ཡུན་གྱི་གདོང་ལ་ང་རྒྱལ་གྱིས་ཁེངས་འདུག

དེ་དུས་ང་ཚོ་རྒྱལ་ཁབ་ད་དུང་བཅོས་བསྒྱུར་སྒོ་འབྱེད་བྱས་མེད་པས། ཟི་ལིང་གྲོང་ཁྱེར་དུ་ཕལ་ཆེར་ཁང་ལེབ་དང་ས་ཁང་། སྡོང་བོ་འགའ་རེ་མ་གཏོགས་མེད་ལ། ཟི་ལིང་གྲོང་ཁྱེར་ཡོངས་ལ་བསྐོར་བ་ཞིག་བྱེད་ནའང་ཉིན་ཕྱེད་ཙམ་མ་གཏོགས་མི་དགོས་པ་རེད།  སྐབས་དེར་སུང་ཀོས་ཡུན་གྱིས་ཁང་ལེབ་གྱན་གཅིག་དང་ཅོག་ཙེ་གཅིག་ལས་མེད་པའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དུ་བགྲེས་མོ་འགའ་དང་མཉམ་དུ་དམངས་སྲིད་རོགས་སྐྱོར་དང་བདེ་འཇགས།  བུད་མེད་དང་བྱིས་པ། འདུམ་འགྲིག་སོགས་ཐད་ཀྱི་བྱ་བར་དོ་དམ་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་བདག་མེད་ལོ་ལོན་ལ་ལྟ་སྐྱོང་དང་། དགུན་ཁར་མེ་ཐབ་འཛུགས་པ། དབྱར་ཁར་ཐིགས་ཆུ་འགོག་པ།  སྤྱོད་ཁང་གཙང་སྦྲ་བྱེད་པ་སོགས་ལས་ཀ་མཐའ་དག་གི་འགན་འཁུར་གྱིན་ཡོད།

1998ལོར། ཨ་ཡེ་རྒན་མོ་སུང་ཀོས་ཡུན་དངོས་སུ་ལས་འཁྱུར་ངལ་གསོ་བྱས་པ་དང་། ཁོ་མོའི་ཟླ་ཕོགས་ཀྱང་སྒོར་བརྒྱ་དང་ལྔ་བཅུར་འཕར། སྡོད་ཁུལ་གྱི་བྱ་བའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། སུང་ཀོས་ཡུན་གྱིས་ཁོ་མོས་མི་ཚེ་ཕྱེད་ཀར་འབད་འཐབ་བྱས་པའི་སྡོད་དམངས་ཨུ་ཡོན་ལྷན་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་བྱུང་། མངོན་གསལ་དུ་ལས་མི་བསྡུ་ལེན་བྱས་པ་བརྒྱུད། སྡོད་དམངས་ཨུ་ཡོན་ལྷན་ཁང་དུ་བསླབ་གནས་མཐོ་བའི་ན་གཞོན་སྐོར་ཞིག་ཐོན་པ་དང་། ཁོ་ཚོའི་བྱ་བ་སྒྲུབ་པའི་བྱེད་ཐབས་བཟང་ཞིང་སེམས་ཤུགས་ཆེ་བ་རེད། ཉིན་རེར་ནན་ཀོན་སྲང་ལམ་སྡོད་ཁུལ་བརྒྱུད་ནས་འགྲོ་དུས།  བརྩོན་སེམས་ཀྱིས་ཁེངས་བའི་ན་གཞོན་དེ་དག་མཐོང་ཚེ། སུང་ཀོས་ཡུན་གྱིས་རང་ཉིད་ཆུང་དུས་ཀྱི་རྣམ་པ་དེ་དྲན་འོང་། ད་ལྟ་སྡོད་ཁུལ་གྱི་ལས་བྱེད་མི་སྣའི་ཐོབ་ཐང་ཇེ་མཐོར་སོང་ཞིང་བྱ་བ་སྒྲུབ་པའི་སེམས་ཤུགས་དེ་བས་ཀྱང་ཆེ་བ་རེད།

སྡོད་ཁུལ་གྱི་བྱ་བ་སྒྲུབ་སྟངས་དེ་སྔོན་ཆད་ཀྱི་ང་ཚོའི་སྒྲུབ་སྟངས་དང་གཏན་ནས་མི་འདྲ་བ་རེད་ཅེས་སུང་ཀོས་ཡུན་གྱིས་དགོད་ཞོར་དུ་དེ་ལྟར་བཤད་བྱུང་།

མ་གཞིར་ཁོ་མོས་བཤད་པ་ནི་ནན་ཀོན་སྲང་ལམ་སྡོད་ཁུལ་གྱི་དེང་རབས་ཅན་གྱི་གཞུང་སྒྲུབ་སྒྲིག་ཆས་དང་བྱ་བ་སྒྲུབ་སྟངས་དེ་རེད། ད་ལྟ་སྡོད་དམངས་རྣམས་བྱ་བ་སྒྲུབ་པར་ཕྱོགས་ཡར་མར་ལ་འགྲོ་མི་དགོས་པས། རང་གནས་སུ་བསྡད་ནས་གློག་ཀླད་ལ་བརྟེན་ནས་ཉིན་རྒྱུན་གྱི་བྱ་བ་སྣ་ཚོགས་སྒྲུབ་ཆོག  ནང་སྒོས་སུ་མཁར་དཀྱིལ་ཆུས་གྲོང་ཁྱེར་གཞི་རིམ་གྱི་བདེ་སྐྱིད་ཀྱི་ཏང་འཛུགས་མནའ་འབྲེལ་བཙུགས་པའི་ཚུན་ལ། ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་སྣ་ཚོགས་དང་ཏང་ཡོན་མང་ཚོགས་ཚང་མ་གྲོང་ཁྱེར་གཞི་རིམ་ཞབས་ཞུའི་ཁྲོད་ཞུགས་ནས། ཏང་གི་སློབ་ཁྲིད་བྱེད་པ་དང་ཏང་གི་སྲིད་ཇུས་ཁྲིད་པ། བྱ་འགུལ་སྤེལ་བ། ཞབས་ཞུ་སྒྲུབ་པ་བཅས་བྱས་པས། སྡོད་ཁུལ་སྡོད་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་ཡིན་པ་དང་། གཞི་རིམ་གྱི་ཁོར་ཡུག་བཅོས་སྐྱོང་ལེགས་པོ་དེར་སྡོད་དམངས་ཚོས་མཐེ་བོང་བསྒྲེངས་ནས་བསྟོད་བསྔགས་བྱེད་ཀྱིན་ཡོད། སུང་ཀོས་ཡུན་གྱིས་བཤད་རྒྱུར།  སྡོད་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཆ་རྐྱེན་ལ་འགྱུར་ལྡོག་ཅི་འདྲ་ཆེན་པོ་བྱུང་རུང་། ནམ་ཡང་འགྱུར་བ་མེད་པ་ནི་གུང་ཁྲན་ཏང་གིས་ཡུལ་མི་ཚོར་ཞབས་ཞུ་སྒྲུབ་པའི་ལྷག་བསམ་དེ་ཡིན་ལ། ལྷག་བསམ་འདི་ནམ་ཡང་འགྱུར་མི་སྲིད་ཟེར།

ཁོ་མོ་ཨུ་རུ་སུ་ནས་སྐྱེས་རུང་། ཀྲུང་གོ་ནས་འཚར་ལོངས་དང་ཀྲུང་གོ་ནས་གཞིས་ཆགས་ལས་གཉེར་བྱས་པ་ཡིན་པས། ཡུལ་འདི་ནི་མོའི་མེས་རྒྱལ་དང་འདྲ་ལ། མོ་ནི་ཆེས་སྤྱིར་བཏང་གི་ཀྲུང་གོའི་མི་སེར་ཅིག་ཡིན། མོ་ལ་མཐོང་རྒྱ་དེ་འདྲ་ཆེན་པོ་མེད་རུང་། ལོ་འདི་འགའི་མཁར་དཀྱིལ་ཆུས་དང་ཟི་ལིང་གྲོང་ཁྱེར། ང་ཚོའི་རྒྱལ་ཁབ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་དངོས་སུ་མཐོང་བྱུང་ཅེས་ཨ་ཡེ་རྒན་མོ་སུང་ཀོས་ཡུན་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

སུང་ཀོས་ཡུན་གྱིས་བཤད་རྒྱུར། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་དུ་མའི་རིང་ལ། མཚོ་སྔོན་ལ་དངོས་གནས་འཕོ་འགྱུར་ཆེན་པོ་བྱུང་ཡོད། སྔོན་ཆད་ཟི་ལིང་གི་མཁར་རྙིང་མཐོང་སྐབས། ད་ལྟའི་འདི་འདྲའི་རྣམ་པ་ཞིག་ཏུ་འགྱུར་ལྡོག་འབྱུང་བར་བློ་ཡུལ་དུའང་ཤར་མ་མྱོང་། ད་ལྟ་མི་རྣམས་ཀྱི་ཡོང་སྒོ་ཇེ་མཐོ་ནས་ཇེ་མཐོ་ཡིན་པ་དང་།  ཁ་རྒྱབ་དང་སྡོད་ཁང་བཅས་ཀྱི་ཆ་རྐྱེན་སྔར་ལས་ཇེ་བཟང་ཡིན་པ་རེད་ཟེར།

 ལོ་ཙཱ་བ།སྒྲོལ་མ་སྐྱིད།