ཀྲུའུ་གོ་ཕེན།
ཉིས་སྟོང་བཅུ་བཞི་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་། ཧྲང་ཧེ་ཁྲང་ཉིན་ཆུས་ཧོང་ཁྲུའུ་སྡོད་དམངས་ཁུལ་གྱི་ཏང་སྤྱིའི་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་གོ་ཕེན་གྱིས་སྡོད་ཁུལ་སྡོད་དམངས་རྣམས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དོན་དག་བརྗོད་དེ། སྤྱི་བའི་ཞབས་ཞུའི་ཐོན་ཁུངས་སྒྲིག་བཀོད་སྔར་ལས་འོས་འཚམ་སྒོས་ཇེ་བཟང་དུ་གཏོང་བ་དང་། སྤྱི་ཚོགས་དོ་དམ་གྱི་སྲིད་ཇུས་གསར་སྐྲུན་བྱེད་པའི་ཕན་འབྲས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པའི་གནས་ཚུལ་ཡར་ཞུ་བྱས། ཀྲུའུ་གོ་ཕེན་གྱི་སེམས་ལའང་དྲན་མ་མྱོང་བ་ཞིག་ནི་རང་ཉིད་ཀྱི་གཏམ་བཤད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁས་ལེན་ཐོབ་པ་དེ་རེད།
ད་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན། ཧྲང་ཧེ་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་དེ་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལ་ཡོངས་བསྒྲགས་བྱས་པ་དང་། ཀྲུའུ་གོ་ཕེན་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ཆ་ནས་སྐོར་ཐེངས་བཞི་བར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཏམ་བཤད་གནང་། ཁོ་མོའི་ཡིད་སེམས་འགུལ་བའི་དཔེ་མཚོན་རེ་རེས་རྒན་གསོའི་གནད་དོན་གྱི་མི་འདང་ས་ཐད་ཀར་གསལ་བོར་བརྗོད་པ་དང་། དེ་ལ་མི་ཚང་མའི་ཁྲོད་གྲགས་འགུལ་ཆེན་པོ་བྱུང་། དེར་རྐྱེན་བྱས་ཏེ་སྨྱན་བྱད་ཀྱིས་ཁོ་མོར་མང་ཚོགས་ལ་སེམས་ཁུར་བྱེད་མཁན་གྱི་སྲང་ལམ་བཀོད་འདོམས་པ་ཞེས་པའི་མིང་ཞིག་ཀྱང་བཏགས་འདུག ཁོ་མོས་བཤད་རྒྱུར། ང་ནི་གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན་ལ། ངས་ང་དང་སྡོད་ཁུལ་མང་ཚོགས་བར་གྱི་ཆེས་ཆ་རྒྱུས་ཡོད་པའི་དོན་དག་ཆུང་ཆུང་བརྗོད་བཞིན་ཡོད་པ་དང་། དོན་དག་ཆུང་ཆུང་བརྗོད་ཤེས་ན་དེ་ནི་དོན་དག་ཆེན་པོ་ཞིག་ཡིན་ཟེར།
ཆིག་སྟོང་དགུ་བརྒྱ་གོ་གཅིག་ལོར། ལོ་སུམ་ཅུར་བུད་མ་ཐག་པའི་ཀྲུའུ་གོ་ཕེན་ཧོང་ཁྲུའུ་སྡོད་ཁུལ་དུ་ཡོང་ནས་སྡོད་ཁུལ་གྱི་བྱ་བ་སྒྲུབ་མགོ་བརྩམས་པ་དང་། དེ་ནས་ཁོ་མོ་ནམ་ཡང་ལས་ཚོགས་སུ་ཡོད་ལ་ལས་ཚོགས་གྲོལ་རྒྱུ་ཞིག་གཏན་ནས་མེད། ཁོ་མོས་ད་དུང་སྡོད་ཁུལ་གྱི་སྡོད་དམངས་རྣམས་ལ་རང་ཉིད་ཀྱི་ཁ་པར་ཨང་གྲངས་བཤད་དེ། དུས་ཚོད་ཉེར་བཞིའི་རིང་ཁ་པར་གྱི་སྒོ་ཕྱེས་ཡོད་ལ། ཨང་གྲངས་གཏན་ནས་བརྗེ་མྱོང་མེད། ཁོ་མོ་དང་ལས་གྲོགས་ཚོས་ཆེས་སྤྱིར་བཏང་གི་སྡོད་དམངས་འདུས་སྡོད་ཁུལ་ཞིག་རིམ་བཞིན་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ལྗང་མདོག་སྡོད་ཁུལ་གསར་སྐྲུན་བྱ་འགུལ་གྱི་སྔོན་བསྐྱོད་ཁུལ་ཞིག་དང་། རྒྱལ་ཡོངས་ཀྱི་དཔེ་ལེགས་སློབ་སྦྱོང་བྱེད་སའི་སྡོད་ཁུལ་སྐྲུན་པ་སོགས་གཟི་བརྗིད་ཀྱི་མཚན་སྙན་མང་པོ་ལྡན་པའི་སྡོད་ཁུལ་བཟང་པོ་ཞིག་ཏུ་འཛུགས་སྐྲུན་བྱས།
མང་ཚོགས་ཀྱི་དོན་དག་མང་ཚོགས་ལ་ཤེས་སུ་འཇུག་པ་དང་། མང་ཚོགས་ཀྱི་དོན་རྣམས་མང་ཚོགས་རང་ཉིད་བདག་པོ་བྱེད་དུ་འཇུག་དགོས། ཀྲུའུ་གོ་ཕེན་གྱིས་བཤད་ན། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་བྱ་བ་ནི་སྟེགས་བུ་བསྐྲུན་རྒྱུ་དེ་ཡིན་ལ། སྡོད་དམངས་རྣམས་སྡོད་ཁུལ་ཆུང་བ་བཅོས་སྐྱོང་བྱེད་པའི་བྱ་བའི་ཁྲོད་ཞུགས་པ་དང་། སྡོད་དམངས་ཞུགས་ཚད་མཐོ་ན། སྡོད་ཁུལ་ཆུང་བ་འཆམ་མཐུན་ཡོང་ཐུབ་པ་ཡིན། གལ་ཏེ་ཁྱིམ་མཚེས་རྣམས་ཕན་ཚུན་བར་འགྲོ་འོང་མེད་ན། རང་སྐྱོང་ཞེས་པ་གླེང་ཐབས་མེད་ཟེར།
སྡོད་ཁུལ་ཆུང་བ་རུ་དམིགས་བསལ་གྱིས་འཇོན་ཐང་ལྡན་པའི་མིས་སྡོད་དམངས་ལ་རང་འགུལ་གྱིས་ཞབས་ཞུ་སྒྲུབ་འདོད་ཚེ། རུས་མིང་དང་། བསླབ་གནས། ལས་ཁུངས། ལས་གནས། པར་སོགས་བརྡ་འཕྲིན་ཡོད་ཚད་སྡོད་ཁུལ་ཆུང་བའི་དྲིལ་སྒྲོག་བྱང་བུའི་སྟེང་ཡོངས་བསྒྲགས་བྱེད་སྲིད། སྡོད་དམངས་རང་སྐྱོང་གི་རྨང་གཞི་ནི་ཡིད་ཆེས་ཡིན་པ་དང་། རོགས་རམ་བྱེད་རྒྱུར་དགའ་བའི་སྡོད་དམངས་བརྒྱུད་དེ། སྡོད་ཁུལ་ཆུང་བ་ནས་རོགས་རམ་བྱེད་རྒྱུར་དགའ་བའི་སྙིང་སྟོབས་དར་སྤེལ་དང་། དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྒྲོག་བྱས་ཏེ། སྔར་ལས་མང་པོའི་སྡོད་དམངས་རྣམས་སྡོད་ཁུལ་ཆུང་བ་རུ་བསྡད་ན་སྐྱིད་སྣང་ཡོད་པ་དང་། རང་འགུལ་གྱིས་སྡོད་ཁུལ་ཆུང་བ་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས།
སྡོད་ཁུལ་གྱི་བྱ་བ་གཉེར་ནས་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ། སྡོད་ཁུལ་མང་ཚོགས་ཀྱི་རེ་བ་འགྱུར་བཞིན་ཡོད་པས། བྱ་བའི་གནད་སར་ཡང་འགྱུར་བ་གཏོང་དགོས། དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་སྐབས་སུ། ཧྲང་ཧེ་ཡི་ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་བྱས་པ་དང་། སྡོད་ཁུལ་ཆུང་བ་རུ་ལས་བཟོ་བ་མི་ཉུང་བ་ཞིག་ལས་གནས་ནས་ཕྱིར་ཕུད། ཀྲུའུ་གོ་ཕེན་གྱིས་བཤད་ན། སྐབས་དེར། སྡོད་དམངས་ལ་རོགས་རམ་བྱས་ནས་བྱ་བ་བཙལ་རྒྱུ་དེ་ནི་ངའི་ཆེས་ཆེ་བའི་ལས་འགན་ཡིན་ཟེར། ཁོ་མོས་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཁྲིད་དེ་མཐའ་འཁོར་གྱི་ཁེ་ལས་དང་ལས་དོན་ལས་ཁུངས་སུ་སོང་ནས་ལས་རྐང་བཙལ་ཏེ། ལས་རྐང་ལ་གདམ་གསེས་མེད་ན་གཟའ་འཁོར་གཅིག་གི་རིང་ལས་གནས་སུ་ཞུགས་པ་དང་། བྱ་བར་གདམ་གསེས་བྱེད་ན་གཟའ་འཁོར་གཉིས་ཀྱི་རིང་ལས་གནས་སུ་ཞུགས་ཐུབ་རྒྱུའི་རེ་བ་བཏོན།
ད་ལྟ་དཔལ་ཡོན་སྡོད་ཁུལ་ཆུང་བ་བསྐྲུན་པ་དང་། དཔལ་ཡོན་ལྡན་པའི་སྒོ་ནས་ཁྱི་གསོ་བ་གཙོ་བོར་བཟུང་བཞིན་ཡོད། སྡོད་དམངས་ཀྱིས་ཚོགས་ཆེན་སྟེང་གྲོས་སྡུར་བྱེད་པ་བརྒྱུད་དེ། སྡོད་ཁུལ་ཆུང་བ་རུ་ཁྱི་གསོས་ཡོད་པའི་ཆ་འཕྲིན་ཡོད་ཚད་རེའུ་མིག་ཏུ་བཀོད་དེ། ཕན་ཚུན་ལ་ལྟ་རྟོག་བྱེད་པར་སྟབས་བདེ་བསྐྲུན། རྒྱལ་ཁབ་ལ་རྒྱལ་ཁབ་ཀྱི་ཁྲིམས་ཡོད་པ་དང་། ཁྱིམ་ཚང་ལ་ཁྱིམ་ཚང་གི་སྒྲིག་ལམ་ཡོད། སྡོད་དམངས་སྡོད་ས་རུ་ངེས་པར་དུ་རང་ཉིད་ཀྱི་སྡོད་དམངས་སྤྱི་ཆིངས་དགོས་ལ། སྡོད་ཁུལ་ཆུང་བའི་གནད་དོན་དེ་སྤྱི་ཆིངས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས།
དེ་ལས་གཞན། ཀྲུའུ་གོ་ཕེན་གྱིས་ད་དུང་ཁེ་ལས་གྱི་དོ་དམ་རྣམ་པར་བརྟེན་ནས་ཁང་བརྩེགས་དོ་དམ་བྱེད་པར་ཚོད་ལྟ་བྱས། སྐར་མ་རིམ་པའི་ཁང་བརྩེགས་ཚན་ཆུང་བདམས་གསེས་བྱེད་པ་བརྒྱུད་དེ། སྡོད་དམངས་རང་འགུལ་སྒོས་སྡོད་དམངས་སྤྱི་ཆིངས་བརྩི་སྲུང་བྱེད་པའི་ནང་ཁྲིད་ཡོང་སྟེ། སྒྲིག་ལམ་དང་འགལ་བའི་ཁང་བརྩེགས་ཚན་ཆུང་གི་སྐར་རིམ་མར་ཕབ་པའི་སྒྲིག་ལམ་ལག་བསྟར་བྱས།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར། ཀྲུའུ་གོ་ཕེན་གྱིས་ལོ་ངོ་སུམ་ཅུ་ཙམ་ལ་འབད་བརྩོན་བྱས་མྱོང་བའི་སྡོད་ཁུལ་གྱི་བྱ་བའི་ལས་རྐང་ནས་ལས་འཁྱུར་ངལ་གསོ་བྱས། མུ་མཐུད་དུ་སྡོད་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་ཆེད། ཀྲུའུ་གོ་ཕེན་དང་ཁོ་མོའི་ཚོགས་པས་ཕེན་ཅུའུ་བྱ་བའི་ལས་སྒྲུབ་ཁང་བཙུགས་པ་དང་ཁོ་མོས་ལས་འཛིན་དཔོན་གྱི་འགན་ཁུར་ཏེ། གཞི་རིམ་ལ་གསོ་སྦྱོང་དྲིལ་སྒྲོག་དང་། བློ་འདྲི་མཛུབ་སྟོན། སྤྱི་ཕན་བསྡུ་བ། ལྟ་རྟོག་དཔྱད་འཇོག་སོགས་ཀྱི་ཞབས་ཞུ་ཤུགས་ཆེན་པོས་འདོན་སྤྲོད་བྱས། འདི་ནི་ཧྲང་ཧེ་རུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་ས་ཚིགས་གཅིག་པུ་ཡང་རེད།
ཀྲུའུ་གོ་ཕེན་གྱིས་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་གཞི་རིམ་བཅོས་སྐྱོང་ཉམས་མྱོང་དང་བྱ་བའི་བསམ་ཕྱོགས་ཡོད་ཚད་ཕུལ་ཟིན། ཁོ་མོས་བཤད་རྒྱུར། ལོ་རབས་བརྒྱད་ཅུ་བ་དང་། དགུ་བཅུ་བའི་རྗེས་ཀྱི་སྡོད་ཁུལ་ལས་བྱེད་པ་མི་ཉུང་བ་ཞིག་བུ་བུ་མོ་ཁེར་སྐྱེས་ཡིན་པ་དང་། མི་གཞན་གྱིས་ཞབས་ཞུ་སྒྲུབ་པར་ལོབས་ཡོད། ཁོ་ཚོར་ཡང་མི་གཞན་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་དགོས་པ་དང་། སྲང་ལམ་བཀོད་འདོམས་པ་མང་པོ་བསྐྱེད་སྲིང་བྱེད་རྒྱུ་དེ་ནི་ཁོ་མོས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཚུལ་ཞིག་ཡིན་ཟེར།
ལོ་ཙཱ། ཚེ་རིང་སྒྲོལ་མ།