《རླབས་ཆེན་གྱི་མཆོང་སྐྱོད། བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་ངོ་60》ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོའི་ཁག་དགུ་བ།
2019.04.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

 དགུ མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཉམ་དུ་བོད་ལྗོངས་ས་མཐོ་གསར་སྤེལ་དང་མཉམ་དུ་ བོད་ལྗོངས་ཀྱི་ལོ་རྒྱུས་བཏོད་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་བུར་བསྐྱོད་པ་དང་། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་སོ་སོ་མཉམ་དུ་དར་རྒྱས་བཅས་གཞི་རྩའི་ནང་དོན་དུ་བྱས་པའི་མི་རིགས་སྲིད་ཇུས་གཏན་འཁེལ་བྱས་པ་དང་འབྲེལ་ལག་བསྟར་ཡང་བྱས་ཡོད།

ལོ60ཡི་རིང་བོད་ལྗོངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་སོ་སོའི་དབར་བརྗེ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་ཞིག་བཙུགས་ཡོད། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ལས་རྣམ་པར་རྒྱལ་ཡོད།

ལོ60ཡི་རིང་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སེམས་ཤུགས་ཆེན་པོ་བཏོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 1959ལོ་ནས1965ལོའི་བར་རྒྱལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ས་གནས་ནོར་སྲིད་ལ་ཁ་གསབ་བྱེད་ཚད་མུ་མཐུད་དུ་ཇེ་མཐོར་བཏང་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་ཟིན་ཡོད། 1963ལོ་དང1964ལོར་རྒྱལ་ཁབ་ཀྱིས་སྒོར་ས་ཡ་གཅིག་འབུམ་བཞི་བཏང་ནས་རོང་འབྲོག་པ་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་ཐད་བཀོལ་ནས་འབྲོག་ཁྱིམ་སྟོང་གསུམ་ལྷག་ལ་རང་ཉིད་ལ་དབང་བའི་ནོར་ལུག་ཡོད་པར་གྱུར། རྒྱལ་ཁབ་ཀྱིས་ད་དུང་ཆེད་དངུལ་བཏང་ནས་གཙོ་གནད་ལས་གཞི་ཁག་གཅིག་བསྐྲུན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།1959ལོ་ནས1964ལོའི་བར་རྒྱལ་ཁབ་ཀྱིས་སྐྱེད་མེད་དང་སྐྱེད་ཀ་དམའ་བའི་ཞིང་ཕྱུགས་ལས་ཀྱི་དངུལ་བུན་བསྡོམས་པས་སྒོར་ས་ཡ་བརྒྱད་འབུམ་བཞི་ཁྲི་བདུན་བཏང་བའི་ནང་ས་བོན་དང་བཟའ་འབྲུ་སྤྱི་རྒྱ་བྱེ་བ་གཉིས་ལྷག་དང་། རྨོན་མཛོ་ཁྲི་གཅིག་སྟོང་བརྒྱད་ལྷག ལུག་ཁྲི་གཅིག་སྟོང་གསུམ་ལྷག ཕྱུགས་རིགས་གཞན་དག་སྟོང་གསུམ་ལྔ་བརྒྱ་ལྷག  ཞིང་ལས་ཡོ་བྱད་འབུམ་གཅིག་ལྷག ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཡོ་བྱད་བཟོ་བའི་ངར་ལྕགས་རྒྱུ་ཆ་ཏུན95བཅས་ཚུད་ཡོད།

བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། བཅོས་བསྒྱུར། འཕེལ་རྒྱས་བཅས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཁག་ཏུ་ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་བོད་ལྗོངས་ལ་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་དང་རྩ་འཛུགས་རྒྱ་ཆེར་བྱས་པས་ཕན་ཚུན་རོགས་རེས་དང་མཉམ་དུ་དར་རྒྱས་གོང་འཕེལ་བྱུང་ཡོད། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་པར་ཞིན་ཅང་གི་འབྲུ་རིགས་དང་། ཧྥུའུ་ཅན་གྱི་ཇ་ལོ། སི་ཁྲོན་གྱི་རྒྱུད་བཟང་ཕྱུགས་ཟོག ཧྲང་ཧའེ་ཡི་བལ་ཕྱར་ སོགས་ཚུད་པའི་རྒྱལ་ཡོངས་ས་གནས་ཁག་གི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་སྣ་ཚོགས་ཀྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། མི་རིགས་ཁག་དབར་བརྩེ་དུང་ཟབ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད། 1966ལོར་ཧོ་པེའི་ཞིན་ཐའེ་རུ་ས་ཡོམ་བྱུང་རྗེས་བོད་ལྗོངས་ཀྱི་འབྲོག་པ60ལྷག་ལས་གྲུབ་པའི་རྟ་སྐྱེལ་རུ་ཁག་གིས་ཉིན26རིང་ལམ་ཚད་སྤྱི་ལེ་སྟོང་ལྔ་ལྔ་བརྒྱ་ ལྷག་བསྐྱོད་མཐར་རྟ240ལྷག་ཞིན་ཐའེ་རུ་བསྐྱལ་བ་རེད། ལོ30ལྷག་སོང་རྗེས་མི28ལས་གྲུབ་པའི་འཐུས་མི་ཚོགས་པ་ཞིག་གིས་ཞིན་ཐའེ་རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར60ལྷ་སར་བསྐྱལ་ནས་དེ་སྔ་བོད་རིགས་སྤུན་ཟླས་རྟ་བསྐྱལ་བའི་དྲིན་ལན་འཇལ་ཡོད། 1985ལོ་དང་། 1990ལོ། 1997ལོ་བཅས་སུ་བོད་ལྗོངས་ནག་ཆུར་གངས་སྐྱོན་ཆེན་པོ་བྱུང་སྐབས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་རོགས་སྐྱོར་བྱས་ཏེ་དུས་ཐོག་ཏུ་འབྲུ་རིགས་དང་སྲིང་བལ་གྱི་གྱོན་གོས་དང་མལ་ཆས་སོགས་བསྐྱལ་ཡོད། 2008ལོར་སི་ཁྲོན་ཝུན་ཁྲོན་དུ་སྔར་བྱུང་མྱོང་མེད་པའི་ས་ཡོམ་ཆེན་པོ་བྱུང་རྗེས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མ་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་ནས་གནོད་ཐེབས་ས་ཁུལ་ལ་གཅེས་སེམས་མཚོན་པར་བྱས་ཡོད། ཕན་ཚུན་རོགས་སྐྱོར་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་དེ་རིགས་གྲངས་ལས་འདས་པ་ཞིག་ཡོད།

བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས1980ལོ་དང་། 1984ལོ། 1994ལོ། 2001ལོ། 2010ལོ། 2015ལོ་བཅས་ལ་སྔ་རྗེས་སུ་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས་བོད་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་དབུལ་བཅོས་ཕྱུག་འགྱུར་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཡོད། བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་རྗེས“གཙོ་བོ་གཉིས”(ཁྱིམ་ཚང་གཉེར་སྐྱོང་གཙོ་བོ་དང་ཁྲོམ་རའི་སྙོམས་སྒྲིག་གཙོ་བོ)དང“ཡུན་རིང་མི་འགྱུར་བ་གཉིས”(འབྲོག་ཁུལ་དུ“ཕྱུགས་ཟོག་དུད་ཚང་ལ་དབང་བ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”དང་ཞིང་ཁུལ་དུ“ས་ཞིང་སྤྱོད་དབང་དུད་ཚང་ལ་དབང་བ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”)ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད། བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ་པ་དེ་དག་ནོར་སྲིད་ཁྲལ་བསྡུ་དང་། མ་འཇོག་དང་མ་རྩ་བསྡུ་སྒྲིལ། དངུལ་རྩ། རིན་གོང་ཁ་གསབ། ཕྱི་ཕྱོགས་ཚོང་དོན། སྤྱི་ཚོགས་འགན་སྲུང་། ཞིང་ལས་དང་གྲོང་གསེབ། ཁེ་ལས་བཅོས་བསྒྱུར་སོགས་ཕྱོགས་ཁག་མང་པོ་དང་འབྲེལ་ཡོད། 2005ལོར་བོད་རང་སྐྱོང་ལྗོངས་ཀྱིས“རྩྭ་ར་སྤྱི་ལ་དབང་བ་དང་། ཁྱིམ་ཚང་ལ་འགན་གཙང་སྤྲོད་བྱེད་པ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ”བཅས་ཀྱི་ཐེངས་གསུམ་པའི“ཡུན་རིང་མི་འགྱུར་བའི”སྲིད་ཇུས་ལག་བསྟར་བྱས་ཡོད།

དུས་རབས་གསར་པར་སླེབས་རྗེས་ཀྲུང་དབྱང་གིས་འཕེལ་རྒྱས་གནས་བབ་ཀྱི་འགྱུར་ལྡོག་དང་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《བོད་ལྗོངས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་བོད་ལྗོངས་ཀྱི་བརྟན་འཇགས་སྲུང་སྐྱོབ་ཀྱི་གཟིགས་སྐྱོང་སྲིད་ཇུས་འགའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དེར་གཟིགས་སྐྱོང་སྲིད་ཇུས་ཁག40ཡོད། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་དང་རྣམ་གྲངས་གལ་ཆེན་འགའ་ཞིག་སྐོར་གྱི་བསམ་འཆར》བཏོན་པས་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ནོར་སྲིད་ལ་རྒྱབ་སྐྱོར་བྱེད་པར་མཚོན་ན། བསྡོམས་རྩིས་བྱས་པར་གཞིགས་ན། 1980ལོ་ནས2018ལོའི་བར་ཀྲུང་དབྱང་གིས་བོད་ཀྱི་ནོར་སྲིད་ལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་དོན་བདུན་ལྷག་ཁ་གསབ་བྱས་པ་དེས་བོད་ལྗོངས་ཀྱི་ས་གནས་ནོར་སྲིད་ཀྱི་གཏོང་སྒོའི་བསྡོམས་གྲངས་ཀྱི91%བཟུང་ཡོད།

ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཁེ་ལས་ཆེ་འབྲིང་ཁག་གིས་དུས་རབས20པའི་ལོ་རབས60པ་ནས་བཟུང་རོགས་སྐྱོར་བྱེད་མགོ་ཚུགས་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་དར་རྒྱས་ཆེ་བའི་ཞིང་ཆེན(གྲོང་ཁྱེར)གྱིས་བོད་ལྗོངས་ལ་ཟམ་མི་ཆད་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། 1994ལོར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག “རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི”བྱེད་ཕྱོགས་དང “ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཐབས་གཏན་འཁེལ་བྱས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད། ད་ལྟའི་བར་དུ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ཁག་གིས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་བསྡོམས་པས་ཁྲི་གཅིག་སྟོང་བརྒྱད་ལྷག་རྩ་འཛུགས་བྱས་ནས་བོད་སྐྱོར་ལས་དོན་སྤེལ་ཡོད། 2015ལོ་ཚུན་དུ། རྒྱལ་ཡོངས་ཀྱི་སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཁ་གཏད་རོགས་སྐྱོར་ཚན་པས་རིམ་རྩིས་བྱས་ན་བོད་སྐྱོར་ལས་གཞི་ཁྲི་གཅིག་ལྷག་ལག་བསྟར་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་བརྒྱ་ལྷག་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་ཕྱིན་པ་དང་སྦྲགས། བོད་ལྗོངས་ཀྱི་མི་དམངས་དང་རྒྱལ་ཡོངས་མི་དམངས་དབར་གྱི་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་ཕྱིན་པ་དང་། བར་སྟོང་ཁྱབ་ཚུལ་ཐད་ཕན་ཚུན་འབྲེལ་བ་ཟབ་པ་དང་བརྩེ་སེམས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། ཤེས་ལྡན་པ་སྔར་ལས་མང་པོ་ཞིག་རྒྱལ་ཡོངས་ས་ཕྱོགས་ཁག་ནས་བོད་ལྗོངས་སུ་ཡོང་སྟེ་སྔོན་ཐོན་གྱི་འདུ་ཤེས་དང་ལག་རྩལ་ཁྱབ་གདལ་བཏང་བས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་ཐོབ་ཡོད། བོད་རིགས་དེ་བས་མང་པོ་ཞིག་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། པེ་ཅིན། ཀོང་ཀྲོའུ། ཧྲང་ཧའེ་སོགས་སུ་ཚོང་གཉེར་དང་ཁེ་ལས་གཉེར་བར་བསྐྱོད་ཡོད། མི་རིགས་མི་འདྲ་བའི་དབར་རང་མོས་འགྲོ་འོང་དང་ཕན་ཚུན་གཉེན་སྒྲིག་བྱེད་པ་རྒྱུན་གཏན་དུ་གྱུར་པ་དང་། དེང་གི་བོད་ལྗོངས་སུ་མི་རིགས་མི་འདྲ་བ་ལས་གྲུབ་པའི་བདེ་སྐྱིད་ཀྱི་ཁྱིམ་ཚང་གང་སར་མཐོང་རྒྱུ་ཡོད། ལྷ་སའི་བར་སྐོར་ཁྲོམ་གཞུང་གི་ཉེ་འགྲམ་དུ་སྒོ་ར་ཆེན་པོ་ཞིག་ཡོད་པའི་ནང་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་སོགས་མི་རིགས་མི་འདྲ་བའི་ཁྱིམ་ཚང20ལྷག་མཉམ་དུ་བསྡད་ཡོད་ལ་ཁོང་ཚོ་ཁྱིམ་ཚང་གཅིག་ལྟར་བརྩེ།

རྩོམ་སྒྱུར་པ། སྒྲོལ་མ་སྐྱིད།