ལོ་ངོ་སུམ་ཅུའི་རིང་བྱེ་ཐང་སྤང་ལྗོངས་སུ་བསྒྱུར་བའི་ངོ་མཚར་གཏམ་རྒྱུད།
2019.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ད་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་གི་འཐུས་མིའི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། “སྐྱེ་ཁམས་སྔོན་ལ་ལག་བསྟར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་དགོས།”“བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་སྐྲུན་བྱེད་དགོས”ཞེས་གསུང་།

ནང་སོག་ཧང་ཅིན་ཆུས་ཁུའུ་པུའུ་ཆིས་ཡི་བྱེ་འགོག་སྣེ་ཁྲིད་པ། ཡུས་ལེ་སྡེ་ཚོགས་ཀྱི་འགོ་གཙོ་བཱང་བུན་པའོ་ནི་ངར་ཤུགས་ཆེ་བའི་མི་ཞིག་ཡིན་ལ། མྱུར་དུ་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་བྱ་བ་གསར་བ་སྤེལ་བ་དང་། ཉེ་ལམ་ཐོང་ལའོ་གྲོང་ཁྱེར་སྲིད་གཞུང་ལ་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དང་། ཁུའུ་པུའུ་ཆིས་ཡི་བྱེ་འགོག་རྣམ་པ་དེ་ཀྲུང་གོའི་ཆེས་ཆེ་བའི་ཁུ་ཨར་ཆིན་བྱེ་ཁུལ་གྱི་གྲས་སུ་བཞག

ལོ་ངོ་སུམ་ཅུའི་རིང་། བྱེ་འགོག་བྱེད་པའི་བསམ་པ་དང་ངར་སེམས། ལག་ལེན་བཅས་ཀྱི་འདུ་ཤེས་སེམས་ནས་བསྒྱུར་མ་མྱོང་།

“རྒྱུ་མཚན་ནི་ང་རང་ཁུའུ་པུའུ་ཆུས་བྱེ་ཐང་གི་བུ་རྒོད་ཡིན་ལ། བྱེ་འགོག་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡིན། ང་ལ་མ་ཡུམ་གསུམ་ཡོད་དེ། ངའི་མ་ཡུམ་དང་པོ་ནི་རང་གི་སྐྱེད་ཡུམ་ཡིན་ལ་བརྩི་བཀུར་བྱེད་དགོས། ངའི་མ་ཡུམ་གཉིས་པ་ནི་མེས་རྒྱལ་ཡིན་ལ་དྲིན་ལན་འཇལ་དགོས། མ་ཡུམ་གསུམ་པ་ནི་ས་གཞི་ཆེན་པོ་ཡིན་ལ་སྲུང་སྐྱོབ་བྱེད་དགོས”ཞེས་བཱང་བུན་པའོ་ཡིས་དེ་ལྟར་བཤད་ལ། དེ་ལྟར་སྒྲུབ་བཞིན་ཡོད།

ཁུའུ་པུའུ་ཆིས་བྱེ་ཐང་ནི་མྱ་ངམ་ཐང་ཆེན་པོ་ཞེས་པའི་ཀྲུང་གོའི་བྱེ་ཐང་ཆེན་པོ་བདུན་པ་རེད།

བཱང་བུན་པའོ་ཡི་ཕ་ཡུལ་ནི་བྱེ་ཐང་གི་ཁྲོད་དུ་ཡོད་པའི་ཧང་ཅིན་ཆུས་ཧང་ཅིན་ཀྲའོ་ཨར་སྡེ་བ་རེད།

“གལ་ཏེ་མི་ཞིག་གིས་ང་ལ་ཕ་ཡུལ་གྱི་བྲོ་བ་ཞིག་ཅི་ཞིག་རེད་ཟེར་ན། ངས་བསམ་ན་དེ་ནི་བྱེ་རྡུལ་གྱི་བྲོ་བ་རེད།”འདས་ཟིན་པའི་ལོ་ཟླ་ཕྱིར་དྲན་བྱས་ན། བཱང་བུན་པའོ་ཡིས་བརྗེད་ཐབས་བྲལ་བ་ནི་ཉིན་ཧྲིལ་བོར་བྱེ་རྡུལ་གྱིས་ཁེངས་བའི་རྣམ་པ་རེད། ནངས་མོ་མིག་ཕྱེ་བ་ན་མལ་ཁྲིའི་འགྲམ་དུ་བྱེ་རྡུལ་རིམ་པ་ཞིག་ཆགས་ཡོད་པ་དང་། ཟ་མ་ཟ་སྐབས་དཀར་ཡོལ་ལག་ཏུ་བླངས་བ་ན་ཟ་མའི་ནང་དུ་བྱེ་རྡུལ་ཡོད་པ་དེ་རེད།

1988་ལོའི་ཟླ་ལྔ་བར། ལོ་ཉེར་དགུ་ཡིན་པའི་བཱང་བུན་པའོ་ཡིས་ཚོང་ལས་ལ་ཞུགས་རྒྱུའི་རེ་བ་ཞུས་ཏེ། ཁུའུ་པུའུ་ཆིས་བྱེ་ཐང་དཀྱིལ་དབུས་ཀྱི་ཚྭ་ཁུ་བཟོ་གྲྭ་རུ་སོང་ནས་བཟོ་གྲྭའི་འགོ་གཙོ་བྱས། སྐབས་དེར། ཚྭ་ཁུ་བཟོ་གྲྭའི་སྤྱི་ལེ་གྲུ་བཞི་མ་བཅོ་བརྒྱད་ཡོད་པའི་ཚྭ་མཚོ་བྱེ་ཟེགས་ཀྱིས་གཡོགས་ཡོད་པས། མ་རྩ་རྡིབས་ལ་ཉེ་ཡོད།

ཚྭ་ཁུ་བཟོ་གྲྭ་མུ་མཐུད་དུ་འཁོར་སྐྱོད་བྱ་ཆེད། བཱང་བུན་པའོ་ཡིས་བཟོ་སྐྲུན་ཞིག་མགོ་བརྩམས་པ་དང་། ཚྭ་ཁུ་ཏུན་གཅིག་བཙོང་ན། ཕྱིར་འཚོང་གི་ཡོང་སྒོའི་ཁྲོད་སྒོར་ལྔ་བླངས་ཏེ་བྱེ་མ་འགོག་བཅོས་བྱས།

ཉམས་མྱོང་ལ་དཔྱད་འཇོག་བྱེད་ས་མེད་པས། རྒྱ་ལྕང་བཙུགས་ཏེ་མ་གསོན་པས་སྦྱར་སྡོང་བཙུགས་པ་དང་། གསོན་ཤུགས་ཆེན་པོ་མེད་པས་ས་གནས་བརྗེ་སྤོར་བྱས་ཏེ་བཙུགས་ལ། ད་ལོ་མ་སྐྱེས་ན་སང་ལོ་བཙུགས་པས། མཇུག་མཐར་སྡོང་བོ་རེ་རེར་གསོན་ཤུགས་རྒྱས་པ་དང་། སྡོང་བོ་དེ་དག་འགོག་སྲུང་གི་གྱང་ལྟར་གྱུར་ཡོད་ལ། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་དུས་མགོར། ཚྭ་ཁུ་བཟོ་གྲྭའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

ཚྭ་ཁུ་བཟོ་གྲྭ་དེ་དེང་རབས་ཀྱི་ཁེ་ལས་ཡུས་ལིས་རུ་བསྒྱུར་བ་དང་། གནད་དོན་ཆེ་ཞིག་ཡོད་པ་ནི་འགྲིམ་འགྲུལ་ལ་ཚད་བཀག་ཐེབས་ཡོད་པ་དེ་རེད། ཚྭ་ཁུ་ཐོན་གནས་དང་མེ་འཁོར་ས་ཚིགས་བར་དྲང་ཐིག་གི་བར་ཐག་སྤྱི་ལེ་དྲུག་ཅུ་ལྷག་ཡོད། བྱེ་མའི་གནོད་པ་ཐེབས་པས་དྲང་ཐིག་གི་ལྡབ་ལྔའི་ལམ་ཐག་བརྒྱུད་དགོས།

བཱང་བུན་པའོ་ཡིས་བཟོ་སྐྲུན་སྔར་ལས་ཆེ་བ་ཞིག་ལག་བསྟར་བྱས་ཏེ། མེ་འཁོར་ས་ཚིགས་སུ་ཐོན་པའི་བྱེ་བརྒལ་གཞུང་ལམ་ཞིག་ལས་རྒྱུའི་སེམས་ཐག་བཅད།

1997ལོའི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཧང་ཅིན་ཆིས་སྲིད་གཞུང་དང་ཡུས་ལིས་སྡེ་ཚོགས་སོགས་ཕྱོགས་མང་པོའི་མ་དངུལ་བཏང་འོག ཁུའུ་པུའུ་ཆིས་བྱེ་བརྒལ་གཞུང་ལམ་ལས་མགོ་བརྩམས། མི་སྟོང་ལྷག་གིས་གྲུབ་པའི་ལམ་སྐྲུན་མི་སྣ་དང་། ཧང་ཅིན་ཆིས་ཀྱི་ཡུལ་མི་སྤུན་ཟླ་ཡོངས་ཀྱི་གཅིག་བསྡུས་རོགས་སྐྱོར་འོག རིམ་པ་གསུམ་དུ་བགར་ནས་བྱེ་ལམ་ལས་པ་དང་། མུས་གཅིག་རེ་གཅིག་རེ་བྱས་ཏེ་ཚེ་སྲོག་གི་བགྲོད་ལམ་དེ་རྒྱུན་བསྲིང་བྱས།

བཱང་བུན་པའོ་ཡིས་བཤད་རྒྱུར། ང་ཚོས་ལམ་འགྲམ་དུ་ལྕང་མའི་བྱེ་འགོག་དྲ་མིག་ལས་པ་དང་། བྱེ་ཕུང་སྲ་བརྟན་དུ་བཏང་སྟེ། མིས་ཐབས་དང་གནམ་གྲུ་ལས་གཞི་རྒྱ་ཆེ་བའི་རྩྭ་བཏབ་ནས་ལྗང་བསྒྱུར་བྱས་པ་དང་། དུས་མཚུངས་སུ། སྒྲིག་ཆས་ཆ་ཚང་བཀོལ་ཏེ་གཞི་རྒྱ་ཆེ་བའི་སྒོ་ནས་སྡོང་བོ་བཙུགས་པ་དང་རྩྭ་བཏབ་པས། བགྲོད་ལམ་འགྲམ་གཉིས་ཀྱི་བྱེ་ཐང་དུ་ལྗང་བསྒྱུར་བྱས་ཏེ་བྱེ་འགོག་བྱས་པས། བྱེ་མས་གཞུང་ལམ་གཡོག་པ་སྔོན་འགོག་བྱས་ཡོད་ཟེར།

1999ལོར། ཁུའུ་པུའུ་ཆིས་བྱེ་ཐང་དཀྱིལ་དབུས་ཀྱི་བྱེ་བརྒལ་གཞུང་ལམ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་ནས་རླངས་འཁོར་བསྐྱོད་པ་དང་། སྤྱི་ལེ་རེ་བརྒྱད་ཡོད་པའི་བྱེ་བརྒལ་གཞུང་ལམ་ལེགས་འགྲུབ་བྱུང་བས། ཁུའུ་པུའུ་ཆིས་ལ་དར་རྒྱས་ཆེན་པོ་བྱུང་།

དེ་སྔོན་མི་རྣམས་ཀྱིས་སྨྱོན་པ་རེད་འདོད་པའི་བཱང་བུན་པའོ་ཡིས། ཁུའུ་པུའུ་ཆིས་དང་ཡུས་ལིས་སྡེ་ཚོགས་ཀྱི་ལས་དབང་བསྒྱུར་བ་རེད།

བཱང་བུན་པའོ་ཡིས་བཤད་རྒྱུར། དང་ཐོག་ང་རང་གིས་ཚྭ་ཁུ་བཟོ་གྲྭའི་ཆེད་དུ་འབད་བརྩོན་བྱས་པ་ཡིན་ལ། ཚྭ་ཁུ་བཟོ་གྲྭ་སྡེ་ཚོགས་སུ་བསྒྱུར་རྗེས། ང་རང་གིས་སྡེ་ཚོགས་ཀྱི་འཕེལ་རྒྱས་ཆེད་དུ་འབད་བརྩོན་བྱས་པ་ཡིན། སྡེ་ཚོགས་ཀྱི་ཚོང་གཉེར་གྲུབ་འབྲས་སྔར་ལས་ཇེ་བཟང་དུ་གྱུར་བས། ང་རང་གིས་ཁུའུ་པུའུ་ཆིས་ཀྱི་མི་དམངས་ཀྱི་ཆེད་དུ་འབད་བརྩོན་བྱེད་མགོ་བརྩམས་པ་ཡིན་ཟེར།

བྱེ་འགོག་ལ་བརྟེན་ནས་ཉེ་འགྲམ་གྱི་རོང་འབྲོག་པ་འབུམ་གཅིག་གི་ཐོན་སྐྱེད་དང་འཚོ་བ་ཇི་ལྟར་ལེགས་བཅོས་བྱེད་དགོས་སམ།

འགན་གཙང་ལེན་རྣམ་པ་ལག་བསྟར་བྱས་ཏེ། ཡུས་ལིས་ལ་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། སྡོང་ཕྲུག་གསོན་ཚད་དེ་དཔྱད་ཞིབ་ཀྱི་དམིགས་འབེན་བྱེད་པ་དང་། དུས་སྐབས་གསུམ་གྱི་ནང་མ་དངུལ་སྟེར་བ་དང་དཔྱད་ཞིབ་བྱས་རྗེས། གསོན་ཚད་མི་བཟང་བ་རྣམས་ལ་འབྲེལ་ཡོད་ཀྱི་སྒོར་མོ་འཐེན་བཞིན་ཡོད།

ལས་ཀ་སྣ་གཅིག་པོ་དེས། ཁུའུ་པུའུ་ཆིས་ཀྱི་ཁྱིམ་ཚང་སྟོང་ཕྲག་འགའ་ལ་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར་བ་དང་། མི་གྲངས་སྟོང་ལྔ་ལས་བརྒལ་བའི་ཆེད་ལས་འདེབས་འཛུགས་རུ་ཁག་ཞིག་གྲུབ།

བྱེ་བརྒལ་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་བྱས་རྗེས། རོང་འབྲོག་པ་རྣམས་ཀྱིས་བྱེ་ཐང་གནས་སྐོར་གྱི་བྱ་བ་སྤེལ་བ་དང་། ལོ་རེའི་ཡོང་སྒོ་སྒོར་ས་ཡ་ལྷག་ལ་སླེབས་ཡོད། འདེབས་གསོའི་ཐབས་ལམ་འཚོལ་ཞིབ་བྱས་རྗེས། རོང་འབྲོག་པ་སྐོར་ཞིག་ཐོན་ལས་འབྲེལ་ཐག་གི་མཉམ་ལས་མི་སྣ་རུ་གྱུར་བ་དང་། ལས་སྐྲུན་བྱས་ཏེ་དར་སྤེལ་བྱེད་བཞིན་ཡོད། རོང་འབྲོག་པ་མང་པོ་ཞིག་གིས་ཡུས་ལིས་སྡེ་ཚོགས་དང་མཉམ་དུ་བྱེ་ཐང་གི་སྐྱེ་ཁམས་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བཞིན་ཡོད།

2017ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་སྐྱེ་ཁམས་རྒྱུ་ནོར་སྙན་ཞུ་ཐོག་དང་པོར་འགྲེམ་སྤེལ་བྱས་ཏེ་བསྟན་དོན། ཡུས་ལིས་ཁུའུ་པུའུ་ཆིས་བྱེ་འགོག་གི་སྐྱེ་ཁམས་རྒྱུ་ནོར་སྒོར་དུང་ཕྱུར་སྟོང་ལྔ་གསར་སྐྲུན་བྱས་པ་དང་། མི་གྲངས་འབུམ་གཅིག་དང་སྟོང་གཉིས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས།

ད་ལྟ། ཁུའུ་པུའུ་ཆིས་ཀྱི་བྱེ་རྡུལ་གནམ་གཤིས་མངོན་གསལ་སྒོས་ཇེ་ཉུང་དུ་སོང་ཡོད་ལ། ཆར་ཆུ་འབབ་ཚད་སྔོན་ལས་ཇེ་བཟང་དུ་སོང་ཡོད། ངང་བ་དང་རི་བོང་། ཤིང་སྡོང་ཧུའུ་ཡང་སོགས་འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་སྣ་བརྒྱ་ལྷག་གནས་དེར་འཚོ་སྡོད་བྱས་ཡོད། 2019ལོའི་དཔྱིད་ཀར་ཁུའུ་པུའུ་ཆིས་ཆིས་ཞུན་མཚོ་རུ་འཚོ་སྡོད་བྱེད་པའི་ངང་བ་སྟོང་གཅིག་ལས་བརྒལ་ཡོད་པས་ཟིན་ཐོ་གསར་བ་བསྐྲུན་ཡོད།

ལོ་ངོ་སུམ་ཅུའི་རིང་། ཁུའུ་པུའུ་ཆིས་ཡི་བྱེ་ཐང་དེ་མེས་རྒྱལ་གྱི་བྱང་ཕྱོགས་ཀྱི་མྱ་ངམ་ཐང་ཞིག་ནས་ད་ལྟ་ལྗང་མདོག་གི་ཞིང་ཁམས་ཞིག་ཏུ་གྱུར་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།