མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་སྟོན་མཁན་དང་། སྤྱི་ཚོགས་བརྟན་འཇགས་སྲུང་མཁན་གྱི་གདོང་ལེན་པ་བྱེད་པར་འབད་བརྩོན་བྱེད་དགོས། མི་རེ་རེའི་བྱ་བའི་ལས་གནས་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་གར་སྟེགས་ལྟ་བུ་ཡིན།
གུང་ཧོ་རྫོང་གསར་འཛུགས་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ཚངས་འབྲུག་རྒྱལ་གྱིས་བཤད་རྒྱུར། ངས་བལྟས་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་ནི་དུས་ཡུན་རིང་བའི་མ་ལག་བཟོ་སྐྲུན་ཞིག་ཡིན་ཞིང་། དེ་ནི་རྟོག་བཟོ་ཙམ་མིན་པར་ལག་པས་འཛིན་རྒྱུ་ཡོད་པ་ཞིག་ཡིན། གནད་ཕིགས་དབུལ་སྐྱོར་དང་། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན། ཞང་སྡེ་དར་སྤེལ་གཏོང་བ་སོགས་བྱ་བ་ཡོད་ཚད་མི་རིགས་མཐུན་སྒྲིལ་གྱི་བྱ་བ་དང་འབྲེལ་ཡོད་ལ། གནད་ཕིགས་དབུལ་སྐྱོར་ཁྲོད་ཀྱི་ཕྱོགས་གཞན་ཞིག་ནས་བཤད་ན། སྔོན་ལ་ཕྱུག་པོ་ཆགས་པ་ཚོས་སྣེ་ཁྲིད་དང་། ཏང་ཡོན་ཚོས་ཁྱིམ་ཚང་དཀའ་ངལ་ཅན་ལ་རོགས་རམ་བྱེད་པའི་རྒྱབ་ཕྱོགས་སུ་མཐུན་སྒྲིལ་དང་འཆམ་མཐུན་གྱི་གཏམ་རྒྱུད་མང་པོ་ཡོད་ཟེར།
བྱ་བ་ཆུང་ཆུང་ནས་མགོ་བརྩམས་ཏེ། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས། ཚངས་འབྲུག་རྒྱལ་གྱི་བྱ་བའི་ཁྲོད་ཀྱི་བསམ་གཞིགས་དང་ཉམས་མྱོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་ཁྲི་སྟོང་མང་པོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་ཚབ་མཚོན་དང་བསྡུས་གཟུགས་ཤིག་ཡིན་ལ། དེ་ལྟ་བུའི་ཡིད་དུ་འོང་བའི་བསྡུས་གཟུགས་ནི་དེ་ཁོ་ནར་ཡོད་པ་ཞིག་མིན་པར་མུ་མཐུད་དུ་རྒྱ་བསྐྱེད་དུ་གཏོང་དགོས།
ད་ལོ་ལོ་ན་ང་བཞིར་སོན་པའི་ལིག་ཏི་ནི་ཐུན་རིན་རྫོང་རོང་བོ་གྲོང་བརྡལ་ཞང་ཁྲའོ་དབྱང་སྡེ་བའི་བཞོན་མ་གསོ་སྤེལ་མཉམ་ལས་ཁང་གི་འགན་ཁུར་བ་ཡིན་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པ་ནས་བཟུང་བབ་ཆགས་པའི་ཧོས་རིགས་གསར་བུ་འདིས་ཉིན་རེར་ཐུན་རིན་རྫོང་རེབ་གོང་རྒན་གསོ་ཁང་གི་ལོ་ལོན་ཚོར་འོ་མ་གསར་བ་སྤྱི་རྒྱ་ཉེར་ལྔ་ཆད་མེད་དུ་སྐྱེལ་བཞིན་ཡོད།
བྱ་བ་འདིར་ཐོག་མར་འཇུས་དུས་ཀྱི་མགོ་གླེང་དུས། ལིག་ཏི་ཡིས་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་ང་རང་ལས་གནས་ལས་བུད་རྗེས། ངས་དངོས་ཟོག་སྐྱེལ་འདྲེན་བྱས་མྱོང་བ་དང་། རླངས་འཁོར་ཞིག་གསོ་ཁང་ཡང་ཕྱེས་མྱོང་ལ། དབྱར་རྩྭ་དགུན་འབུའི་ཚོང་ཡང་བརྒྱབ་མྱོང་། ལོ་འགའི་སྔོན་ལ། ང་དང་ངའི་བུ་ཆུང་བ་གཉིས་ཀྱིས་བཞོན་མ་གསོ་སྤེལ་མཉམ་ལས་ཁང་ཞིག་བསྒྲུབས། མཉམ་ལས་ཁང་བཙུགས་པ་ནས་ད་ལྟའི་བར་དུ། སྲིད་གཞུང་གིས་ང་ཚོར་རོགས་རམ་མི་ཉུང་བ་ཞིག་བྱས་མྱོང་ལ། ངས་རང་གིས་ནུས་ཚོད་ཀྱིས་བྱ་བ་རེ་སྒྲུབ་ཁུལ་བྱས་པ་ཡིན་ཟེར།
ལིག་ཏི་གནས་སའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་དཔེ་མཚོན་ཅན་གྱི་མི་རིགས་ས་ཁུལ་ཞིག་ཡིན་ལ། གྲངས་ཉུང་མི་རིགས་མི་གྲངས་ཀྱིས་བརྒྱ་ཆའི་གོ་གསུམ་ལྷག་ཟིན་ཡོད་ཅིང་། ཁུལ་གྱི་དམིགས་བསལ་གནས་ཚུལ་དེ་ཡིས་མི་རིགས་བྱ་བའི་མགོ་མཇུག་ཐམས་ཅད་ནི་རྨ་ལྷོའི་བྱ་བ་གཙོ་བོ་ཡིན་པ་ཐག་བཅད་ཡོད། ན་ནིང་གི་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཚོགས་འདུ་བསྡུས་ཤིང་། ཁྱོན་ཡོངས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་བྱ་བ་བསྒྲུབ་མགོ་བརྩམས།
བྱ་བའི་ཁྲོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་བརྒྱད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་ཁྱམས་ར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་འགྲེམ་སྟོན་ཁང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་བཟོ་སྐྲུན་སྐོར་ཞིག་གསར་འཛུགས་བྱས་པ་མ་ཟད། མཉམ་འབྲེལ་དྲ་བ་རྨང་གཞིར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་དྲ་ངོས་སུ་འཇོག་པའི་བྱ་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དང་། རྨ་ལྷོའི་མི་རིགས་མཐུན་སྒྲིལ་གྱི་སྤྱི་སྟེགས་དང་། གསར་འགྱུར་གཙོ་བོ། མི་རིགས་མཐུན་སྒྲིལ་བྱ་བའི་བརྗེ་རེས་སྐད་འཕྲིན་ཚོགས་པ་སོགས་གསར་དུ་བཙུགས་ནས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་མཐུན་པའི་སྐད་འཕྲིན་འགུལ་རིས་ཤིག་ཀྱང་བཟོས་ཏེ། དྲ་ཐོག་དྲིལ་སྒྲོག་གི་རྣམ་པ་ཕུན་སུམ་ཚོགས་པར་བྱས། ཁྱད་པར་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་མཐུན་ཚོགས་ཀྱིས་སྣེ་ཁྲིད་ཅིང་། སྙིང་འབུམ་སོགས་རྒྱལ་ཁབ་རིམ་པའི་རི་མོ་བཟོ་རྩལ་པ་དྲུག་གིས་མཉམ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་མཐུན་ཞེས་པའི་ཐང་ག་ཆེན་པོ་ཞིག་བྲིས་པ་མ་ཟད། ད་དུང་མི་རིགས་ང་དྲུག་གི་མི་སྣ་འདུས་པའི་ཐང་ག་ང་དྲུག་བྲིས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྲུབ་འབྲས་ཁང་དུ་དུས་ཡུན་རིང་བོར་ཉར་ཚགས་བྱས་པ་མ་ཟད་འགྲེམས་སྟོན་བྱས།
འདས་པའི་ལོ་གཅིག་གི་ནང་དུ། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་སྒོས་རྨ་ལྷོ་རེབ་གོང་སྒྱུ་རྩལ་དང་མགོ་ལོག་གི་གེ་སར། ཡུལ་ཤུལ་གྱི་དམངས་ཁྲོད་གླུ་གར་སོགས་རིག་གནས་ཀྱི་ཚོང་རྟགས་གསར་སྤེལ་དང་། ཀྲུང་གོའི་མཛེས་རྩལ་ཁང་དུ་མཚོ་སྔོན་གྱི་ཐང་ག་རི་མོའི་སྒྱུ་རྩལ་རྩེ་གྲས་འགྲེམ་སྟོན་བྱེད་པའི་བྱ་འགུལ་སྤེལ་ཞིང་། མི་རིགས་ཟློས་གར《ཐང་ག》ཞེས་པ་ཞིང་ཆེན་གཞན་ནས་བསྐོར་བསྐྱོད་ལེགས་འགྲུབ་བྱུང་ཞིང་། 《ཐུག་པ་བསྐོལ་མཁན་གྱི་གདངས་དབྱངས》《པན་ཡན་གྱི་རྣམ་པ་གསར་བ་བསུ》《མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་ཤུལ་དངོས་ཟིན་ཐོ》སོགས་ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་འགའ་གསར་རྩོམ་བྱས་པ་དང་། རྒྱལ་སྤྱིའི་སྲོལ་རྒྱུན་མདའ་རྩེད་འགྲན་བསྡུར་དང་། ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི”གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུགས་འགྲན་ཚོགས། གེ་སར་ཀླུ་མོའི་ཕོ་བྲང་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་ཆེ་གྲས་བརྒྱ་དང་གྱ་བདུན་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་བསམ་བློར་སྣེ་ཁྲིད་དང་། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་མཐུན་སྒྲིལ་གྱི་དུས་རབས་གསར་བའི་དབྱངས་རྟ་སྙན་མོ་ཞིག་དཀྲོལ།
དངོས་སྦྱོང་སློབ་མ་བློ་བཟང་བཀྲ་ཤིས།