བཅུ། བོད་ལྗོངས་ཀྱི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ།
2012ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཐུགས་སུ་བཅངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྤྱིའི་བླང་བྱར་གཞིགས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་མཛད་ཕྱོགས་སྲིད་ཇུས་གཏན་འཁེལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་གནང་བ་དང་།“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། སྐུ་ངོ་མས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ་དུས་བབ་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཁག་གི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་ཁ་གསལ་གནང་བ། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་ལས་གཞི་འབོར་ཆེན་གཏན་འཁེལ་གནང་བ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་འཕྲིན་ཡིག་སྤྲིངས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་མགོ་ཚུགས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས་པ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཞང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་བ། ནག་ཆུར་ཚན་རིག་དང་མཐུན་པའི་ངང་ཤིང་འདེབས་པར་མཆན་བཀོད་མཛུབ་སྟོན་གནང་བ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་ལ་གཙོ་སྐྱོང་དང་ཞིབ་འཇུག་གནང་བ། བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ཀྱིས་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ཀྱི་བོད་ལྗོངས་ཀྱི་ལས་དོན་གྱི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་རྒྱུན་མཐུད་གནང་ཡོད་ལ། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།
དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཆེན་པོ་རྒྱས་ཡོད།
དུས་རབས་གསར་པར་བོད་ལྗོངས་ཀྱིས་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་གསོན་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ།
བོད་རང་སྐྱོང་ལྗོངས་ཀྱིས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོར་བརྩིས་པ་དང་། གསར་གཏོད་བྱེད་པ་འཕེལ་རྒྱས་སྤྱིའི་སྲོག་ཤིང་གི་གནས་བབ་ཏུ་བཞག་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་གཞུང་ཁོངས་ཁེ་ལས་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར། ནོར་ཁྲལ་སྒྲིག་སྲོལ། དངུལ་རྩའི་སྒྲིག་སྲོལ། རྒན་གསོ་འགན་བཅོལ་ལམ་ལུགས། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྲིད་གཞུང་གིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། ཁེ་ལས་གཙོ་བོར་བཟུང་བ་དང་། ཁྲོམ་ར་སྟོན་ཕྱོགས་སུ་བཟུང་བ། སྲིད་ཐོན་སློབ་ཞིབ་བཞི་ཟུང་འབྲེལ་བཅས་ཀྱི་ཚན་རྩལ་གསར་གཏོད་མ་ལག་ཅིག་གང་མགྱོགས་ཀྱིས་བསྐྲུན་ཁར། ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ཡོད། 2018ལོའི་བར། ལྗོངས་ཡོངས་སུ་ཀུན་གཏོད་བར་མཐོངས་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་རྟེན་གཞི། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་རྟེན་གཞི། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཉིས་གཏོད་རྟེན་གཞི་སོགས“གཉིས་གཏོད”(དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད)ཀྱི་གཞི་རྟེན་དོན་བཞི་བཙུགས་ནས་གསར་གཏོད་ལས་གཏོད་ཚོགས་པ་དང་གསར་འཛུགས་ཁེ་ལས་སྟོང་གཅིག་དང་སུམ་བརྒྱ་སོ་བརྒྱད་ཀྱི་ཡིད་དབང་བཀུག་ཡོད། ཚན་རྩལ་གསར་གཏོད་ཁེ་ལས་ཁག་གཅིག་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཏེ2018ལོར་ལྗོངས་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ལྔ་བ ཅུ་ལྷག་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་ང་གསུམ་འཕར་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དོན་ལྔ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་བརྒྱ་དང་ཞེ་གཉིས་འཕར་ཡོད། ནས་དང་། འབྲི་གཡག བོད་ལུགས་གསོ་རིག་སྨན་རྫས་སོགས་འདེགས་ནུས་ཆེ་བ་དང་ཕན་འབྲས་མངོན་གསལ་དོད་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་རབ་དང་རིམ་པ་སྐྱེད་སྲིང་བྱས་པ་ལས། ཁྱད་ལྡན་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་བྱུང་ནས་བོད་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་དང་གཏིང་ཤུགས་ཆེ་ཤོས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད། ལྷ་ས་དང་། གཞིས་ཀ་རྩེ། ནག་ཆུ། ཉིང་ཁྲི་བཅས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་བཞི་དང་ཉིང་ཁྲིའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ཁུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་སོང་ཡོད། རྒྱལ་ཁབ་རིམ་པའི“སྐར་གཏོད་ཞིང་ཁམས”བཅུ་གཉིས་ལས་རོང་འབྲོག་ཁུལ་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
དུས་རབས་གསར་པར་བོད་ལྗོངས་ཀྱིས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་བཏོད་པ།
མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་དབར་གྱི་འབྲེལ་བ་དང་། ལས་གཞི་གལ་ཆེན་དང་དམངས་གཙོའི་ལས་གཞི་དབར་གྱི་འབྲེལ་བ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་། སྟབས་བདེ་ས། རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པ། བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ། གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་ཕྱོགས་སུ་གཅིག་སྡུད་དང་ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་ལ་རྨང་གཞིའི་སྒྲིག་བཀོད་ལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་ཕྱོགས་སུ་གཅིག་སྡུད་བྱེད་པའི་དབར་གྱི་འབྲེལ་བ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ། གྲོང་ཁྱེར་གྱི་འཕེལ་རྒྱས་དང་རོང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱིས་རྩིས་ལེན་བྱེད་པའི་དབར་གྱི་འབྲེལ་བ། ཁེ་ལས་ཀྱི་ཐོན་འབབ་འཕར་བ་དང་ལས་ཆོད་ཆེ་རུ་གཏོང་བ་དང་། ལས་བཟོའི་ཐོབ་ཐང་ཇེ་ལེགས་སུ་གཏོང་བ། རོང་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ་སོགས་ཐག་གཅོད་ཡང་དག་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་དང་། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཡོད། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འཆར་གཞི་བཀོད་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་སྐྱེད་སྲིང་བྱས་ཤིང་། 2018ལོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་སྟོང་བརྒྱད་དང་སུམ་བརྒྱ་རེ་བཞི་ཟིན་པ་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཞེ་གཉིས་ཟིན་ཡོད། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་ཇེ་ལེགས་སུ་ཕྱིན་ནས་ཞིང་ལས་ཀྱི་གནོད་འཚེ་འགོག་རྒོལ་མ་ལག་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན་མ་ལག སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་མ་ལག་བཅས་གཞི་རྩའི་ཆ་ནས་གྲུབ་ཡོད། གྲོང་ཚོའི་རྣམ་པར་བཅོས་སྒྲིག་དང་གད་སྙིགས་དང་བཙོག་ཆུ་གཙང་སེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྲིད་འཛིན་གྲོང་ཚོར་འོད་སྐུད་ཁྱབ་ཚད་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་བསྡོམས་བྱས་པ་དང་། རྗེས་ལུས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ། ས་གནས་ཁག་གིས་ལེགས་ཆ་འདོན་སྤེལ་གང་ལེགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་སྐུལ་མ་བྱས་པ། ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་སྟོབས་སུ་བཏང་བ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་ཧུར་ཐག་བཏང་བ་སོགས་ལས་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཕར་གཞི་དང་འཕར་སྣེ་ལེགས་པར་བཏོད་པ་རེད། ལྷ་ས་དང་གཞིས་ཀ་རྩེའི“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིགས་གལ་ཆེན་དང་། ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་དང་མདུན་ཕྱོགས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་དང་བོད་དབུས་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་རིམ་བཞིན་ཆགས་ཡོད། བོད་ཤར་གྱི་འགྲིམ་འགྲུལ་དང་ནུས་རྒྱུ་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོབ་པ་དང་། བོད་ནུབ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ། བོད་ཤར་ལྷོའི་ཆུ་ཚོད་ཉེར་བཞི་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཚད་གཞི་བརྒྱ་ཆའི་སོ་གཅིག་ཟིན་ཡོད།
དུས་རབས་གསར་པར་བོད་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ནུས་ཤུགས་ཡོད་རྒུས་བསྐྲུན་པ།
བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱེད་པ་དང་། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྲུང་སྐྱོབ་སྔོན་དུ་འཇོག་པ་དང་འཛུགས་སྐྲུན་གལ་ཆེན་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་ནན་པོར་བསྲུངས་པ་དང་། སྦགས་བཙོག་ཆེ་བ་དང་། འབུད་ཚད་མཐོ་བ། ཟད་གྲོན་ཆེ་བ་བཅས་ཀྱི་ལས་གཞི་བོད་ལྗོངས་སུ་གཏན་འགོག་བྱས་པ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཐད་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”མཆན་འགོད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཁ་གསབ་ལམ་སྲོལ་ལག་བསྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གནས་འབུམ་བདུན་བཀོད་སྒྲིག་བྱས་པ་ལས་རྒྱ་ཆེའི་རོང་འབྲོག་པ་སྐྱེ་ཁམས་ལས་ཞུགས་དང་སྐྱེ་ཁམས་ཕྱུག་འགྱུར་གྱི་འགྲོ་ལམ་དུ་སྐྱོད་ཐུབ་ཡོད། གཙོ་གནད་སྐྱེ་ཁམས་བཟོ་འགོད་ལག་བསྟར་བྱས་ཤིང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་རིགས་སྣ་འཛོམས་པོ་དང་ཁྱབ་ཚུལ་ལུགས་མཐུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲ་བའི་མ་ལག་རགས་ཙམ་ཞིག་ཆགས་ཡོད། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ། ལྗང་མདོག་བཟོ་ལས་འཕེལ་རྒྱས་བཏང་བ་བཅས་ལས། 2018ལོར་རང་བྱུང་འཐུང་ཆུ་སོགས་ལྗང་མདོག་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ང་གསུམ་ཟིན་ནས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གསུམ་འཕར་ཡོད། ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་ལས2018ལོར་བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་བཅུ་ཆ་གསུམ་ཙམ་འཕར་བ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་གྲངས་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་ལྔ་འཕར་ཡོད། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ཏེ “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བརྟན་པོ་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་ཟིན་ཞིང་། ལྗོན་ཤིང་གསོག་ཚད་དང་། མི་རེའི་ཆ་སྙོམས་ཀྱི་ནགས་ཚལ་རྒྱ་ཁྱོན། མི་རེའི་ཆ་སྙོམས་ཀྱི་ནགས་ཚལ་གསོག་ཚད། མི་རེའི་ཆ་སྙོམས་ཀྱི་རང་བྱུང་ནགས་ཚལ་གསོག་ཚད། སྡོང་ཕྲན་ནགས་ཚལ་རྩིས་གཞིའི་རྒྱ་ཁྱོན་གསོག་ཚད་བཅས་དམིགས་ཚད་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། གཙང་པོ་དང་ཆུ་མགོའི་ཁུལ་དང་། རྩྭ་ཐང་། མཚོ་དང་མཚེའུ། བརླན་ས། རང་བྱུང་ནགས་ཚལ། ཆུའི་སྐྱེ་ཁམས། ས་གཤིས་རྗེས་ཤུལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱུང་སྟེ་བོད་ལྗོངས་ཀྱི་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་པ་བཅས་བྱུང་ཡོད། ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལས་མངོན་པར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་ས་མཐོའི་སྐྱེ་ཁམས་མ་ལག་སྣ་ཚོགས་ཀྱི་གྲུབ་ཆ་སྤྱིར་ན་བརྟན་པོ་བྱུང་བ་དང་། རླུང་། སྒྲ། ཆུ། ས་རྒྱུ། འགྱེད་འཕྲོ། དེ་བཞིན་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་རྒྱུན་འཁྱོངས་ཡག་པོ་ཐུབ་ཅིང་། ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་པ་དང་། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།
དུས་རབས་གསར་པར་བོད་ལྗོངས་ཀྱིས་སྒོ་འབྱེད་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གཉིས་ཁེ་གཉིས་ཕན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་པ།
བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོར་དམ་པོར་དམིགས་ཏེ། ཁོང་ཡངས་དང་། སྒོ་འབྱེད། མཉམ་ལས་བཅས་ཀྱི་སྲིད་ཇུས་མ་ལག་བཏོད་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་ཡོད། བོད་ལྗོངས་ནི་ཨ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་རེད།“རྒྱུད་གཅིག་ལམ་གཅིག”ལ་མཉམ་འདྲེས་ཧུར་ཐག་བྱས་ཏེ་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་ལ་ཞུགས་ཏེ་ཧི་མ་ལ་ཡའི་མཐའ་སྐོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་ལ་སྐུལ་འདེད་བཏང་ཡོད། ནེ་པ་ལ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལྕགས་ལམ་དང་གཞུང་ལམ་གྱི་བགྲོད་ལམ་ཧུར་ཐག་བསྐྲུན་པ་དང་། དུས་མཚུངས་སུ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ནེ་པ་ལའི་གངས་མི་མཁའ་འགྲུལ་ཀུང་སི་དང་མཉམ་དུ་མ་དངུལ་བཏང་ནས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་བཙུགས་ཏེ་མཁའ་དབྱིངས་ཀྱི་ཁྱམས་རིང་བཏོད་ཡོད། སྐྱིད་གྲོང་དང་སྤུ་ཧྲེང་སོགས་ཀྱི་འགག་སྒོ་མགྱོགས་པོ་བསྐྲུན་ཅིང་། འགྲམ་འགག་སྒོ་ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་།“ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སྐབས་བཅུ་དྲུག་པ་བདེ་བླག་ངང་འཚོགས་པ་དང་། སྐྱིད་གྲོང་རྒྱལ་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་དང་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་རིམ་ཁག་གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ཉིས་བརྒྱ་ལྔ་བཅུ་ལྷག་བྱུང་ཡོད། 2018ལོར་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་ཞེ་བརྒྱད་ཟིན་པ་དང་མཐའ་མཚམས་མི་སེར་གྱི་ཚོང་ཟོག་བརྗེ་ཚོང་གི་དངུལ་འབོར་ལྡབ་གཅིག་དང་གྲངས་ཆུང་བརྒྱད་འཕར་ཡོད། ཚོང་འགུགས་མ་འདྲེན་གྱི་ལས་གཞི་ལ་ཤུགས་སྣོན་བརྒྱབ་ཅིང་། 2018ལོར་ཚོང་འགུགས་མ་འདྲེན་གྱི་ལས་གཞི་སྟོང་གཅིག་བཞི་བརྒྱ་ལྔ་བཅུ་ལག་ལེན་བསྟར་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་དྲུག་བརྒྱ་སུམ་ཅུ་དང་བྱེ་བ་བརྒྱད་དམིགས་སར་འབྱོར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་བརྒྱད་འཕར་ཡོད། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས“གདན་འདྲེན་པ་དང་ཕྱིར་སྐྱོད་པར”སྐུལ་འདེད་བཏང་ཞིང་། ཡུལ་སྐོར་དང་། རིག་གནས། ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།“ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས”སྐབས་བཞི་པ་བདེ་བླག་ངང་གཉེར་བ་མ་ཟད། རྒྱལ་སྤྱིར་ཤུགས་རྐྱེན་ཆེ་བ་དང་། རྒྱལ་ཡོངས་སུ་ཁྱབ་འགྱེད་ཆེ་བ། ས་ཁོངས་ཀྱི་སྐུལ་ཁྲིད་འཇོན་ཐང་ཆེ་བ་བཅས་ཀྱི་ཕྱི་ཕྱོགས་འགྲོ་འོང་དང་། སྤེལ་རེས། མཉམ་ལས་བཅས་ཀྱི་བོད་ལྗོངས་ཀྱི་སྤུས་རྟགས་རྩེ་གྲས་ཞིག་ཏུ་བཏོད་ཡོད། ལྷ་སར“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”སྐབས་གཉིས་བདེ་བླག་ངང་གཉེར་བ་དང་། ཧི་མ་ལ་ཡའི་མཐའ་སྐོར་གྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གླེང་སྟེགས་དང་ཨ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་གླེང་སྟེགས་སྐབས་དང་པོ་བདེ་བླག་ངང་གཉེར་བ། འཛམ་གླིང་གི་རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྔོན་ཐོན་འཕེལ་རྒྱས་ཀྱི་འདུ་ཤེས་སྤེལ་རེས་ཧུར་ཐག་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཡོད།
དུས་རབས་གསར་པར་བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་བདེ་སྐྱིད་སྟོན་གྲངས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ།
བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ལ་ཞུགས་པའི་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་མཉམ་སྤྱོད་དངོས་འབྲེལ་བྱུང་ཡོད། དམངས་གཙོ་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་ཐེབས་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྐྲུན་པ་བརྒྱུད་བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་གཞི་རྩའི་ཆ་ནས་བྱུང་ཡོད། 2013ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་རིམ་རྩིས་བྱས་ན་མི་འབུམ་གཉིས་དང་ཁྲི་བདུན་སྟོང་གསུམ་གསར་དུ་འཕར་ཡོད། 2018ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་གསུམ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་དང་བརྒྱ་ཆའི་བཅུ་དང་གྲངས་ཆུང་བརྒྱད་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པར་དྭ་ཕྲུག་ཁང་ཡོད་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)ཚང་མར་རྒན་གསོ་ཁང་བསྐྲུན་པ། འདོད་མོས་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་ལ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་སྐྱོང་སྔོན་ཚུད་ནས་མངོན་འགྱུར་བྱུང་ཡོད། 2013ལོའི་ཚུན་དུ་རིམ་རྩིས་བྱས་ན་དབུལ་པོ་འབུམ་བདུན་དང་ཁྲི་གཅིག་ཙམ་ཉུང་དུ་བཏང་ཡོད། དབུལ་པོ་ཆགས་ཚད2012ལོའི་བརྒྱ་ཆའི་སོ་ལྔ་དང་གྲངས་ཆུང་གཉིས་ ནས2018ལོའི་བརྒྱ་ཆའི་དྲུག་མན་བར་ཆག་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་ཡོད། 2013ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་རིགས་ཁག་གི་བདེ་སྡོད་ལས་གྲྭའི་ཁང་པ་འབུམ་གསུམ་དང་ཁྲི་གཅིག་སྟོང་བཞི་དྲུག་བརྒྱ་ལག་བསྟར་བྱས་ཡོད། ཁ་གཏད་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2013ལོ་ནས2017ལོའི་བར་རིམ་རྩིས་བྱས་ན་རོགས་སྐྲུན་ལས་གཞི་ཁག་སྟོང་གཅིག་དང་བདུན་བརྒྱ་སོ་དྲུག་ལག་ལེན་བསྟར་བ་དང་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་ཞེ་གསུམ་དང་བྱེ་བ་བཞི་ས་ཡ་དྲུག་ཟིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཆེད་དོན་བརྟག་ཞིབ་འབྲས་བུ་ལས་མངོན་པ་ལྟར་ན། མང་ཚོགས་ཀྱིས་ད་ལྟའི་འཚོ་བར་བློ་ཡིད་ཚིམ་ཚད་བརྒྱ་ཆའི་གོ་བདུན་ཡན་ཟིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གསུམ་ཟིན་ཡོད།
མཇུག་བསྡུའི་གཏམ།
བོད་ལྗོངས་ཀྱི་ལོ60རིང་གི་རླབས་ཆེན་མཆོང་སྐྱོད་ལས་དམངས་གཙོའི་བཅོས་བསྒྱུར་ནི་དུས་རབས་འཕེལ་རྒྱས་ཀྱི་བླང་བྱར་བསྟུན་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་འདོད་འདུན་དང་མཐུན་པ། བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་འཚམ་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་ཐུབ་ལ། འདི་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་རེད། དམངས་གཙོའི་བཅོས་བསྒྱུར་བྱས་པས། གཞི་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། བོད་ལྗོངས་ལ་དུས་བསྟུན་མདུན་སྐྱོད་ཀྱི་འཕེལ་རྒྱས་བྱུང་ཞིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དབང་ཆར་འགན་ལེན་གང་ལེགས་བྱུང་བས། དམངས་གཙོའི་བཅོས་བསྒྱུར་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་པའི་བྱ་སྤྱོད་རླབས་ཆེན་ཞིག་རེད།
དམངས་གཙོའི་བཅོས་བསྒྱུར་བརྒྱུད་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་སྔ་ས་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པ་སྔ་ས་ནས་མི་སེམས་སུ་ཟུགས་ཏེ་གཡོ་འགུལ་གཏོང་ཐབས་མེད་པར་གྱུར་ཡོད། ལོ་མང་རིང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་མཚོན་དུ་བྱས་པའི་བོད་ལྗོངས་ཀྱི་སྟོབས་ཤུགས་རྙིང་པས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་གྱི་དགོས་མཁོར་དམིགས་པ་དང་། མུན་ནག་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ཞེན་ཆགས་ཏེ་དམངས་གཙོའི་བཅོས་བསྒྱུར་གཏན་ནས་ཁས་མི་ལེན་པ་དང་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ཁས་ལེན་གྱི་མེད། དེ་ནི་དོན་དངོས་ལ་བསྙོན་འདིང་བ་ཞིག་ཡིན་ལ་ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་བཤོལ་བྱས་པ་ཞིག་དེ་བས་ཀྱང་ཡིན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ལ་ངོ་རྒོལ་བྱས་པ་ཞིག་རེད།
མིག་སྔར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་གྲ་སྒྲིག་ཨང་བསར་གྱིས་སྤེལ་བཞིན་ཡོད་པས་བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་དང་མཚར་སྡུག་ལྡན་པ་ཞིག་ཡོང་ངེས་རེད།(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ3ཚེས27ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་།)
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།