པན་ཆེན་སྡེ་བའི་མདུན་སྐྱོད་ཀྱི་བགྲོད་ལམ།
2019.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མཁར་ནས་ལམ་ལ་ཆས་ཏེ། དཀྱོག་ལམ་མང་པོ་བརྒྱུད་མཐར། ང་ཚོ་བོད་ཀྱི་ཁྱད་ཆོས་ལྡན་པའི་མཁར་རྫོང་གིས་བསྐོར་བའི་ངྷི་མདའ་ཞང་པན་ཆེན་སྡེ་བར་ཐོན་པ་དང་། ཞིང་སྡེའི་བགྲོད་ལམ་སྟེང་གནས་སྤོར་རྗེས་ཤུལ་འཚོལ་བཞིན་སོང་།

གནས་དེ་ནི་མཚོ་ངོས་ལས་མུས་སུམ་སྟོང་ཉིས་བརྒྱ་ཡོད་པ་དང་། རི་བོའི་སྟེང་དུ་ཁ་བའི་གཡོགས་ཡོད། མདོ་དབུས་མཐོ་སྒང་གི་གཞི་རུ་ཆགས་པའི་པན་ཆེན་སྡེ་བ་དེས་སྨར་ཁོག་ཆུ་བོའི་འགྲམ་རྒྱུད་དུ་གྲུབ་འབྲས་བཟང་བོ་བསྐྲུན་ཡོད་པ་དེས་ང་ཚོ་མཚར་སྣང་ཆེན་པོ་སྐྱེས་སུ་བཅུག  དེ་སྔོན་གྱི“དབུལ་ཕོངས་སྡེ་བ”དེས་ད་ལྟ“ཀྲུང་གོའི་ལོ་རྒྱུས་རིག་གནས་སྡེ་བ་གྲགས་ཅན”དང“2018ལོའི་ཀྲུང་གོའི་ཆེས་མཛེས་པའི་ཞིང་གྲོང”གི་མཚན་སྙན་བླངས་ཡོད། པན་ཆེན་སྡེ་བའི་མི་དམངས་འབྱོར་ཕྱུག་ཏུ་གྱུར་བ་དང་བསམ་བློ་སྔོན་ཐོན་དུ་ཇི་ལྟར་གྱུར་སོང་བ་རེད་དམ།

དབུལ་ཕོངས་སྡེ་བ་ནས་སྣེ་ཁྲིད་དཔེ་སྟོན་སྡེ་བར་གྱུར་བ།

པན་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀརྨ་མཆོག་གིས་བཤད་རྒྱུར།“ལོ་ངོ་བཞི་བཅུའི་ཡར་སྔོན་དུ། པན་ཆེན་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་རི་ནང་དུ་འཚོ་བ་རོལ་བཞིན་ཡོད་ལ། གཏན་སྡོད་ཀྱི་ཁང་བ་མེད་པ་དང་། ཆུ་དང་གློག་ཀྱང་མེད་པས། ཞིང་ཕྱུགས་ལས་ཚང་མ་གནམ་ལ་བརྟེན་དགོས་ལ། ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པ་དང་ཐོན་སྐྱེད་རྣམ་པ་རྗེས་ལུས་ཡིན་པས། མང་ཚོགས་ཀྱི་འཚོ་བ་ཧ་ཅང་དབུལ་བོ་ཡིན”ཟེར།

དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་ཆེད། “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱིས་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་བ་ནས་མགོ་བརྩམས་ཏེ། ཐོན་ལས་ཀྱི་གྲུབ་ཚུལ་སྙོམས་སྒྲིག་དང་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་། 1988ལོར། ཀརྨ་མཆོག་གིས་དབུལ་ཕོངས་འབྲོག་པ་བདུན་རྩ་འཛུགས་བྱས་ཏེ་སྤྱི་ལེ་བརྒྱ་དང་ལྔ་བཅུའི་མཚམས་ཀྱི་པད་མ་རྫོང་སྟག་མཁར་ཞང་དུ་ལྕུམ་རྩྭ་བརྐོ་རུ་སོང་། དེ་ནི་པན་ཆེན་སྡེ་བའི་ལོ་རྒྱུས་སྟེང་ཐོག་དང་པོར་སྡེ་མི་ཕྱིར་སོང་ནས་ལས་ཀ་གཉེར་བ་དང་ཡོང་སྒོ་བཙལ་བ་ཡིན་ལ། ཀརྨ་མཆོག་ནི་ས་གནས་དེའི་ཡོང་སྒོ་འཚོལ་མཁན་ཐོག་མ་རུ་གྱུར།

“1994ལོར། སྡེ་བ་ཡོངས་ཀྱི་མི་བཅུ་བཞི་ཡིས་སྐྱེལ་འདྲེན་རུ་ཁག་རྩ་འཛུགས་བྱས་ཏེ། ཤིང་ཆ་སྐྱེལ་འདྲེན་དང་གཞུང་ལམ་བདག་སྐྱོང་ལས་འགན་གྱི་བྱ་བ་བསྒྲུབས་པས། ལོ་དེར་སྐྱེལ་འདྲེན་རུ་ཁག་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གསུམ་དུ་སླེབས་ཡོད།”

ཞོར་ལས་ཀྱི་ཡོང་སྒོ་བླངས་བས་མང་ཚོགས་ཀྱི་འབད་བརྩོན་བྱེད་ཤུགས་ལ་སྐུལ་སློང་བྱས། མི་སྔར་ལས་མང་པོར་ཤུགས་རྐྱེན་ཐེབས་ནས་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་མགོ་བརྩམས་པ་དང་། ཐུན་མོང་དཔལ་འབྱོར་གྱི་གཞི་ཁྱོན་ཇེ་ཆེར་གཏོང་ཆེད། པན་ཆེན་སྡེ་བས་ཡུལ་བབས་དང་བསྟུན་ནས། “ཚོང་གཉེར་རྣམ་པ་མང་པོ་བེད་སྤྱད་ནས་ཡོང་སྒོ་བརྟན་འཇགས་སུ་བཏང་བ་དང་། ལས་རིགས་མང་པོ་མཉམ་དུ་སྦྲེལ་ནས་ཕན་འབྲས་འཕར་སྣོན”བྱེད་པའི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས།

ཀརྨ་མཆོག་ལ་ཚོར་སྣང་ཟབ་མོ་ཞིག་ཡོད་པ་ནི།“ལོ་བཅུའི་སྔོན་ལ། པན་ཆེན་སྡེ་བས་ཁུལ་ཡོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཐོག་མ་བཙུགས་ལ། དེ་ནི་པན་ཆེན་སྡེ་བའི་ཞིང་ཕྱུགས་ལས་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་ཆེད་ལས་མཉམ་ལས་ཁང་རེད། ལོ་གཅིག་གི་ཡོང་སྒོ་སྒོར་འབུམ་དྲུག་ལ་སླེབས་པ་དང་། ཁྱིམ་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་ལྔ་ལྷག་རེད”ཟེར། འབྲོག་པ་རྣམས་ལ་འཁོར་རྒྱུག་ས་ཆའི་གླ་དངུལ་ཡོད་པ་དང་མཉམ་ལས་ཁང་དུ་མ་རྐང་བཞག་པས་ཡོང་སྒོ་ཡོད། ཁོ་ཚོས་ད་དུང་ཟ་ཁང་ཆུང་བ་དང་ཚོང་ཁང་། ཁྱད་ལྡན་ཐོན་ལས་ཚོང་ཁང་སོགས་གཉེར་བཞིན་ཡོད་པས། འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་རེད།

ཀརྨ་མཆོག་དང་མཉམ་དུ་ཕྱི་རུ་སོང་སྟེ་མིག་རྒྱ་བསྐྱེད་པའི་མི་ཚང་མས་ཤེས་པ་ལྟར་ན། དུས་ཡུན་རིང་བོར་རྣམ་པ་འདི་སྲུང་འཛིན་བྱེད་དགོས་ན། ངེས་པར་དུ་རྗེས་མཐུད་ཀྱི་ནུས་ཤུགས་གསོ་སྐྱོང་བྱེད་པར་གདེང་འཇོག་བྱེད་དགོས་པ་མ་ཟད། ཆེས་གལ་ཆེ་བ་ནི་སློབ་གསོར་གདེང་འཇོག་ཆེན་པོ་བྱེད་དགོས། ལོ་ངོ་བཞི་བཅུའི་ཡར་སྔོན་དུ། པན་ཆེན་སྡེ་བའི་སློབ་གསོའི་ལས་དོན་ཐད་ཕལ་ཆེར་གླེང་འོས་པའི་དོན་དག་མེད། དཔལ་འབྱོར་གྱི་ཆ་རྐྱེན་ལ་ཚད་བཀག་ཡོད་པས་སློབ་གྲྭར་འགྲོ་མི་ཐུབ་པའི་སྣང་ཚུལ་ཕལ་ཆེར་ཁྱབ་གདལ་དུ་གནས་ཡོད་ལ། སློབ་གྲྭར་སོང་ནས་རིག་གནས་སྦྱངས་མ་ཐུབ་པར་མི་མང་ཆེ་བ་འགྱོད་སེམས་ཆེན་པོ་སྐྱེས་བཞིན་ཡོད།

པན་ཆེན་སྡེ་བའི་པ་སངས་ཀྱི་ཁྱིམ་དུ། ང་ཚོས་གདོད་མའི་བོད་ལུགས་ཀྱི་མཁར་རྫོང་མཐོང་བ་དང་། ཐོག་རྩེག་གཉིས་པར་སོང་བ་ན། བཟོ་ལྟ་མཛེས་པའི་རི་མོ་དང་བརྐོས་རིས་ཀྱིས་ང་ཚོར་རྩེར་སོན་གྱི་རིག་གནས་རྒྱུས་ལོན་བྱེད་དུ་བཅུག པ་སངས་ནི་སྡེ་བའི་ནང་གི་སློབ་ཆེན་སློབ་མ་ཡིན་ལ། 2015ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་རིགས་པའི་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། མིག་སྔར་ཞང་སྲིད་གཞུང་དུ་བཀོད་སྒྲིག་བྱས་ཏེ་ལས་ཚོགས་སུ་ཞུགས་བཞིན་ཡོད་ལ། ཁོ་མོས་རྒྱ་སྐད་ཐོག་པ་མེད་པ་ཞིག་བཤད་ཐུབ།

པན་ཆེན་སྡེ་བའི་ཀྲུའུ་རིན་ཡེ་ཤེས་སྤོས་ཐར་གྱིས་བཤད་རྒྱུར།“སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་ཀྱི་ཤུགས་རྐྱེན་འོག ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་མི་ཚེ་གང་བོར་ཕྱུགས་རྫི་བྱེད་དགོས་རུང་སློབ་གྲྭར་བསྐྱལ་འདོད་ཀྱིན་མེད། དང་ཐོག་སྡེ་བ་ཡོངས་སུ་སློབ་ལོ་རན་པའི་སློབ་མའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་སུམ་ཅུ་མ་གཏོགས་མེད་ལ། དབྱར་རྩྭ་བརྐོ་བའི་དུས་སྐབས་སུ་སླེབས་དུས། སློབ་གྲྭའི་སློབ་ཁང་དང་རྩལ་སྦྱོང་ར་བའི་ནང་དུ་མི་གཅིག་ཀྱང་མཐོང་རྒྱུ་མེད”ཟེར།

ལོ་ངོ་བཞི་བཅུའི་རིང་། སློབ་གྲྭ“འགྲོ་སྦྱོང་བྱེད་པ”ནས“བཅའ་སྡོད་ལམ་ལུགས”སུ་བསྒྱུར་བ་དང་། སློབ་མ་རྣམས་ཀྱིས“སློབ་སྦྱོང་མི་བྱེད་པ”ནས“གསབ་སྦྱོང”བྱེད་པར་གྱུར། ད་ལྟའི་པན་ཆེན་སྡེ་བ་རུ་བསྐྱོད་པ་ན། ཆེས་མཛེས་པ་ནི་སློབ་གྲྭ་ཡིན་ལ། ཆེས་དེང་རབས་ཅན་དུ་གྱུར་ཡོད་པ་ཡང་སློབ་གྲྭ་རེད།

“སློབ་གསོ་སྔོན་ལ་ལག་བསྟར་བྱེད་པའི”འཐབ་ཇུས་ཏེ་པན་ཆེན་སྡེ་བ་རུ་ར་སྤྲོད་ཆེས་བཟང་བོ་བྱས་ཡོད་ལ། སློབ་གསོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཀྱང་པན་ཆེན་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་ཡོད་པ་འགྲེལ་བཤད་གསལ་བོ་བྱས་ཡོད།

ཁ་ཐོར་དུ་གནས་ཡོད་པ་ནས་རྡོག་རྩ་གཅིག་སྒྲིལ་དུ་གྱུར་བ།

ཀརྨ་མཆོག་གིས་འོ་མ་སླ་ངའི་ནང་བླུགས་ཏེ་དཀྲུག་ཞོར་བཤད་རྒྱུར། འགྱུར་ལྡོག་གླེང་ན་ཆེས་གླེང་དགོས་པ་ནི་མི་རེད། འབྲོག་པ་རྣམས་ཁ་ཐོར་དུ་གནས་ཡོད་ལ། ཕན་ཚུན་བར་འགྲོ་འོང་དང་བསམ་བློ་བརྗེ་རེས་བྱེད་པ་ཉུང་། ཆེས་གཙོ་བོ་ནི་མི་སེམས་གཅིག་ཏུ་སྒྲིལ་ཏེ་འཆམ་མཐུན་ལ་སྐུལ་འདེད་བྱེད་དགོས། སྡེ་བ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་ལྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཟེར།

སྡེ་དམངས་སར་ཁང་ཏིང་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། དེ་སྔོན་ནི་རུ་བ་སྤོ་བའི་འཚོ་བའི་རྣམ་པ་ཡིན་ལ། འཐུང་ཆུ་ཚང་མ་མི་དང་རྟ་ལ་བཀལ་ནས་ལེན་དགོས། ད་ལྟ་སྣུམ་ལམ་སྡེ་བ་དང་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་ཡོད་པ་དང་། ང་རང་ཡང་སྦྲ་གུར་ནས་སྡེ་བའི་སྡོད་གནས་གསར་བ་རུ་གནས་སྤར་ཡོད། རང་འབབ་ཆུ་ཁྱིམ་དུ་འཐེན་ཡོད་པ་དང་། ང་ཚོའི་སྡེ་བའི་རྣམ་པར་གནས་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཟེར།

སྡེ་དམངས་འབྲུག་ཐར་གྱིས་བཤད་རྒྱུར། “དེ་སྔོན་སྡེ་བའི་ནང་དུ་ཕྱུགས་ལས་རྐྱང་བ་གཉེར་བཞིན་ཡོད་ལ། ལག་ཤེས་གཞན་གཅིག་ཀྱང་མི་ཤེས། འོན་ཀྱང་། མི་འདྲ་བ་ཞིག་ཡོད་པ་ནི་སྡེ་བའི་ནང་གི་མི་སུ་ཡིས་ལག་ཤེས་རེ་སྦྱངས་ཚེ། ཚང་མས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བར་ལག་ཤེས་སློབ་བཞིན་ཡོད། ང་རང་གིས་ཀྱང་སར་ཁང་ཏིང་སྐྱབས་ཀྱི་མཛུབ་སྟོན་འོག གློག་ལས་པའི་ལག་རྩལ་ཤེས་པ་དང་། ཕན་ཚུན་བར་རོགས་རམ་བྱས་པས་ང་ཚོ་བགྲོད་ལམ་གསར་བར་བསྐྱོད་པ་དང་ལས་རིགས་གསར་བ་བསྐྲུན་ཐུབ་བྱུང”ཟེར།

ཀརྨ་མཆོག་གིས་བཤད་རྒྱུར། འཚོ་བ་སྔར་ལས་བདེ་སྐྱིད་དུ་གྱུར་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཀྱི་བྱ་བ་ནན་ཏན་སྒོས་སྒྲུབ་དགོས། རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློ་གཅིག་ཏུ་སྒྲིལ་ན། བདེ་སྐྱིད་འཚོ་བ་སྔར་ལས་རྟག་བརྟན་དུ་འགྱུར་ཐུབ་ཟེར།

དུས་ཡུན་རིང་བོར། པན་ཆེན་སྡེ་བའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་དེ་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོར་བརྩིས་ནས། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་དྲིལ་སྒྲོག་དང་བསམ་བློའི་སློབ་གསོའི་བྱ་བ་རྒྱ་ཁྱབ་ངང་སྤེལ་བས། རྩྭ་ཐང་དང་ཡང་ན་དུས་ཆེན་གྱི་བྱ་འགུལ་གང་ཡིན་ཡང་། འབྲོག་པ་མང་ཚོགས་ཀྱི་སེམས་དུས་ནམ་ཡང་གཅིག་ཏུ་སྒྲིལ་ཡོད་པ་དང་། ཁྱིམ་ཚང་གཅིག་ལྟ་བུའི་བརྩེ་བ་ཡོད།

རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཛུགས་སྐྲུན་དང་ཁྲིམས་ལུགས་ཁྱབ་གདལ་བྱ་བ་གཏིང་ཟབ་ཏུ་སྐུལ་འདེད་བྱས་པ་དང་བསྟུན་ནས། དུས་ཡུན་རིང་བོར་པན་ཆེན་སྡེ་བས་མི་རྣམས་ལ་ལས་ཀ་མེད་པའི་དུས་ཚོད་བེད་སྤྱད་དེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྩ་འཛུགས་བྱས་ནས་གཅིག་བསྡུས་སྒོས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱས་ཏེ། མི་རྣམས་ལ་བཅའ་ཁྲིམས་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱས་པ་དང་། ཧུར་ཐག་གིས་མི་ཚང་མས་ཁྲིམས་ཤེས་པ་དང་ཁྲིམས་བརྩི་བ། ཁྲིམས་བཀོལ་བའི་སྣང་ཚུལ་བཟང་བོ་ཆགས་སུ་བཅུག

སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་གཏོང་ཆེད། པན་ཆེན་སྡེ་བས་བཅའ་ཁྲིམས་འཛུགས་སྐྲུན་དང་ཀུན་སྤྱོད་འཛུགས་སྐྲུན་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། པད་མ་རྫོང་གི《སྡེ་སྲོལ་དམངས་ཆིངས》ཐོག་མ་གཏན་འབེབ་བྱས་པ་དང་། བཅའ་ཁྲིམས་དང་ཀུན་སྤྱོད་ཕན་ཚུན་གཞོག་འདེགས་དང་ཕན་ཚུན་སྐུལ་སྤེལ་བྱས། འབྲོག་པ་བཀྲ་ཤིས་ཐར་གྱིས་བཤད་རྒྱུར། ད་ལྟ། བཅའ་ཁྲིམས་ཀྱི་འདུ་ཤེས་པན་ཆེན་སྡེ་བའི་མི་ཚང་མའི་སེམས་སུ་གནས་ཡོད་ལ། འབྲོག་པ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པས། དམངས་ཡོངས་ཀྱིས་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་རྣམ་པ་ཆགས་པ་དང་། པན་ཆེན་སྡེ་བའི་སྤྱི་ཡོངས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་རྣམ་པ་ཇེ་ལེགས་སུ་སོང་ཡོད་པ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་ཀྱི་གྲངས་ཀ་ཡང་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་ཟེར།

པན་ཆེན་སྡེ་བས་མདོ་དབུས་མཐོ་སྒང་དུ་སྡེ་དམངས་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་ཆགས་སུ་བཅུག་ཡོད།

སྨན་དཀོན་པ་ནས་དམངས་ཚིས་བདེ་ཐང་དུ་གྱུར་བ།

སྨན་བཅོས་འཕྲོད་བསྟེན་གླེང་ན། ནད་ཆུང་བ་བསྲན་པ་དང་ནད་ཆེ་བ་འགོར་འགྱངས་བྱེད་པའི་སྐད་ཆ་དེས་དེ་སྔོན་གྱི་པན་ཆེན་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་ནད་བྱུང་རྗེས་ཀྱི་རྣམ་པ་དངོས་མཚོན་ཡོད།

འབྲོག་པ་ས་ཡེ་བྷོ་ཡིས་བཤད་རྒྱུར། ལོ་ངོ་བཞི་བཅུའི་ཡར་སྔོན་དུ། པན་ཆེན་སྡེ་བའི་སྨན་བཅོས་ཆ་རྐྱེན་ཞན་པ་དང་སྨན་དཀོན་པས། མང་ཚོགས་རྣམས་ལ་ནད་བྱུང་ཚེ་དཀའ་ཁག་ཆེན་པོ་ཡོད། དེ་སྔོན་ནད་གཞི་ཉན་ཆས་དང་ཁྲག་ཤེད་ལྟ་ཆས། དྲོད་ཚད་འཇལ་ཆས་བཅས་ནི་སྨན་པས་ནད་ལ་བལྟ་བྱེད་ཀྱི་ལག་ཆ་ཆེན་པོ་གསུམ་རེད་ཟེར།

བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་། སྲོལ་རྒྱུན་གྱི་ནད་བརྟག་ཡོ་བྱད་དེ་གསུམ་ཚན་རྩལ་མཐོ་བའི་ཐོན་རྫས་ཀྱིས་ཚབ་བྱས་ཡོད་ལ། རིམས་འགོག་བདེ་སྲུང་ལས་དོན་ཐད་མེད་པ་ནས་ཡོད་པ་མངོན་འགྱུར་བྱས་པ་དང་། འགོས་ནད་སྣ་ཚོགས་ལ་ཕན་ནུས་ཡོད་པའི་སྒོ་ནས་ཚོད་འཛིན་ཐོབ་པས། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མགྱོགས་མྱུར་སྒོས་ཇེ་མཐོར་སོང་ཡོད།

ཡེ་ཤེས་པེས་ཐར་གྱིས་བཤད་རྒྱུར། ཁྱད་པར་དུ་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་གཞི་རྒྱ་ཆེ་བའི་ལག་བསྟར་ཁྱབ་གདལ་བྱས་པས། གནད་འགག་གི་དུས་སྐབས་སུ་པན་ཆེན་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་ནད་ལ་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བའི་གནད་དོན་ཞི་ལྷོད་དུ་བཏང་བ་དང་། རྩིས་ཞུ་བྱས་པའི་བསྡུར་ཚད་ལོ་རེར་ཇེ་མཐོར་འགྲོ་བཞིན་ཡོད་པས། མང་ཚོགས་ཀྱི་ནད་ལ་སྟོན་པའི་རིན་མཐོ་བར་སེམས་ཁྲལ་བྱེད་མི་དགོས་ཟེར།

སྡེ་དམངས་ས་ཡེ་བྷོ་ལ་ཚོར་སྣང་ཟབ་མོ་ཞིག་ཡོད་པ་ནི་། དེ་སྔོན་སྒོར་མོ་མེད་པར་ནད་ལ་སྟོན་དཀའ་བ་དང་། ནད་ཡོད་ན་འགོར་འགྱངས་བྱས་པས་ནད་ཆེན་དུ་གྱུར། ད་ལྟ་ཁྱིམ་གྱི་མི་ཚང་མ་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་ཞུགས་པས། ལུས་ཕུང་ཅུང་ཙམ་མ་བདེ་ཚེ་སྨན་ཁང་དུ་ནད་ལ་སྟོན་དུ་འགྲོ་བཞིན་ཡོད། ས་ཡེ་བྷོ་ནི་གནད་ཕིགས་དབུལ་སྐྱོར་གྱི་མི་སྣ་ཡིན་ལ། ད་ལྟ་ནད་ལ་སྟོན་པ་དང་ཞག་སྡོད་བྱས་ཚེ་མ་དངུལ་མང་པོ་གཏོང་མི་དགོས། རྒྱུ་མཚན་ནི་དབུལ་ཕོངས་ནད་པ་རྫོང་ཁོངས་སུ་ནད་ལ་སྟོན་པ་དང་དེ་མིན་གོང་རིམ་གྱི་སྨན་ཁང་དུ་ནད་ལ་སྟོན་པའི་སྨན་བཅོས་གྲོན་དངུལ་ཚང་མ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་ཉེན་ཚབ་དང་ནད་ཆེན་ཉེན་ཚབ། དམངས་སྲིད་སྨན་བཅོས་རོགས་སྐྱོར་སོགས་རིམ་པ་སོ་སོའི་རོགས་སྐྱོར་བྱེད་ཀྱིན་ཡོད་པས། རང་སྟེང་གིས་སྨན་བཅོས་གྲོན་དངུལ་ཉུང་ཙམ་མ་གཏོགས་དང་ལེན་བྱེད་མི་དགོས།

ལོ་ངོ་མང་པོའི་རིང་། པན་ཆེན་སྡེ་བའི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་འཐུང་དཀའ་བ། མི་རེའི་ཆ་སྙོམས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་དམའ་བ་སོགས་ཀྱི་ལོ་རྒྱུས་མཇུག་སྒྲིལ་ལ། མང་ཚོགས་རྣམས་ལ་བདེ་ཐང་སྲུང་སྐྱོབ་ཀྱི་འགན་སྲུང་ཆེན་པོ་འདོན་སྤྲོད་བྱས།

འཚོ་བའི་ཆུ་ཚད་མཐོར་འདེགས་སུ་སོང་བ་དང་བསྟུན་ནས། འབྲོག་པ་མང་ཚོགས་ཀྱི་ཟས་རིགས་མར་ཆུར་རྩམ་པ་ནས་འབྲས་དང་ཕྱེ། ཟས་རིགས་དཀོན་པ་ནས་ཤ་དང་སྔོ་ཚོད་འདིང་ཚིམས་པར་ཡོད་པ་དང་། ད་ལྟ་འཚོ་བཅུད་དོ་མཉམ་དང་འཕྲོད་བསྟེན་ལ་གདེང་འཇོག་བྱེད་ཀྱིན་ཡོད། གོན་པ་དྲོན་པོ་ནས་མཛེས་པ་དང་། དུས་ཚིགས་གཅིག་ལ་གོན་པ་གཅིག་རེ་ནས་དུས་ཚིགས་གཅིག་ལ་གོན་པ་མང་པོ་ཡོད་པར་གྱུར། སྡོད་གནས་སྦྲ་གུར་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཁར་རྫོང་ཡིན་ལ། འཚོ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་ཆེན་པོ་བྱུང་ཡོད་པས། མང་ཚོགས་ཀྱི་བདེ་སྐྱིད་ལྡན་ཚད་མངོན་གསལ་སྒོས་ཇེ་མཐོར་གྱུར་ཡོད།

པན་ཆེན་སྡེ་བའི་ཕྱོགས་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། མང་ཚོགས་ཀྱི་ཡོང་སྒོ་ཡང་མཐོར་འདེགས་ཆེན་པོ་བྱུང་ཡོད། པན་ཆེན་སྡེ་བ་ནི་སྔོན་ཐོན་མདུན་སྐྱོད་བྱེད་པའི་སྡེ་བ་ཞིག་ཏུ་གྱུར་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།