ཕུལ་དུ་བྱུང་བའི་མཁའ་ལམ་བདག་སྐྱོང་བྱེད་མཁན།
2019.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

རུ་མི་རྣམས་ཀྱིས་གཟབ་ནན་སྒོས་རང་རང་གི་ལས་ཀར་འཇུག་བཞིན་ཡོད་ཅིང་།  ཁོ་ཚོའི་སྟོབས་དང་ལྡན་ཞིང་གསལ་དག་གི་སྐད་གདངས་དེ་མཐའ་ཡས་པའི་རི་ཐང་ཀུན་ཏུ་ལྷོད་ཀྱིས་རྒྱུ།  ནམ་ཡང་ཁོ་ཚོ་དང་མཉམ་དུ་ཡོད་པ་ནི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་སྤྲིན་དཀར་གྱི་ཀློང་དུ་འཐེན་པའི་མཁའ་ལམ་དེ་རེད།  ཁོ་ཚོ་ནི་ན་གོར་མོ་གྲོང་ཁྱེར་ལྷོ་རི་ཉག་ཁའི་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་རུ་འབྲིང་ལམ་སྲུང་རུ་ཁག་རེད། ལྷོ་རི་ཉག་ཁའི་ལྕགས་ལམ་སྲུང་སྐྱོབ་རུ་འབྲིང་ནི་ན་གོར་མོ་གྲོང་ཁྱེར་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་རུ་ཆེན་གྱི་མངའ་འོག་ཏུ་བཙུགས་ཡོད་པའི་རུ་འབྲིང་གྲས་ཀྱི་གཅིག་ཡིན་ལ། ད་དུང་ན་གོར་མོ་དང་ཁྲ་ཨར་ཧན། ན་ཁྲི་ཐེ་བཅས་བསྡོམས་པས་རུ་འབྲིང་བཞི་ཡོད། 2006ལོར་རུ་ཁག་བཙུགས་པའི་ཚུན་ལ། ཁོ་ཚོས་ཉིན་རེ་རེར་མཚོ་བོད་ལྕགས་ལམ་སྟེ་མཚོ་སྔོན་ནས་བོད་ལྗོངས་བར་གྱི་མཐུན་སྒྲིལ་གྱི་མཁའ་ལམ་དང་ཚེ་སྲོག་གི་མཁའ་ལམ། བདེ་སྐྱིད་ཀྱི་མཁའ་ལམ་འདི་སྲུང་སྐྱོབ་བྱེད་པར་རང་ཉིད་ཀྱི་རྔུལ་ཆུ་དང་སྟོབས་ཤུགས་བཏོན་དང་འདོན་གྱིན་ཡོད།

ལྕགས་ལམ་སྟེང་གི་གེགས་རྐྱེན་སྣ་ཚོགས་སེལ་ཆེད་རུ་མི་རྣམས་ཀྱིས་ཉིན་རྒྱུན་དུ་མི་མེད་བྱང་ཐང་དུ་སྤྱི་ལེ་ལྔ་ལྷག་གི་ལམ་ཐག་ལ་སྐོར་ཞིབ་བྱེད་བཞིན་ཡོད། “ཐོག་དང་པོར་སྐོར་ཞིབ་ལ་སོང་བའི་ཉིན་དེར་ང་རང་གི་སེམས་སུ་མཚར་སྣང་སྐྱེས་བྱུང་། རབ་ཏུ་ཚ་བའི་ཉི་ཟེར་འོག་ཏུ་སོང་གྱིན་སོང་གྱིན་ལུས་ཧྲིལ་བོ་རྔུལ་ཆུས་བརླན་པར་གྱུར་ཅིང་། དེའི་ཁར་མཐོ་སྒང་དུ་དབྱང་དབུགས་དཀོན་པས་གོམ་པའང་སྤོ་དཀའ་བར་གྱུར་བ་དང་། ཕྱིར་སྡོད་གནས་སུ་ཐོན་དུས་རྐང་མཐིལ་ཡང་རལ་འདུག  ཡིན་ནའང་ང་ཚོའི་ཕྲག་ཏུ་ཁུར་བའི་འགན་འཁྲི་དང་ལྕགས་ལམ་གྱི་བདེ་འཇགས་ཤར་གཏོང་སོགས་ལ་བསམ་བློ་བཏང་ཚེ། སྔར་བཞིན་ལས་ཀ་འདི་རྒྱུན་འཁྱོངས་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན།” ལྷོ་རི་ཉག་ཁའི་རུ་འབྲིང་གི་རུ་གཙོ་ཀྲང་ཞིན་ཏིས་ཀྱིས་དེ་ལྟར་བཤད།

བྱ་བར་དཀའ་སྡུག་ཆེ་ཞིང་མཚོ་ངོས་ཀྱི་མཐོ་ཚད་རྨིད་བཞི་སྟོང་ལྷག་ཡོད་པས་ཁོར་ཡུག་སྡུག་པོ་ཡིན་ནའང་། རུ་མི་རྣམས་ཀྱིས་ཉིན་རྒྱུན་དུ་གྲང་འཁྱགས་དང་ཚ་བ་གདོང་གིས་བསུ་བཞིན་དོགས་ཟོན་མཐོར་འདེགས་ངང་སྐོར་ཞིབ་བྱེད་བཞིན་ཡོད། དེ་ལྟར་མི་ལོ་བཅུ་གཉིས་ཀྱི་རིང་ལ་ཁོ་ཚོས་མཁའ་ལམ་དེའི་སྟེང་དུ་མི་སེམས་འགུལ་བའི་གཏམ་རྒྱུད་སྣ་ཚོགས་རིས་སུ་བྲིས་ཡོད།

ཝང་ཀྲིག་ཀོས་ནི་ཞིང་པ་ཞིག་ཡིན་པ་དང་དུས་རྒྱུན་ཁོས་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་རུ་ཆེན་ལྷོ་རི་ཉག་ཁའི་རུ་འབྲིང་གི་ཉེ་འགྲམ་དུ་ཕྱུགས་ཟོག་འཚོ་སྐྱོང་བྱེད་བཞིན་ཡོད། ཉིས་སྟོང་བཅུ་གཉིས་ལོར། ཁོས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་སྐབས་སུ་རླངས་འཁོར་ལ་ཆག་སྐྱོན་བྱུང་། དེ་བས་ཁོ་རང་གིས་རླངས་འཁོར་ཞིག་གསོ་བྱེད་དགོས་པ་བྱུང་ཞིང་། རླངས་འཁོར་ཞིག་གསོ་བྱེད་པའི་སྐབས་སུ་རླངས་འཁོར་སྡོད་ཚུལ་དེ་འདྲའི་བརྟན་བརླིང་མིན་པའི་ཁར་རླངས་འཁོར་ཞིག་གསོ་བྱེད་ས་དེ་ལ་ངོས་ཤིག་ཀྱང་ཡིན་པས་རླངས་འཁོར་གློ་བུར་དུ་ཤུད་ནས་ཁོའི་རྐེད་མཚམས་ནས་འཁོར་ཏེ་སོང་བས། སྐབས་དེར་ཁོའི་འགྲམ་ན་ཡོད་པའི་ཆུང་མ་ནི་ཅི་བྱ་གཏོལ་མེད་དུ་གྱུར།

ཝང་ཧྲིག་ཀོས་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ས་ནི་ལྷོ་རིའི་རུ་འབྲིང་དང་ལམ་ཐག་སྤྱི་ལེ་བརྒྱ་དང་ཉི་ཤུ་མ་གཏོགས་མེད། དོན་དག་དེ་ཤེས་མ་ཐག  རུ་གཙོ་ཀྲང་ཞིན་ཏིས་ཀྱིས་མྱུར་དུ་རུ་མི་རྣམས་ཁྲིད་ནས་དོན་དག་བྱུང་སར་སོང་བ་དང་། ཝང་ཧྲིག་ཀོས་མྱུར་སྐྱོབ་བྱས་ནས་མྱུར་དུ་སྨན་ཁང་དུ་བསྐྱལ་བས་ཁོའི་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་།   ཝང་ཧྲིག་ཀོས་བཟའ་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་ཏེ་ཆེད་དུ་བཀའ་དྲིན་ཞུ་ཡིག་ཅིག་བྲིས་པར་མ་ཟད་ལྷོ་རིའི་རུ་འབྲིང་ལ་གོས་དར་ཞིག་ཀྱང་ཕུལ། དོན་དག་དེ་ལ་བརྟེན་ནས། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པར་ལྷོ་རི་ཉག་ཁའི་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་རུ་འབྲིང་དེ་ལེ་ཧྥང་བྱ་འགུལ་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་ཐུན་མོང་དུ་བདམས་ཐོན་བྱུང་།

རྒུད་སྐྱོབ་བྱེད་པའི་ཞོར་དུ་ཁོ་ཚོས་མེ་འཁོར་ལ་གནོད་འཚེ་གཏོང་མཁན་གྱི་མི་ངན་གྱི་རིགས་འཛིན་བཟུང་བྱས་མྱོང་ལ་ལྕགས་ལམ་གྱི་སྟེང་དུ་ཚེ་སྲོག་འདོར་གྲབས་བྱེད་མཁན་གྱི་བུད་མེད་ཅིག་མྱུར་སྐྱོབ་བྱས། དེ་མིན་ཐེངས་མང་པོར་ལྕགས་ལམ་སྟེང་དུ་གང་འདོད་དུ་རྒྱུ་བའི་མགྲོན་པོ་དང་ནོར་ལུག་སོགས་སྔོན་འགོག་བྱས དེ་ལྟར་ཁོ་ཚོ་ལ་ཕངས་སེམས་ཅི་ཡང་མེད་པར་རང་ཉིད་ཀྱི་ཡོད་ཚད་མཁའ་ལམ་དུ་འབོད་པའི་མཚོ་བོད་ལྕགས་ལམ་དང་དེའི་ཁོར་ཡུག་གི་བདེ་འཇགས་ཐད་ལ་ཕུལ་ཡོད།

“ལོ་རེ་རེའི་ཟླ་བཅུ་བ་ནས་ཟླ་བཞི་བའི་བར་དུ་མཐོ་སྒང་གི་ནམ་ཟླ་ནི་ཤིན་ཏུ་བཙོག་པ་སྟེ། རྒྱུན་དུ་ཁངས་འབབ་པ་དང་དྲོད་གྲང་མར་ཆག་བཞིན་ཡོད། དེར་མ་ཟད་ལོ་རེར་དཔྱིད་ཚུགས་སྐབས་སུ་མཐོ་སྒང་དུ་ས་རྡུལ་ཤིན་ཏུ་ཆེ་བས་དུས་དེ་ནི་ང་ཚོ་ལ་ཆེས་དཀའ་ཚེགས་ཆེ་བའི་དུས་སྐབས་ཤིག་ཡིན། དེ་འདྲ་ཞིག་ཡིན་ནའང་ང་ཚོའི་རུ་མི་རྣམས་ཀྱིས་ཆར་རླུང་དང་གྲང་ངར་སོགས་གང་ལའང་མི་འཛེམ་པར་སྐོར་ཞིབ་བྱ་བ་རྒྱུན་འཁྱོངས་བྱས་ནས་ལྕགས་ལམ་དང་དེའི་མཐའ་འཁོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་བཞིན་ཡོད།” ན་གོར་མོ་གྲོང་ཁྱེར་ལྕགས་ལམ་ལམ་སྲུང་མཉམ་འབྲེལ་སྔོན་འགོག་རུ་ཆེན་གྱི་རོགས་ཁྲིད་པས་དེ་ལྟར་མཚམས་སྦྱོར་བྱས།

ད་ལོའི་ཟླ་མཆོད་དུས་ཆེན་གྱི་སྐབས་སུ་ཡང་སྤྱིར་ན་ཁྱིམ་མི་ལྷན་འཛོམས་བྱེད་པ་དང་གནས་སྐོར་དུ་འགྲོ་བ་སོགས་བྱེད་ཀྱི་ཡོད་མོད། ས་ཁུལ་འདིའི་མི་དམངས་མང་ཚོགས་དང་གནས་སྐོར་བ་རྣམས་ཀྱིས་སྤྲོ་གསེང་སྐྱིད་པོ་ཞིག་གཏོང་བའི་ཆེད་དུ། རུ་ཆེན་དེའི་རུ་མི་རྣམས་ཀྱིས་རང་ཉིད་ཁྱིམ་མི་དང་ལྷན་འཛོམས་འབྱུང་རྒྱུའི་གོ་སྐབས་ཡལ་བར་དོར་ཏེ། ནམ་རྒྱུན་དུ་སྐོར་ཞིབ་བྱས་ཏེ་རང་གི་ལས་གནས་གཏན་སྲུང་བྱས། ཕ་ཡུལ་ནི་རྒྱང་རིང་དུ་ཡོད་པས་རུ་འབྲིང་ནི་ང་ཡི་ཁྱིམ་ཚང་ཡིན། རུ་མི་རྣམས་ཀྱིས་མུ་མེད་ཀྱི་བྱང་ཐང་དེ་རུ་རང་ཉིད་ཀྱི་ཡོད་ཚད་ལྷག་བསམ་ཟོལ་མེད་ཀྱིས་སྐྱེས་སུ་ཕུལ་བཞིན་འདུག

ཝང་ཧྥུན་ཧྥུན་ནི་ན་གོར་མོ་གྲོང་ཁྱེར་ལྷོ་རི་ཉག་ཁའི་ལྕགས་ལམ་སྲུང་སྐྱོབ་མཉམ་འབྲེལ་འགོག་སྲུང་རུ་ཆེན་གྱི་རུ་མི་རྒན་པ་ཞིག་ཡིན། ཁོ་རང་ཉིས་སྟོང་བདུན་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ལྕགས་ལམ་ལམ་སྲུང་མཉམ་འབྲེལ་སྔོན་འགོག་རུ་ཆེན་དུ་ཞུགས་ཤིང་སོ་སོར་རུ་འབྲིང་བཞི་བོ་ནས་བསྡད་མྱོང་། ཡིན་ནའང་ཡ་མཚར་བ་ཞིག་ནི་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་ཁོ་རང་ཕ་ཡུལ་ཀན་སུའུ་ལུང་ནན་དུ་སོང་ནས་ཐེངས་གཅིག་ལའང་ལོ་སར་མྱོང་མེད། “ང་ཚོའི་ལོ་གཅིག་གི་ངལ་གསོའི་དུས་ཡུན་ནི་ཉིན་ཉི་ཤུ་ཡིན། སྔོན་ཆད་ང་རང་ཕ་ཡུལ་དུ་འགྲོ་བའི་ལམ་བར་དུ་ཉིན་ལྔ་དྲུག་ཅིག་གི་དུས་ཚོད་དགོས་པ་དང་དེ་ལྟར་བྱས་ཚེ་ཉིན་བཅོ་ལྔ་ཙམ་ལ་མ་གཏོགས་ཁྱིམ་དུ་འདུག་ཁོམ་མེད། ངའི་ཕ་ཡུལ་ནི་ཞིང་སྡེ་ཡིན་པའི་སྟབས་ཀྱིས་དུས་རྒྱུན་ང་རང་ཞིང་འབྲེག་སྡུད་བྱེད་པའི་སྐབས་དང་བསྟུན་ནས་ཡུལ་ལ་སོང་སྟེ་ཁྱིམ་མི་ཚོར་རོགས་རམ་བྱས་པ་ཡིན། ཨ་ཕ་ཞིག་དང་ཁྱོ་ག་ཞིག་ཡིན་པའི་ངོས་ནས་ལོ་འདི་ཚོར་ང་རང་དངོས་གནས་ཁྱིམ་མི་ཚོར་ངོ་གནོང་ཞིང་བློ་མི་བདེ་བ་ཞིག་རེད། དེ་བས་ངས་རྒྱུན་དུ་བྱིས་པ་ཚོར་ང་ལ་ལེ་བདའ་མ་བྱེད། གང་ལྟར་བྱ་བ་འདི་འདྲ་ཞིག་བདམས་ཟིན་པས་ད་ནི་ཅིས་ཀྱང་མདོ་དབུས་ལྕགས་ལམ་ལ་བདག་སྐྱོང་བཟང་བོ་བྱེད་དགོས་པ་དང་སྤྱི་ཚོགས་ཀྱི་ཆེད་དུ་བྱས་རྗེས་འཇོག་དགོས་ཞེས་བཤད་པ་ཡིན།” དེ་ལྟར་ཟེར་ཞོར་ཝང་ཧྥུན་ཧྥུན་གྱི་མིག་མཐར་མཆི་མ་འཁོར་བྱུང་།

རུ་འབྲིང་དེ་བཙུགས་པའི་ཉིན་ཐོག་མ་ནས་བཟུང་སྟེ། རུ་མི་རྣམས་དང་མཁའ་ལམ་འདི་ལ་ནམ་ཡང་འབྲལ་ཐབས་མེད་པའི་ལས་འབྲེལ་བྱུང་ཡོད། “ལམ་སྲུང་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོའི་བྱ་བ་འདི་དང་བྱ་བའི་དམིགས་ཡུལ་འདི་ལ་མི་མང་པོ་ཞིག་གིས་ཕལ་ཆེར་ད་དུང་རྒྱུས་ལོན་བྱེད་ཐུབ་ཀྱི་མེད། ཡིན་ནའང་ང་ཚོའི་ཕྲག་སྟེང་དུ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁུར་ཡོད་པར་མ་ཟད།  མདོ་དབུས་ལྕགས་ལམ་གྱི་སྐུ་ལྷའི་ལམ་ཐིག་གི་སྤྱི་ལེ་ཞེ་དྲུག་རིང་གི་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུར་གྱུར་བའི་མཁའ་ལམ་སྟེང་མེ་འཁོར་ཤར་གཏོང་བྱེད་པའི་འགན་འཁྲི་ལྕི་མོ་དེ་ཡང་ཁུར་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཚེ་སྲོག་གསེར་ལས་དཀོན་ཞིང་བདེ་འཇགས་ཀུན་ལས་མཆོག་པའི་རྩ་དོན་ལག་བསྟར་བྱེད་བཞིན་དུ། སྙིང་སྟོབས་ཆེན་པོས་ས་ཁུལ་འདིའི་མཁའ་ལམ་སྟེང་དུ་ནམ་ཡང་མེ་འཁོར་ཤར་གཏོང་བྱེད་ཐུབ་པར་རེ་བས་ཁེངས་ཡོད”ཅེས་རུ་གཙོ་ཀྲང་ཞིན་ཏིས་ཀྱིས་གཟབ་ནན་ངང་བཤད་བྱུང་།

                                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།