བརྒྱད། ཆོས་དད་རང་མོས་ལ་འགན་སྲུང་བྱས་པ།
རང་རྒྱལ་གྱི་རྩ་ཁྲིམས་ནང་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་གང་རུང་གིས་བཙན་ཤེད་ངང་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ཆོས་ལ་དད་པ་བྱེད་དུ་མི་འཇུག་པ་དང་ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། བོད་ལྗོངས་སུ་བོད་བརྒྱུད་ནང་བསྟན་དང་། བོན་ཆོས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས་སོགས་ཆོས་ལུགས་སྣ་ཚོགས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཁྲོད་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་གྲུབ་མཐའ་མི་འདྲ་བ་ཡོད། དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད་བོད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པར་བཟོས་ནས་ཆོས་སྲིད་ལོགས་སུ་དབྱེ་སྟེ་ཆོས་ལུགས་ཀྱི་ཐོག་མའི་ངོ་བོ་སླར་གསོ་བྱས་ཡོད་པ་དང་། མི་རིགས་ཁག་གི་ཆོས་དད་རང་མོས་ཀྱི་དབང་ཆར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་དང་། ཆོས་ལུགས་སྣ་ཚོགས་དང་གྲུབ་མཐའ་ཁག་ཚང་མར་འདྲ་མཉམ་གྱི་བརྩི་བཀུར་དང་སྲུང་སྐྱོབ་ཐོབ་ནས་དོན་དངོས་ཐོག་ཆོས་ལུགས་འཆམ་མཐུན་བྱུང་ཡོད།
ཆོས་ལུགས་ཀྱི་བྱེད་སྒོ་རྒྱུན་ལྡན་ངང་སྤེལ་བཞིན་པ།
མིག་སྔར་བོད་ལྗོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་ས་སྟོང་གཅིག་དང་བདུན་བརྒྱ་གྱ་བདུན་ཡོད་པ་དང་དགོན་པར་སྡོད་པའི་གྲྭ་བཙུན་ཁྲི་བཞི་སྟོང་དྲུག་ལྷག་དང་སྤྲུལ་སྐུ་སུམ་བརྒྱ་དང་ང་བརྒྱད་ཡོད། དབྱི་སི་ལན་གྱི་ཕྱག་ཁང་བཞི་ཡོད་པ་དང་། དབྱི་སི་ལན་གྱི་ཆོས་དད་མང་ཚོགས་ཁྲི་གཅིག་དང་སྟོང་གཉིས་ཙམ་ཡོད། གནམ་བདག་ཆོས་ཁང་གཅིག་ཡོད་པ་དང་དད་ལྡན་པ་བདུན་བརྒྱ་ལྷག་ཙམ་ཡོད། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་ཚང་མས་རང་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་གྱིན་ཡོད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེར་དཔེ་ཆ་སྦྱོང་བ་དང་། རྟགས་གསལ་གཏོང་བ། མཚན་གནས་སྤོར་བ། སྡོམ་པ་སྲུང་བ། དབང་བསྐུར་བ། ཆོས་འདོན་པ། ཐོས་བསམ་སྒོམ་གསུམ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་ལྡན་བཞིན་སྤེལ་གྱིན་ཡོད་པ་དང་། ལོ་རེར་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ཁག་སྤེལ་གྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོ་གསེར་ཁྲིར་མངའ་གསོལ་ནས་ལོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་དུས་འཁོར་དབང་ཆེན་སོགས་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱང་སྤེལ་བཞིན་ཡོད། དད་ལྡན་མང་ཚོགས་ཀྱི་ཁྱིམ་དུ་ཆོས་ཁང་དང་མཆོད་གཤོམ་ཡོད་པ་དང་། སྐོར་བར་འགྲོ་བ་དང་གནས་མཇལ། དགོན་པའི་གྲྭ་བཙུན་གདན་དྲངས་ནས་རིམ་གྲོ་སྒྲུབ་པ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་རྒྱུན་ལྡན་ངང་སྤེལ་བཞིན་ཡོད་ཅིང་། བོད་ཡིག་གི་བཀའ་བསྟན་འགྱུར་ཞུས་དག་དཔེ་སྐྲུན་བྱས་ནས《བཀའ་འགྱུར》དགོན་སྡེ་ཁག་ལ་སྤྲད་དེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སློབ་གཉེར་གྱི་དགོས་མཁོ་བསྐངས་ཡོད།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བྱ་བ་གོ་རིམ་ལྡན་པའི་ངང་རྒྱུན་འཛིན་བྱས་པ།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་དེ་ནི་བོད་བརྒྱུད་ནང་བསྟན་ཁོ་ནར་ལྡན་པའི་དད་མོས་དང་རྒྱུན་འཛིན་བྱ་ཐབས་ཤིག་ཡིན་པ་དང་། དེ་ལ་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་བརྩི་བཀུར་ཐོབ་ཡོད། 2007ལོར་རྒྱལ་ཁབ་ཀྱིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་སྔར་བས་ཚད་ལྡན་དུ་བཏང་། 1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུའུ་ཡིས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་ཡང་སྲིད་ངོས་འཛིན་ལ་ཆོག་མཆན་གནང་བ་དང་། 1995ལོར་ཀྲུང་གོས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་གཞིགས་ཏེ་གསེར་བུམ་དཀྲུགས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྒྱུར་ཕུལ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བཙལ་བ་དང་ངོས་འཛིན་བྱས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་འཇའ་ས་གནང་བ་དང་གསེར་ཁྲིར་མངའ་གསོལ། 2000ལོར་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་ནས་རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་གསེར་ཁྲིར་མངའ་གསོལ་གནང་བ་དང་། 2010ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་རྒྱུར་ཕུལ་བ་དང་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་པ་བརྒྱུད་སྡེ་དྲུག་སྐུ་ཕྲེང་དྲུག་པའི་སྤྲུལ་སྐུ་ངོས་འཛིན་དང་གསེར་ཁྲིར་མངའ་གསོལ་གནང་ཡོད། 2018ལོའི་བར་སྤྲུལ་སྐུའི་ཡང་སྲིད་གསར་པ་དགུ་བཅུ་གོ་གཅིག་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་ཏེ་ཆོག་མཆན་གནང་ནས་ངོས་འཛིན་ཞུས་ཡོད།
ཆོས་ལུགས་མི་སྣ་གསོ་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ།
བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པས་དཔེ་ཆ་སྦྱོང་བའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་བར་བཏང་ཡོད། བོད་རང་སྐྱོང་ལྗོངས་ཀྱིས《བོད་བརྒྱུད་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་ཡག་པོ་གཉེར་རྒྱུའི་བསམ་འཆར》དང《བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཚན་གནས་སྤྲོད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་པེ་ཅིན་དང་ལྷ་སར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་ནང་བསྟན་སློབ་གླིང་བཙུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཆོས་ལུགས་མི་སྣའི་གསོ་སྐྱོང་རྟེན་གཞིར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་དོན་མི་སྣ་བསྡུས་ནས་གསོ་སྐྱོང་བྱས་པ་དང་། 2011ལོའི་ཟླ11པར་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བཏང་ནས་བསྐྲུན་པའི་བོད་རང་སྐྱོང་ལྗོངས་ནང་བསྟན་སློབ་གླིང་དངོས་སུ་སློབ་མགོ་ཚུགས། 2005ལོ་ནས་བཟུང་ལོ་ལྟར་པེ་ཅིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཚན་གནས་སྤྲོད་པའི་ཡིག་རྒྱུགས་དང་མཚན་གནས་དམ་བཅའ་འཇོག་པའི་མཛད་སྒོ་གཉེར་བ་དང་། གཙུག་ལག་ཁང་དང་ལྷ་སའི་གདན་ས་ཆེན་པོ་གསུམ་ལ་དགེ་བཤེས“ལྷ་རམས་པའི”མཚན་གནས་སྤྲོད་པའི་རྒྱུགས་གཏོང་གིན་ཡོད། 2018ལོའི་བར་བོད་རང་སྐྱོང་ལྗོངས་སུ་དཔེ་སྦྱོང་དགེ་འདུན་པ་བརྒྱ་དང་བཅུ་བདུན་ལ་དགེ་བཤེས“ལྷ་རམས་པའི”མཚན་གནས་གནང་བ་དང་དགེ་འདུན་པ་རེ་བརྒྱད་ལ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི“མཐོ་རམས་པའི”མཚན་གནས་གནང་ཡོད།
དགོན་སྡེ་དང་དགེ་འདུན་པའི་དབང་ཆར་འགན་སྲུང་བྱས་པ།
དགོན་སྡེ་ཉམས་གསོ་དང་སྲུང་སྐྱོབ་བྱས། དུས་རབས20པའི་ལོ་རབས80པ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར14ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱས། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་མ་དངུལ་ངེས་ཅན་ཞིག་རིག་དངོས་སྲུང་སྐྱོབ་ཚན་པ་མིན་པའི་དགོན་སྡེ་ཆུང་འབྲིང་གི་ཉམས་གསོ་དང་སྲུང་སྐྱོབ་ཐད་བཏང་བ་དང་། བོད་ཀྱི་དགོན་སྡེའི་སྲོལ་རྒྱུན་གྱི་པར་ཁང་སོར་འཇོག་དང་འཕེལ་རྒྱས་ཕྱིན་ཡོད། ད་ལྟ་ཕོ་བྲང་པོ་ཏ་ལའི་པར་ཁང་སོགས་སྲོལ་རྒྱུན་གྱི་པར་ཁང་དྲུག་ཅུ་ཡོད་པ་དང་ལོ་རེར་དཔེ་ཆ་པོ་ཏི་ཁྲི་དྲུག་ལྷག་པར་རྒྱག་གིན་ཡོད། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་སྲུང་མ་ལག་ནང་བཅུག་ནས་སྨན་བཅོས་འགན་སྲུང་དང་། རྒན་གསོ་འགན་སྲུང་། མ་མཐའི་འཚོ་བའི་འགན་སྲུང་། མི་ལུས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་བའི་འགན་སྲུང་བཅས་ཕྱོགས་ཡོངས་ལ་ཁྱབ་པ་དང་། ལོ་ལྟར་སྨན་རིན་མི་དགོས་པར་གྲྭ་བཙུན་གྱི་ལུས་པོར་བརྟག་དཔྱད་ཐེངས་གཅིག་བྱེད་པ་མ་ཟད། བདེ་ཐང་ཡིག་ཚགས་ཀྱང་བཟོས་པ་དང་། ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་ཤག་ཉམས་གསོ་བྱ་རྒྱུ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་འཆར་འགོད་ནང་བཞག་ཡོད།
ཆོས་ལུགས་ལས་དོན་དོ་དམ་ལ་གཞི་འཛིན་སའི་ཁྲིམས་ཡོད་པ།
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོབ་དང་། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་སྲུང་། ཆོས་ལུགས་ཚོགས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བཅས་བྱས་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་དགོན་སྡེའི་དམངས་གཙོའི་དོ་དམ་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་དོ་དམ་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ》སོགས་སྲིད་ཇུས་བྱེད་ཐབས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། 2017ལོར་རྒྱལ་ཁབ་ཀྱིས《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སློབ་གསོ་གསོ་སྦྱོང་དོ་དམ་དང་། བོད་བརྒྱུད་ནང་བསྟན་གྱི་མཚོན་བྱེད་མི་སྣའི་སློབ་གསོ་གསོ་སྐྱོང་དོ་དམ། ཆོས་ལུགས་བྱེད་སྒོའི་དོ་དམ། ཆོས་ལུགས་བྱེད་སྒོ་སྤེལ་ས་འཛུགས་སྐྲུན་དང་ཉམས་གསོའི་ཞིབ་མཆན་འགོད་པའི་དོ་དམ་ཚད་ལྡན་ཡོང་བ། བོད་བརྒྱུད་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་གི་དོ་དམ་སོགས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཚད་ལྡན་ཡིག་ཆ་མང་པོ་ཞིག་ཁྲིམས་ལྟར་བཏོན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྩེ་རིམ་ཇུས་འགོད་དེ་བས་འཐུས་ཚང་དང་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་བར་བཏང་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།