ཆིས་ཐེ་ཧི་གྲོང་ཁྱེར་གྱི་ཐུང་ལམ་མགྱོགས་ཤུད་ཀྱི་རྩལ་ཁྲིད་པའི་དཔུང་སྡེ།
2019.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 163

ཏུང་ཡན་ཧེ་ནི་རང་རྒྱལ་གྱི་ཆེས་ཐོག་མའི་དགུན་དུས་ཨོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་ཐོབ་མཁན་ཡྰང་ཡྰང་གི་བློ་སྒོ་འབྱེད་མཁན་གྱི་རྩལ་ཁྲིད་པ་ཐོག་མ་ཡིན་ལ། ད་ལྟ་ཧེ་ལུང་ཅང་ཞིང་ཆེན་གྱི་ཆིས་ཐེ་ཧི་གྲོང་ཁྱེར་གྱི་ན་ཆུང་ཐུང་ལམ་མགྱོགས་ཤུད་ཁྱད་ལྡན་སློབ་གྲྭའི་སྤྱིའི་རྩལ་ཁྲིད་པའི་འགན་འཁུར་བཞིན་པའི་ཁོ་རང་གིས་ བྱིས་པ་སུམ་བརྒྱ་ལྷག་ལ་མགྱོགས་ཤུད་ཀྱི་རྩལ་ནུས་ཁྲིད་བཞིན་ཡོད།

ཆིས་ཐེ་ཧི་གྲོང་ཁྱེར་དུ་མི་ཁྲི་ཕྲག་འགའ་ལས་མེད་ཀྱང་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་ད་གཟོད་མགྱོགས་ཤུད་རྩལ་ནུས་ཁྲིད་པར་བརྟེན་ནས། ཡྰང་ཡྰང་དང་ཝང་མུན་སོགས་དགུན་དུས་ཨོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་འཛམ་གླིང་གི་འགྲན་བསྡུར་ཆེན་མོའི་སྟེང་བྱ་དགའ་དང་པོ་ཐོབ་མཁན་གྱི་ལུས་རྩལ་པ་བཅུ་ལྷག་བྱུང་བ་དང་། རང་རྒྱལ་གྱི་དགུན་དུས་ཨོ་ལིན་ཕིས་ཁུ་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བཅུ་གསུམ་ཁྲོད། ཆིས་ཐེ་ཧི་གྲོང་ཁྱེར་གྱི་ལུས་རྩལ་པར་རྟགས་མ་དྲུག་ཡོད་ཅིང་། ཆིས་ཐེ་ཧི་གྲོང་ཁྱེར་ནས་ཡོང་བའི་ལུས་རྩལ་པས་ཐེངས་བདུན་ལ་འཛམ་གླིང་གི་ཟིན་ཐོ་བསྐྲུན། བསྡོམས་པས་འཛམ་གླིང་རིམ་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བརྒྱ་དང་རེ་དགུ་དང་རྒྱལ་ཁབ་རིམ་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བཞི་བརྒྱ་ང་དགུ་བླངས།

གསེར་གྱི་རྟགས་མ་དེ་དག་གི་རྒྱབ་ཕྱོགས་སུ་ལག་ཏུ་སྐར་ཆའི་ཆུ་ཚོད་ཐོགས་ཤིང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་མི་སྣ་ཞིག་གི་སེམས་ཤུགས་དང་རྔུལ་ཁྲག་ཡོད།

དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བར། ཆིས་ཐེ་ཧི་ཡི་ཐུང་ལམ་མགྱོགས་ཤུད་ཀྱི་རྨང་འདིང་མཁན་མིན་ཆིན་ཡུའུ་ཡིས་རྒྱུ་ཆས་སྣ་ཚོགས་དང་སྦྱོང་བརྡར་བྱེད་སྟངས་སྣ་ཚོགས་རང་གིས་གསར་གཏོད་བྱས་ནས། དྲོད་གྲང་གོར་ཐིག་མན་གྱི་འཁྱགས་གྲང་གི་གནས་སུ་ཏུན་གཅིག་ལྷག་གི་ལྗིད་ཚད་ཡོད་པའི་རང་བཟོས་འཁྱགས་གཏོང་རླངས་འཁོར་ལ་བརྟེན་ནས་སྦྱོང་བརྡར་གྱི་དུས་ཚོད་ཐུང་ངུ་ལ་གཅེས་སྤྲས་བྱས།  དེ་ལྟར་ཁོའི་རང་ལས་གཞན་གཅེས་ཀྱི་འབད་པ་ལྷུར་ལེན་འོག ས་གནས་དེའི་བྱིས་པ་མང་པོ་ཞིག་ཐུང་ལམ་མགྱོགས་ཤུད་ཀྱི་རྩེ་མོར་འགྲེང་བར་གོམ་པ་དང་པོ་སྤོས། དེ་དག་གི་ཁྲོད་ཀྱི་མི་མང་པོ་ཞིག་གིས་མིན་ཆིན་ཡུའུ་ཡི་སྣེ་ཁྲིད་འོག་བྱིས་པ་མང་པོ་ཞིག་ལ་རོགས་སྐྱོར་བྱས་ནས་ཁོ་ཚོའི་ཕུགས་བསམ་གྱི་རྨི་ལམ་མངོན་འགྱུར་བྱེད་པར་རོགས་རམ་བྱས།

ཆིས་ཐེ་ཧི་ཐུང་ལམ་མགྱོགས་ཤུད་ལས་ཞོར་ལུས་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་ཀྲའོ་ཞའོ་པེན་ནི་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོར་མིན་ཆིན་ཡུའུ་ལ་བརྟེན་ནས་འཁྱགས་དར་ར་བར་ཞུགས་པ་ཞིག་ཡིན་ནའང་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཐེབས་པའི་དབང་གིས་ཕྱིར་འབུད་བྱེད་དགོས་པ་བྱུང་། གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོར་སླར་ཡང་སློབ་ཁྲིད་ཀྱི་བྱ་བར་ཞུགས་ཤིང་། “རྩལ་ཁྲིད་པ་ཞིག་ཡིན་ན་འཁྱགས་གྲང་ཅི་ཡང་མྱོང་དགོས་ཀྱི་ཡོད།” ཀྲའོ་ཞའོ་པེན་གྱིས་བཤད་རྒྱུར། “མིན་ཆིན་ཡུའུ་ཡི་སྣེ་ཁྲིད་འོག  སྐར་ཆ་གཅིག་ཀྱང་དལ་འགོར་བྱེད་མི་རུང་།” བྱིས་པ་ཟླ་ཁ་གང་མ་ཐག  ཀྲའོ་ཞའོ་པེན་མགྱོགས་མྱུར་སྒོས་ཕྱིར་སློབ་གྲྭར་ལོག  ལུས་རྩལ་པ་ལེགས་པོ་ཞིག་སྐྱེད་སྲིང་བྱེད་པའི་ཕྱིར་དུ་ཁིམ་ཚང་དུ་སོང་ནས་བྱིས་པ་སློབ་གྲྭར་གཏོང་དགོས་པའི་རེ་བ་བཏོན། བརྩོན་འགྲུས་ལྡན་ན་མི་འགྲུབ་བྱ་བ་གང་ཡང་མེད་པའི་དཔེ་ལྟར། ཀྲའོ་ཞའོ་པེན་གྱིས་ལོ་ངོ་སུམ་བཅུའི་རིང་ལ་སྔ་གཞུག་ཏུ་སུན་ལེན་ལེན་དང་ཝང་བེ། ལིས་ཧོང་ཧྲོན་སོགས་དགུན་དུས་ཨོན་ལིན་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་དང་འཛམ་གླིང་རིམ་པའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་སྐོར་ཅིག་སྐྱེད་སྲིང་བྱས་པ་རེད།

ཀྲའོ་ཞའོ་པེན་དང་འདྲ་བར་ཏུང་ཡན་ཧེ་དང་ཁོའི་བཟའ་ཟླ། དེ་མིན་འཛམ་གླིང་གི་ཨང་དང་པོ་ཀྲང་ཅེ་སོགས་ཀྱིས་ཀྱང་སྔོན་ཆད་མིན་ཆིན་ཡུའུ་དགེ་རྒན་དུ་བསྟེན་མྱོང་།

ཉིས་སྟོང་བཅུ་བཞི་ལོར། ཕྱི་རྒྱལ་དུ་ལོ་མང་པོར་དཀའ་སྤྱད་འབད་བརྩོན་བྱས་མྱོང་བའི་བཟའ་ཟླ་གཉིས་ཆིས་ཐེ་ཧི་གྲོང་ཁྱེར་དུ་ཡོང་ནས་སླར་ཡང་འཁྱགས་ཤུད་ར་བར་ཞུགས། “བྱིས་པ་ཚོ་དང་མཉམ་དུ་ཡོད་པའི་དུས་སྐབས་དེ་ནི་རང་ཉིད་ལ་མཚོན་ན་ཆེས་བདེ་སྐྱིད་ལྡན་པ་ཞིག་རེད།” ཏུང་ཡན་ཧེ་ཡིས་མུ་མཐུད་དུ་གཟི་བརྗིད་ངང་བཤད་རྒྱུར། “ང་ཚོའི་དམིགས་འདུན་ནི་ཧ་ཅང་གསལ་བོ་ཡིན་ཏེ། རྒྱལ་ཁབ་ལ་ཕུལ་བྱུང་ལུས་རྩལ་པ་མང་པོ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན”ཟེར།

ཀྲང་ཅེ་ཡིས་སྔར་ལས་དམིགས་གསལ་གྱི་བྱ་བ་ཞིག་སྒྲུབ་བཞིན་ཡོད། ཁོ་མོས་ཆིས་ཐེ་ཧི་དམིགས་བསལ་ཨོ་ལིན་ཕིས་ཁུ་ལུས་རྩལ་གྱི་ཐུང་ལམ་མགྱོགས་ཤུད་རུ་ཁག་སྒྲིག་འཛུགས་བྱས་ཤིང་། ཁོ་མོའི་རང་ཉིད་ཀྱི་སེམས་ཤུགས་ལ་བརྟེན་ནས་བྱིས་པ་རྣམས་འཛམ་གླིང་དུ་བསྐྱོད་པའི་སྒོ་མོ་ཕྱེས།

ཉིས་སྟོང་བཅུ་བདུན་ལོའི་སྐབས་བཅུ་གཅིག་པའི་དགུན་དུས་ཨོ་ལུས་ཕིས་ཁུ་ལུས་རྩལ་འགྲན་ཚོགས་སྟེང་། ཁོ་མོས་ཁྲིད་པའི་བྱིས་པ་རྣམས་ཀྱིས་གསེར་གྱི་རྟགས་པ་བཞི་དང་དངུལ་གྱི་རྟགས་པ་གཉིས་བླངས།

ཉིས་སྟོང་དྲུག་ལོར། མིན་ཆིན་ཡུའུ་ཧར་པེན་འཁྱགས་ཤུད་ར་བའི་རྟེན་གཞིར་བསྐྱོད་པའི་ལམ་བར་དུ་རླངས་འཁོར་ལ་ཆག་སྒོ་བྱུང་ནས་ཚེ་ལས་འདས། ལག་ཏུ་སྐར་ཆའི་ཆུ་ཚོད་ཐོགས་པའི་འབད་བརྩོན་མཁན་དེས་ཚེ་གང་བོར་རང་གི་མི་ཚེ་འཁྱགས་ཤུད་ར་བ་ནས་བསྐྱལ། ཡིན་ནའང་ཁོའི་རྗེས་འབྲང་པ་རྣམས་ཀྱིས་ལོ་བཅུ་ཕྲག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ཤིང་། ཆིས་ཐེ་ཧི་ཡི་མི་རབས་རེ་རེའི་རྩལ་ཁྲིད་པ་རྣམས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་ལ་ཕུལ་བྱུང་ལུས་རྩལ་པ་མི་གྲངས་སུམ་བརྒྱ་ལྷག་སྐྱེད་སྲིང་བྱས།རྩལ་ཁྲིད་པ་སྔར་ལས་མང་པོ་ཞིག་ཆིས་ཐེ་ཧི་ནས་རྒྱལ་ཡོངས་སུ་བསྐྱོད་དེ་འཁྱགས་ཤུད་ལུས་རྩལ་དེ་ཧྲན་ཧེ་ཀོན་འགག་སྒོ་བརྒལ་ཏེ། མི་མང་པོ་ཞིག་འཁྱགས་ཤུད་ཀྱི་རྩལ་ནུས་ཐད་ཞུགས་པར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ། འབད་བརྩོན་མཁན་ལ་དཀའ་ཁག་ཆེ་ནའང་འབད་བརྩོན་བྱེད་མཁན་ལ་ནམ་ཡང་བདེ་སྐྱིད་ལྡན། རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱས་པའི་གསེར་གྱི་རྟགས་མ་རེ་རེ་དང་། གསེར་གྱི་རྟགས་མ་ལེན་པའི་སྟེགས་བུར་བསྐྱོད་པའི་སྣང་བརྙན་རེ་རེ། ད་དུང་འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཀྲུང་གོའི་མྱུར་ཚད་རེ་རེ་བཅས་ནི་སྐར་ཆའི་ཆུ་ཚོད་ཐོགས་པའི་འབད་བརྩོན་མཁན་དེ་དག་ལ་ཕུལ་བའི་དྲིན་གཟོ་ཡིན།

                                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།