ཀ་རིང་བོད་རིགས་ཞང་གི་ཞིང་སྡེ་མི་སྡོད་ཁོར་ཡུག་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་།
2019.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 699

ཞིག་རལ་དུ་གྱུར་བའི་རྩིག་པ་གཙང་སེལ་བྱེད་བཞིན་པ།

ཁྱིམ་ཚང་དུ་སོང་སྟེ་སྲིད་ཇུས་འགྲེལ་བཤད་བྱེད་ཀྱིན་པ།

ཁོར་ཡུག་བཅོས་སྐྱོང་གི་སྐུལ་སློང་ཚོགས་ཆེན་སྡུད་བཞིན་པ།

ཁོར་ཡུག་གཙང་སྦྲ་བྱེད་ཀྱིན་པའི་སྡེ་མི།

སྡེ་བའི་གཞུང་ལམ་མྱུར་སྐྱོབ་དང་བདེ་སྙོམ་བྱེད་ཀྱིན་པ།


ཉེ་ལམ། གསར་འགོད་པ་ཞོན་ཧྭ་རྫོང་བུས་མདོ་ཞང་ནས་ཀ་རིང་བོད་རིགས་ཞང་ལ་བཅར་འདྲིར་བསྐྱོད་པའི་ལམ་བར་དུ་མིག་ལམ་དུ་མངོན་ཡོང་བ་ནི་བར་ཐག་ཅུང་ཙམ་རེའི་བར་ན་གད་སྙིགས་ཀྱི་སྒམ་རེ་བཞག་ཡོད་པ་དེ་རེད། ལྗོངས་རྒྱུ་ས་ཁུལ་ཡིན་ན་འདྲ། རྩྭ་ཐང་དང་སྡེ་བ་གང་ཡིན་ནའང་གང་སར་འཕངས་པའི་འགྱིག་ཤོག་གི་སྣོད་དང་གད་སྙིགས་ཧ་ཅང་མཐོང་དཀའ།

“ལམ་ཐིག་འདི་ནི་ཞོན་ཧྭ་རྫོང་གི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་གཙོ་བོ་ཞིག་ཡིན་པས། ཁོར་སྲུང་བ་བདུན་གྱིས་ཆེད་དུ་གཟའ་ཟླ་བ་དང་གཟའ་ལྷག་པའི་དུས་ཚོད་བེད་སྤྱད་དེ་གཙང་ཕྱག་བྱེད་བཞིན་ཡོད”ཅེས་ཀ་རིང་ཞང་གི་ཞང་གཙོ་གཞོན་པ་དོན་ཁོ་ཡིས་གསར་འགོད་པར་དེ་ལྟར་མཚམས་སྦྱོར་བྱས། ཀ་རིང་ཞང་ཡར་ཀ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་འཛིན་གྱིས་གསར་འགོད་པར་བཤད་རྒྱུར། སྡེ་བའི་ལས་བྱེད་པ་དང་མང་ཚོགས་གང་ཡིན་ནའང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཧ་ཅང་དྲག་པོ་ལྡན། སྡེ་བའི་ནང་དུ་ལོ་རེར་སྤྱི་གཞུང་གི་མ་དངུལ་ལས་སྒོར་ཁྲི་གཅིག་བཏོན་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དུ་བཀོལ་བཞིན་ཡོད། ཀ་རིང་ཞང་དུ་སྡེ་བ་བཅུ་བདུན་ཡོད་ལ་སྡེ་བ་རེ་རེ་ནང་དུ‘གྲོང་གསེབ་ཁོར་ཡུག་བཅོས་སྐྱོང་ཚོགས་པ’རེ་བཙུགས་ཡོད། ཚོགས་གཙོ་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། འབྲེལ་ཡོད་ཀྱི་རྫོང་དང་གྲོང་གསེབ་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་ཆ་འཕྲིན་དང་སྲིད་ཇུས་ཡོད་ཚད་ཚོགས་པའི་ནང་དུ་བསྐུར་ཡོང་པས། མང་ཚོགས་ཀྱི་བྱ་བ་འདིའི་ཐད་ཀྱི་ཤེས་རྟོགས་བྱུང་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད།

འདུ་ཤེས་འགྱུར་བ་ནི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག་ཁྲོད་དུ་མངོན་ཡོང་། ཞང་ཡོངས་ཀྱི་ཡིག་ཚགས་ལས་ཏེ་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞེ་བདུན་ལྷག་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ་དང་། གཟའ་འཁོར་རེར་གད་སྙིགས་གཙང་དག་ཐེངས་གཉིས་རེ་བྱེད་བཞིན་ཡོད་ལ། འབྲོག་པ་མང་པོ་ཞིག་གིས་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་བ་ནས་རིམ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་འཚོ་བའི་ཕྱོགས་ལ་བསྒྱུར་བཞིན་ཡོད་པ་རེད། ཡང་མང་ཚོགས་ལ་ལ་ཞིག་ཁོར་ཡུག་བདག་སྐྱོང་མི་སྣར་གྱུར་རྗེས་ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་སྒོར་སྟོང་གཅིག་རེ་ཡོད་པ་དང་། ཞིང་སྡེའི་ཁོར་ཡུག་གཙང་དག་བྱེད་པ་དང་དུས་མཉམ་དུ་ཀ་རིང་ཞང་གི་ཡུལ་བབ་དང་བསྟུན་ནས་ཧུར་ཐག་གིས་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལྡན་པའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་བསྐྲུན་པ་དེས་སྡེ་བའི་ཁོར་ཡུག་བཅོས་སྐྱོང་དང་ཞིང་སྡེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་དམ་ཟབ་སྒོས་ཟུང་འབྲེལ་བྱས་ཏེ། ཞིང་སྡེའི་ཡུལ་སྐོར་ལས་རིགས་དར་སྤེལ་གཏོང་བར་སྐུལ་ཁྲིད་བྱས། ཞང་ཡོངས་ཀྱི་ཐོན་ལས་གསུམ་པའི་ཞབས་ཞུའི་ལས་རིགས་དར་རྒྱས་བྱུང་བ་དེས་རོང་འབྲོག་མང་ཚོགས་ཀྱིས་ཁོར་ཡུག་བཅོས་སྐྱོང་བྱས་པ་ལས་ཐོན་པའི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་། ཡར་ཀ་སྡེ་བའི་ཤ་བོ་ཚེ་རིང་དང་ཚེ་རིང་བཀྲ་ཤིས་སོགས་ཀྱིས་སྣེ་ཁྲིད་ནས་ཞིང་སྡེའི་ཡུལ་སྐོར་སྣེ་ལེན་ཁང་སྒྲུབ་བཞིན་ཡོད་པ་དང་། ལོ་རེ་རེའི་དབྱར་ཁར་ཡུལ་སྐོར་བ་མང་བོ་ཡོང་པའི་སྐབས་སུ། ཁོ་ཚོས་སྡེ་དམངས་རྩ་འཛུགས་བྱས་ཏེ་ཧུར་ཐག་གིས་ཡུལ་སྐོར་ལྗོངས་རྒྱུ་བར་སྣེ་ལེན་བྱེད་པའི་ལས་ཀའི་ཁྲོད་ཞུགས་ཏེ། གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏང་ཐུབ་པ་ལས་གཞན་ད་དུང་ཡོང་འབབ་ཀྱང་འཕར་སྣོན་འབྱུང་བཞིན་ཡོད།

“ཁྱིམ་ཇེ་ཡག་ཏུ་སོང་ཡོད་ལ། མིའང་ཕྱུག་པོར་གྱུར་ཡོད། ད་ལྟ་ང་ཚོ་ས་གང་དུའང་འགྲོ་མི་འདོད། ཕ་ཡུལ་དུ་བསྡད་ནས་མུ་མཐུད་དུ་འཚོ་བ་སྐྱིད་པོ་འདི་རོལ་འདོད་”ཞེས་ཕྱིར་ཕ་ཡུལ་དུ་ཡོང་ནས་ལས་གཞི་གསར་གཏོད་བྱེད་བཞིན་པའི་ཕྱུག་རི་སྡེ་བའི་སྡེ་མི་ཤ་བོ་ཚེ་རིང་གིས་དེ་ལྟར་བཤད། 

ཀ་རིང་ཞང་གིས་སྡེ་བའི་ཏང་ཀྲི་པུའུ་ཡིས་གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། འགོ་ཁྲིད་ཀྱིས་གཙོ་འགན་འཁུར་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ། སྡེ་བའི་ནང་གི་ལས་བྱེད་པས་སྣེ་ཁྲིད་དེ་གཙང་སྦྲ་བྱེད་པ། སྡེ་བའི་ནང་གི་ཏང་ཡོན་གྱིས་སྣེ་ཁྲིད་དེ་མང་ཚོགས་ལ་སྒྲིག་འཛུགས་བྱེད་པ། གུང་གཞོན་ཚོགས་པས་རྩ་འཛུགས་བྱས་ནས་དང་བླངས་པའི་སྔོན་ལ་གཙང་བཤེར་རུ་ཁག་སྒྲིག་འཛུགས་བྱས་ཏེ་གད་སྙིགས་གཙང་སེལ་བྱེད་པ་མ་ཟད། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་སྡེ་བའི་སྒྲིག་སྲོལ་བཟོས་ཏེ་སྡེ་མིས་དུས་ངེས་མེད་དུ་ཁོར་ཡུག་གཙང་སེལ་བྱེད་པའི་ལམ་གཙོ་བོ་དང་།  ས་ཁུལ་གཙོ་བོ་བཅས་ལ་གཙང་ཕྱག་བྱེད་བཞིན་ཡོད། ཞིང་བའི་ཁྱིམ་ཚང་དང་། སྡེ་བ། གཞུང་ལམ་སོགས་གཙོ་གནད་ཁུལ་དང་། ལམ་ཐིག་གི་ངོས་བཅས་ལ་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱས་པ་བརྒྱུད་ནས། གད་སྙིགས་གཅིག་བསྡུས་སྒོས་གཙང་སེལ་དང་། དུས་བཅད་ལྟར་འཚོལ་སྡུད། དུས་བཅད་ལྟར་དབོར་འདྲེན། གནས་གཏན་འཁེལ་གྱིས་ཐག་གཅོད་བཅས་བྱས་པ་བརྒྱུད་ནས་ཞང་ཡོངས་ཀྱི་ཁོར་ཡུག་གི་རྣམ་པར་ལེགས་བཅོས་བཟང་བོ་ཐོབ་པ་རེད།

གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དེས་གྲོང་གསེབ་ཁོར་ཡུག་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་དུ་བཅུག་ཡོད་པ་དང་། དེས་སྡེ་མིའི་རྣམས་ལའང་མྱོང་ཚོར་ཤིན་ཏུ་ཟབ་མོ་ཞིག་བྱིན་ཡོད་པ་རེད། ལོ་བ་སྡེ་བའི་ཏང་ཡོན་རྒན་པ་མྱིང་མེད་གྱིས་རང་ཉིད་ཀྱི་མྱོང་ཚོར་བཤད་སྐབས། “ད་ལྟ་སྡེ་བའི་ནང་གི་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་གྱི་ལམ་ཚང་མ་སྒོ་ཁར་ལས་ཡོད་པ་དང་། སྔོན་ཆད་ཀྱི་དྲི་ངན་འབག་བཙོག་དང་གད་སྙིགས་ཀྱིས་ཁེངས་ཡོད་པའི་ར་བ་དེ་ད་ལྟ་དག་གཙང་ཞིག་ཏུ་གྱུར་ནས་ང་ཚོའི་འཚོ་བའང་སྔར་ལས་ཀྱང་བདེ་སྐྱིད་ལྡན་པར་གྱུར་སོང”ཞེས་བཤད།

ཟླ་3ཚེས་20ཉིན་གྱི་ཞོགས་པར། ལོ་བ་སྡེ་བའི་ཁོར་སྲུང་བ་བཀྲ་ཤིས་ཀྱིས་གད་སྙིགས་ཕྱགས་སྤྱད་ཀྱི་རླངས་འཁོར་བསྐོར་ནས་གད་སྙིགས་གཙང་ཕྱགས་བྱེད་འགོ་བརྩམས། སྡེ་བའི་གཞུང་ལམ་རེ་རེའི་སྟེང་དུ་གད་སྙིགས་ལྡུག་སའི་སྣོད་རེ་བཞག་ཡོད། བཀྲ་ཤིས་ཀྱིས་དགའ་དགའི་ངང་“མ་གཞི་ནས་ཁྱིམ་གཞིས་གཙང་སྦྲའི་འགན་འཁུར་རྒྱུ་ནི་ང་ལ་ཡོད་དགོས་པའི་འོས་འགན་ཞིག་རེད་”ཅེས་བཤད།

“ད་ལོར། ཀ་རིང་བོད་རིགས་ཞང་གིས་གད་སྙིགས་བསྡུ་སའི་ས་ཚིགས་འཛུགས་སྐྲུན་བཟང་པོ་བྱས་པ་དེས་ས་གནས་མང་ཚོགས་ལ་དེ་བས་ཀྱང་སྟབས་བདེ་མང་པོ་ཞིག་ཁྱེར་ཡོང་ངེས།”ཞེས་དུང་དཀར་གྱིས་ང་ཚོ་ལ་དེ་ལྟར་འཚམ་སྦྱོར་བྱས།

ཀ་རིང་བོད་རིགས་ཞང་ལ་ཀ་རིང་ལུང་བ་དང་།  བུས་ཐང་ལུང་བ། ཆུ་བཟང་ལུང་བ། རྫོང་བྲན་ལུང་བ་བཅས་ལུང་བ་བཞི་ཡོད། ལོ་རེར་ཀ་རིང་ཞང་གིས་མི་སྣ་རྩ་འཛུགས་བྱས་ནས་དུས་བཅད་ལྟར་ཡུར་བུའི་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད། ཀ་རིང་ཞང་གི་སྡེ་བ་རེའི་ལོ་ན་ལྔ་བཅུ་ཡན་གྱི་མང་ཚོགས་རང་འགུལ་སྒོས་བཙུགས་པའི་ཞིང་ཁའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཞུགས་པ་དང་། སྡེ་མི་ཡོངས་ལ་གད་སྙིགས་འཐུ་བ་དང་སྲང་ལམ་གཙང་སྦྲ་བྱེད་པའི་འོས་འགན་ཡོད། མི་སྡོད་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཀ་རིང་ཞང་གི་མང་ཚོགས་རྣམས་ཀྱི་རང་འགུལ་བྱ་སྤྱོད་དུ་གྱུར་ཡོད། དོན་དག་དེའི་སྐོར་གླེང་ཚེ། ལོ་བ་སྡེ་བའི་སྡེ་མི་གདུགས་དཀར་སྐྱབས་ཀྱིས་རང་དབང་མེད་པར་མཐེ་བོང་བསྒྲེངས་བཞིན་“ཀ་རིང་བོད་རིགས་ཞང་འདི་ལྟ་བུའི་ཁོར་ཡུག་བཟང་བོ་ཞིག་ན་འཚོ་བ་རོལ་པ་ནི་ངོ་མ་སྐྱིད་པོ་རེད།”ཅེས་ཟེར།

ད་ལྟ་ཀ་རིང་བོད་རིགས་ཞང་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་མང་ཚོགས་ཀྱི་དོན་དག་དང་པོར་གྱུར་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོ་དེ“ཁྲོམ་རར་བསྐྱོད་པ་དང་། སློབ་གྲྭར་བསྐྱོད་པ། དགོན་པར་བསྐྱོད་པ་དང་གསོ་སྤེལ་སྡོད་ཁུལ་”བཅས་སུ་བསྐྱོད་བཞིན་ཡོད། གནས་དེར་ཐོན་པ་ན་གསར་འགོད་པའི་རྣ་ལམ་འབྱོན་པ་ནི་ག་ས་གང་དུ་མང་ཚོགས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་ལ་ཁས་ལེན་བྱེད་པ་དེ་རེད། “ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དེ་ནི་གྲོང་གསེབ་ཀྱི་འཚོ་བའི་ཁོར་ཡུག་གཙང་བཟོ་བྱས་པར་མ་ཟད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་སྡེ་མི་ཚོས་ལོ་མང་པོའི་རིང་ལ་གད་སྙིགས་གང་སར་འཕེན་པའི་རྣམ་པ་ཡོངས་སུ་བསྒྱུར་ནས། སྡེ་མི་རྣམས་ཀྱང་གྲོང་ཁྱེར་གྱི་མི་དང་འདྲ་བར་གནས་གཏན་འཁེལ་བྱས་ཏེ་གད་སྙིགས་བླུགས་སྣོད་དུ་གད་སྙིགས་འཕེན་པའི་གོམས་གཤིས་ཡག་པོ་ཞིག་ཆགས་པར་བྱ་རྒྱུ་དེ་རེད”ཅེས་དུང་དཀར་གྱིས་དགའ་སྤྲོའི་ངང་བཤད།

ཀ་རིང་གི་བཅར་འདྲི་བརྒྱུད། གསར་འགོད་པའི་ཡིད་ངོས་སུ་རི་ལྗང་ཆུ་དྭངས་ཀྱི་མཛེས་སྡུག་མཛེས་རི་མོ་ཞིག་ལྷམ་མར་ཤར་ཡོང་། 

“དཔྱིད་ཀྱི་དཔལ་ཡོན་བཞད་པའི་མཚན་མོ་ཞིག་ལ། འབྲས་ལྡན་སྡོང་པོའི་ཡལ་ག་སྟོང་གི་མེ་ཏོག་ཐམས་ཅད་བཞད”། 。

རོང་འབྲོག་ས་ཁུལ་གྱི་མི་སྡོད་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་ནི་སྲོལ་ངན་དོར་བའི་འགག་སྒྲོལ་འཐབ་ཇུས་ཤིག་ཡིན་པས།  གྲོང་གསེབ་ཀྱི་དཔལ་ཡོན་གྱི་ཚད་མཐོར་འདེགས་སུ་གཏོང་བའི་ལག་ལེན་གྱི་སློབ་ཁྲིད་ཞིག་རེད། དཔྱིད་ཀ་སླེབས་པ་ནས་བཟུང་། ཀ་རིང་ཞང་ཏང་ཨུ་དང་། སྲིད་གཞུང་གིས་མྱུར་དུ་བྱ་འགུལ་སྤེལ་བ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བ་དེ་མི་དམངས་ལ་ཕན་པའི་དམངས་འཚོའི་ལས་གཞི་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་གི་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཞང་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་ལ་མངོན་གསལ་སྒོས་ལེགས་བཅོས་ཐོབ།

དྲིལ་བསྒྲགས་བྱང་བུ་དང་གཞུང་ཡིག་སྦྱར་ཚིག་འགེལ་བ་སོགས་ཀྱི་རྣམ་པ་སྤྱད་དེ་ཞིང་སྡེའི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་ལས་དོན་གྱི་གལ་ཆེན་རང་བཞིན་རྒྱ་ཁྱབ་དུ་དྲིལ་སྒྲོག་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་རྟོགས་སྒོས་སྤྱི་པའི་འཕྲོད་བསྟེན་སྲུང་སྐྱོབ་དང་། འཚོ་བའི་ཁོར་ཡུག་ལ་སྲུང་སྐྱོབ་བཅས་བྱས་པས་མི་རེ་རེའི་གྲོང་གསེབ་ཁོར་ཡུག་འཛུགས་སྐྲུན་ལ་སེམས་ཁུར་དང་མི་ཚང་མ་ཞུགས་ནས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་སྣང་ཚུལ་བཟང་པོ་ཆགས་སུ་བཅུག་པ་དང་། དྲིལ་བསྒྲགས་ཡིག་རིགས་བརྒྱ་དང་ལྔ་བཅུ་བཀྲམས་ཤིང་། སྦྱར་ཚིག་འགེལ་བའི་ཡི་གེ་སུམ་བཅུ་ལྷག་བྲིས།

ཀ་རིང་བོད་རིགས་ཞང་གི་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་པའི་རྣམ་པ་དང་འཚམ་པའི་ཆེད་དུ། རྫོང་དང་ཞང་ཏང་ཨུ། སྲིད་གཞུང་གིས་རྨང་གཞིའི་ཆ་རྐྱེན་ཅུང་ལེགས་པ་དང་མང་ཚོགས་ཀྱི་འདུ་ཤེས་ཅུང་མཐོ་བའི་ལོ་བ་སྡེ་བ་དེ་དཔེ་སྟོན་སྡེ་བར་བཀོད་ནས་ཚོད་ལྟ་བྱེད་ཡུལ་བྱས་པ་དང་། ཁྱིམ་ཚང་གིས་གཅིག་བསྡུས། སྡེ་བས་བསྡུ་གསོག  ཞང་གིས་དབོར་འདྲེན། གནས་གཏན་འཁེལ་གྱིས་མེད་པར་གཏོང་བའི་གད་སྙིགས་ཐག་གཅོད་ཀྱི་འགྲོ་ལུགས་གཏན་ལ་ཕབས་ཤིང་། རིམ་གྱིས་ཞང་ཡོངས་སུ་ཁྱབ་གདལ་དུ་བཏང་། “གཅིག་གྱུར་གྱི་དོ་དམ། གཅིག་གྱུར་གྱི་རྟགས་མཚན། གཅིག་གྱུར་གྱི་སྒྲིག་ཆས། གཅིག་གྱུར་གྱི་འགན་སྲུང་། གཅིག་གྱུར་གྱི་བཀོལ་སྤྱོད་བརྒྱུད་རིམ་བཅས”དོ་དམ་ཚད་གཞི་ལྔ་ལག་བསྟར་བྱས་ནས། ཁྱོན་ཡོངས་ནས་ལོ་བ་སྡེ་བའི་གད་སྙིགས་གཙང་སེལ་གྱི་ཚོད་ལྟའི་ཉམས་མྱོང་ཁྱབ་གདལ་དུ་བཏང་བ་དང་། གད་སྙིགས་གཙང་སེལ་དང་། ཆུ་ལམ་གཙང་སེལ། སྡེ་བའི་གཞུང་ལམ་བདེ་སྙོམ་དང་གཙང་སེལ་སོགས་ཀྱི་བྱ་བ་སྤེལ། དེ་དང་ཆབས་ཅིག་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གད་སྙིགས་ཀྱི་སྣོད་དང་གཙང་སེལ་རླངས་འཁོར། སྡེ་བའི་ལམ་གཙོ་བོ་དང་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཐང་ཆེན་སོགས་སྤྱི་པའི་འདུ་སར་གད་སྙིགས་བླུག་སྒམ་འཛུགས་པར་ཤུགས་བརྒྱབ། བཅོས་སྐྱོང་བྱ་འགུལ་སྤེལ་བ་ནས་བཟུང་། གད་སྙིགས་བླུག་ས་སོ་བཞིའི་གད་སྙིགས་གཙང་བཤེར་བྱས་པ་དང་རླངས་འཁོར་ལྔ་བརྒྱ་དང་ང་གཉིས་ཀྱིས་གད་སྙིགས་དབོར་འདྲེན། སྤྱི་ལེ་གསུམ་ཙམ་གྱི་ཆུ་ལམ་ལ་གཙང་བཤེར་བྱས།

ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱ་བར་ཕན་འབྲས་ཐོན་པར་འགན་ལེན་བྱ་ཆེད། ཞང་ཏང་ཨུ་དང་སྲིད་གཞུང་གི་ལས་ཁུངས་མ་དཔེར་བཟུང་ནས་ཏང་འཛུགས་སྐྱོང་དང་། དབུལ་སྐྱོར་མཁྲེགས་གཏོར་སོགས་ཀྱི་བྱ་བ་སྤེལ་བ་དང་དུས་མཚུངས་སུ་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་ལྟ་ཞིབ་བྱ་རྒྱུ་དང་ཆབས་ཅིག་གནད་དོན་ཤེས་རྟོགས་བྱུང་ན་དེ་མ་ཐག་ཏུ་བཅོས་བསྒྱུར་བྱེད་པ། ཞང་ཏང་ཨུ་དང་སྲིད་གཞུང་གིས་སྡེ་བ་སོ་སོ་དང་ཞང་གི་ཁོངས་སུ་གཏོགས་པའི་ལས་ཁུངས་ཀྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་རྩ་འཛུགས་ཀྱི་སྟེང་ནས་བཅོས་སྐྱོང་བྱ་བ་བདེ་བླག་ངང་སྤེལ་བར་འགན་ལེན་བྱས།
                                                                                                                                           ལོ་ཙཱ་བ། སྐར་མ་འཚོ།