"བྱ་བ་ལས་ནས་ལོ་འཁོར་བདུན་ནས་བརྒྱད་ཀྱི་དུས་ཚོད་བར་དུ། ང་ལ་ཤུགས་རྐྱེན་ཆེས་ཟབ་མོ་ཞིག་བཞག་ཡོད་པ་ནི། དཔྱིད་མགོའི་དུས་སུ། ང་ཚོའི་ཉིན་རྒྱུན་གྱི་འཚོ་བ་ནི་ཉི་མ་རེར་ལུད་དང་ས་འཁུར་ནས་རྐང་པ་གཉིས་འདམ་བག་གིས་བརྫིས་ཡོད་པ་དང་། ཞིང་ཁར་སོང་ནས་ས་བོན་དང་། ལུད་རྫས་གཏོར་བཞིན་ཡོད། ལོ་ལེགས་བསྡུ་ལ་ཉེ་བའི་སྐབས་འདིར་ང་ཚོའི་ཉིན་རེར་བཞིན་རྔུལ་ཆུ་ཁྲུམ་ཁྲུམ་དུ་འབབ་བཞིན་ཞིང་ཁ་ན་དཔེ་འདེབས་བརྟག་དཔྱད་བྱེད་བཞིན་མཆིས། དབྱར་ཁའི་དུས་སུ་ང་ཚོས་ནམ་རྒྱུན་ཚ་གདུག་ཁྱད་གསོད་དང་། ལུས་ཡོངས་དུག་སྦྲང་གིས་སོ་བཏབ་ནས་འབའ་འབུར་གྱིས་ཁེངས་ཡོད། དེ་ནི་ལུས་ཡོངས་གོ་ཆ་བསྣབས་པ་འདྲ་མོད། ཡིན་ནའང་ང་ཚོས་སྔར་བཞིན་ཞིང་ཁའི་ལས་ཀ་རྒྱུན་འཁྱོངས་བྱེད་བཞིན་ཡོད"ཅེས་ཟེར། ཧྲའོ་ཏིན་ཁོས་ཀྱིས་དགོད་བཞིན་དུ་རང་ཉིད་ཀྱི་བྱ་བའི་རྒྱུད་རིམ་ལ་ཕྱི་འདངས་རྒྱག་གིན་པར་ཉན་དུས། གསར་འགོད་པ་རང་དབང་མེད་པར་ཁོང་ལ་དགའ་མགུ་དང་ཡི་རང་བྱེད་ཅིང་། མི་ལོ་བཅོ་བརྒྱད་ལྷག་དུ་སྔོ་ཚོད་འདེབས་འཛུགས་ལ་ཞིབ་འཇུག་བྱས་པའི་ཉམས་མྱོང་ཡོད་པ་དང་། རིགས་སྣ་མང་བའི་ཐོན་རྫས་མང་པོ་ཞིག་སྐྱེད་སྲིང་བྱས་པ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མང་པོ་བླངས་ཡོད་པའི་སྔོ་ཚོད་ཆེད་མཁས་པ་འདིའི་བབ་ཆགས་དང་བཅོས་མིན་གྱི་རང་གཤིས་གཙང་མ་བཅས་ཀྱིས་བློ་མཐུན་ཧྲའོ་ཏིན་ཁོས་ཀྱིས་བྱ་བར་བཅངས་པའི་དགའ་ཞེན་དང་གཟབ་ནན་གྱི་རང་གཤིས་དེ་ཚོར་ཐུབ།
ཉིས་སྟོང་དྲུག་ལོའི་ཟླ་བདུན་པར། ཧྲའོ་ཏིན་ཁོས་ཀན་སུའུ་ཞིང་ཆེན་ཞིང་ལས་སློབ་ཆེན་གྱི་ཞིང་ལས་སློབ་གླིང་གི་ལོ་ཏོག་རྒྱུད་འཛིན་གྱི་རྒྱུད་སྤེལ་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ནགས་ལས་ཚན་རིག་གླིང་གི་ལྡུམ་རའི་བཟོ་རྩལ་ལོ་ཏོག་འདེབས་འཛུགས་ཞིབ་འཇུག་ཁང་དུ་སྔོ་ཚོད་འདེབས་འཛུགས་ཐོན་ཁུངས་ཀྱི་གསར་གཏོད་བེད་སྤྱོད་དང་ལོ་ཏོག་གསར་བའི་ས་བོན་གདམ་གསོའི་བྱ་བ་དངོས་སུ་སྒྲུབ་འགོ་བརྩམས། ཧྲའོ་ཏིན་ཁོས་ལྡུམ་ར་བཟོ་རྩལ་ཁང་དུ་བྱ་བ་བསྒྲུབས་པའི་ཡར་སྔོན་དུ། ལས་ཁུངས་ཀྱི་སོན་རྒྱུད་སྤེལ་བའི་ཞིབ་འཇུག་བྱ་བ་ལས་མཚམས་བཞག་ནས་ལོ་བཅུ་གསུམ་འགོར། ཞིབ་འཇུག་ཁང་ཡོངས་ཀྱི་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་སྒོར་ཁྲི་ཉི་ཤུ་ལས་མེད། སོན་རྒྱུད་སྤེལ་བའི་རྣམ་གྲངས་ལུག་མིག་མེ་ཏོག་དང་ཞོག་ཁོག་ལས་གཞན། སྔོ་ཚོད་དང་ལོ་ཏོག་སོགས་ཀྱི་སོན་བཟང་རྒྱུད་སྤེལ་བྱ་བ་འགོ་བརྩམས་མེད་ལ། མཚོ་སྔོན་ཞིང་ཆེན་ཡོངས་སུ་རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ཟི་ལིང་དང་མཚོ་ཤར་གྱི་ས་ཁུལ་ཉུང་ཤས་ཤིག་མ་གཏོགས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་སུར་པན་དང་ཧོང་ཀྭ ཀྲོ་མ་ཀྲུ་སོགས་ཚོད་མའི་རིགས་ཐོན་སྐྱེད་བྱེད་དཀའ་བའི་གནས་སུ་ལྷུང་ཡོད།
གནས་ཚུལ་དེ་དག་རྒྱུས་ལོན་བྱུང་རྗེས། ཧྲའོ་ཏིན་ཁོས་སེམས་ཁུར་སྐྱེས་ནའང་། ཁོས་མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག་ལ་གཞི་བཅོལ་ཚེ་སྔོ་ཚོད་འདེབས་འཛུགས་ཕྱོགས་ནས་མདུན་ལམ་ཆེན་པོ་ཡོད་ངེས་སྙམ། ཁོས་གོང་རིམ་འགོ་ཁྲིད་ལ་སོན་བཟང་འདེབས་འཛུགས་ཐོན་ཁུངས་ས་བོན་གསོ་སྤེལ་བྱེད་པར་ཕན་ནུས་གལ་ཆེན་འདུན་པ་ཡར་ཞུ་བྱས་པར་མ་ཟད། སོན་བཟང་སྔོ་ཚོད་འདེབས་འཛུགས་ཐོན་ཁུངས་ཀྱི་མཛོད་ཅིག་འཛུགས་སྐྲུན་བྱེད་པར་གྲ་སྒྲིག་གངས་ལེགས་བྱས།
མཛོད་འཛུགས་སྐྲུན་བྱེད་དགོས་ན་གཞི་གྲངས་གསལ་བོ་ཞིག་ངེས་དགོས་ཏེ། ཞིབ་འཇུག་ཁང་དུ་ཐོན་ཁུངས་ཅི་ཞིག་ཡོད་པ་དང་། མང་ཉུང་ག་ཚོད་ཡོད་དམ། སྐབས་དེའི་ཞིབ་འཇུག་ཁང་དུ་མི་གཅིག་གིས་ཀྱང་གསལ་བོར་མི་ཤེས་ལ། ཡིག་ངོར་ཕབས་པའི་ཟིན་བྲིས་ཀྱང་ཅི་ཡང་མེད་པས། མཛོད་འཛུགས་སྐྲུན་བྱེད་པར་དཀའ་ངལ་ཆེན་པོ་ཡོད་ནའང་། ཧྲའོ་ཏིན་ཁོས་ཀྱིས་ཧུར་ཐག་སྒོས་རྒྱུན་འཁྱོངས་བྱས།
2006ཟླ12པ་ནས་2ཉིས་2007ལོའི་ཟླ1བར་དུ། ཧྲའོ་ཏིན་ཁོས་དང་ཞིབ་འཇུག་ཁང་གི་འགོ་གཙོ་ལི་ལེ། ཞིབ་འཇུག་སློབ་མ་ཀྲོང་ཆི་བིན་གསུམ་གྱིས་ཉིན་རྒྱུན་ལུས་ལ་དམག་ལཱ་མཐུག་པོ་དེ་གྱོན་པ་དང་། དྲོད་རླངས་མེད་ཅིང་ག་ས་གང་དུ་ས་རྡུལ་གྱིས་ཁེབས་ཡོད་ལ། ཉི་འོད་མི་མཐོང་བའི་མཛོད་ཁང་རྙིང་བ་དེའི་ནང་དུ་སྟོང་བ་ནས་འགོ་བརྩམས་ཏེ། ཡིག་ཚགས་བསྒྲིགས། ཉི་མ་ཉི་ཤུའི་རྗེས་སུ་རྒྱུ་ཆ་སྟོང་གཉིས་ལྷག་ལེགས་སྒྲིག་བྱེད་ཐུབ་སོང་བ་རེད།
2007ལོ་ནས་2008ལོའི་བར་དུ། ཧྲའོ་ཏིན་ཁོས་གཅིག་པུས་སྤུས་ལེགས་ཅན་གྱི་སོན་བཟང་སྔོ་ཚོད་ཐོན་ཁུངས་ཀྱི་སྐྱེ་འཕེལ་བྱ་བ་ཁག་ཅིག་འཇིག་ཉེན་ལས་སྐྱོབ་པར་འགན་འཁུར། བྱ་བ་དེ་ནི་ལས་སླ་མོ་ཞིག་ག་ལ་ཡིན། སྔོན་ཆད་ཧྲའོ་ཏིན་ཁོས་དང་ལས་གྲོགས་ཚོ་རྨ་ཆུ་རྒྱས་པའི་ཉེན་ཁར་མི་འཛེམ་པར་ཁྲི་ཀ་རྫོང་རྨ་ཤར་གྲོང་བརྡལ་ཧྲན་ཕིན་སྡེ་བ་ནས་ཆུས་བསྣུབས་པ་མྱུར་སྐྱོབ་བྱས། སྐབས་དེར། ཧྲའོ་ཏིན་ཁོས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་སྤུས་ཚད་ལེགས་པའི་སྔོ་ཚོད་འདེབས་འཛུགས་ནང་འདྲེན་དང་། ཞིང་ཆེན་ནང་ཁུལ་དུ་ཞིང་ལས་ཁྱིམ་ཚང་འདེབས་འཛུགས་བྱས་ཡོད་པའི་ཚོད་སྣ་བསྡུ་ལེན་བྱས་ནས། སྤུས་ཚད་ཅན་གྱི་སྔོ་ཚོད་འདེབས་འཛུགས་ཀྱི་གློག་རྡུལ་ཚིག་མཛོད་བཙུགས་ནས་གཞི་གྲངས་ཀྱི་མཛོད་གསར་བསྒྱུར་བྱས་ལ། སྤུས་ཚད་ཅན་གྱི་སྔོ་ཚོད་འདེབས་འཛུགས་ཀྱི་རིགས་སོ་སོར་སྟོང་བཞི་དང་ལྔ་བརྒྱ་ལྷག་བསྡུ་ལེན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོ་ཚོད་གསོ་སྤེལ་འདེབས་འཛུགས་ལས་གཞིར་རྨང་གཞི་བརྟན་པོ་བཏིངས།
འོན་ཀྱང་། སྔོ་ཚོད་དང་ལོ་ཏོག་གསོ་སྤེལ་འདེབས་འཛུགས་ཞིབ་འཇུག་སྤེལ་བའི་ཐོག་མའི་དུས་སུ། ཆེས་སྤྱིར་བཏང་གི་ཐོན་རྫས་རྒྱུ་ཆ་མི་འདང་བ་རེད། སྐབས་དེར། མཚོ་སྔོན་ཞིང་ཆེན་གྱི་སྔོ་ཚོད་གསོ་སྤེལ་འདེབས་འཛུགས་ཀྱི་རིགས་ད་དུང་འགོ་བཙུགས་མེད་པས། འདེབས་འཛུགས་ཀྱི་ཐོན་ཁུངས་གཙོ་བོ་ཞིག་མེད་པའི་གནས་སུ་ལྷུང་ཡོད། ཆེད་སྤྱོད་རྣམ་གྲངས་ཀྱི་རྒྱབ་སྐྱོར་མེད་ན། འགྲོ་གྲོན་གྱི་དཀའ་ངལ་ཐུག་ཡོད་པ་དང་། རྒྱུ་སྤུས་ལ་བརྟག་དཔྱད་བྱ་རྒྱུའི་རྨང་གཞིའི་ཚོད་ལྟའི་འཕྲུལ་ཆས་མེད་ལ། གསོ་སྤེལ་འདེབས་འཛུགས་ཀྱི་ཤེས་བྱའི་རྒྱབ་ལྗོངས་ཡོད་པའི་ཞིབ་འཇུག་མི་སྣ་དཀོན་པ་སོགས་རབ་དང་རིམ་པའི་གནད་དོན་མང་པོ་འདུག ཧྲའོ་ཏིན་ཁོས་དང་ལས་གྲོགས་ཚོའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་རང་སོ་སོའི་ཁྱད་སྟོབས་དང་ཁྱད་ཆོས་འདོན་སྤེལ་བྱས་ནས་རིམ་བཞིན་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་། སྔོ་ཚོད་འདེབས་འཛུགས་གསོ་སྤེལ་བྱ་བའང་མཇུག་མཐར་དྲང་ཕྱོགས་སུ་བསྐྱོད་ཐུབ་བྱུང་།
ལོ་འདི་དག་གི་རིང་ལ། ཚན་རིག་ཞིབ་འཇུག་གི་བྱ་བ་ཇི་འདྲའི་བྲེལ་འཚུབ་ཆེ་ནའང་། ཧྲའོ་ཏིན་ཁོས་གཞི་རིམ་དུ་སོང་ནས་མི་སྣ་གསོ་སྦྱོང་བྱ་བ་སྤེལ་བའི་རྒྱུན་བསྐྱངས།" ང་ནི་ཞིང་སྡེ་ནས་ཡོང་བ་ཡིན། རྒྱ་ཆེ་ཞིང་བ་མང་ཚོགས་དང་ང་ཚོའི་བར་ལ་རང་བྱུང་གི་བརྩེ་འདང་ཟབ་མོ་ཞིག་ཡོད། དེའི་རྐྱེན་གྱིས་ངའི་རང་ཉིད་ཀྱི་སློབ་སྦྱོང་གི་བྱ་བ་ལས་ཐོབ་པའི་གྲུབ་འབྲས་ཀྱི་ལག་རྩལ་དང་ཉམས་མྱོང་ཞིང་བ་མང་ཚོགས་དང་མཉམ་དུ་རོལ་མྱོང་བྱེད་འདོད་ཡོད་"ཅེས་ཧྲའོ་ཏིན་ཁོས་ཀྱིས་ལྷག་བསམ་དག་པོས་དེ་ལྟར་བཤད།
དྲོད་ཚད་མཐོ་བའི་འགྱིག་ཤོག་སྤྱིལ་ཁང་དང་། ཚ་སྡུག་ཆེ་བའི་ཞིང་ཁ། ཆར་རླུང་གི་ཁྲོད་གང་ཡིན་རུང་ཧྲའོ་ཏིན་ཁོས་ཀྱིས་ཞིང་བའི་ཁྱིམ་ཚང་དང་འབྲེལ་འདྲིས་བྱེད་པ་དང་། གནད་དོན་གྱི་རྩ་བ་དེ་གང་ཡིན་པ་འཚོལ་བཞིན་འདུག ཧྲའོ་ཏིན་ཁོས་ཀྱིས་དུས་རྒྱུན་དུ་ཞིང་བའི་ཁྱིམ་ཚང་གི་རེ་ཞུ་ལ་སུན་སྣང་མེད་པར་རྣ་བ་བླགས་ཏེ་ཉན་པ་དང་། ཞིང་བའི་ཁྱིམ་ཚང་གི་དོགས་འདྲི་ལ་ནན་ཏན་སྒོས་ལན་འདེབས་པ་དང་ཐག་གཅོད་བྱས་ལ། ལག་པའི་ནང་དུ་ལག་པ་བཞག་ནས་སྔོ་ཚོད་འདེབས་འཛུགས་ཀྱི་ཤེས་བྱ་དང་ལག་རྩལ་སློབ་ཁྲིད་བྱས། ཧྲའོ་ཏིན་ཁོས་མཚོ་སྔོན་ཞིང་ཆེན་སྔོ་ཚོད་ཐོན་ལས་ཚན་རིག་གསར་རྩོམ་སྟེགས་བུའི་འདེབས་འཛུགས་གསོ་སྤེལ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཞིག་ཡིན་པའི་ཆ་ནས། ལོ་རེ་རེར། ཞིང་ཁར་ཞིང་ལས་ལས་བཞིན་པའི་གནད་འགག་གི་དུས་སྐབས་སུ། ཆེད་མཁས་པ་རྩ་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་བཞིན་ཡོད་ལ། ཁ་གཏད་འབྲེལ་འདྲིས་བྱེད་སའི་ལུང་མདོ་དང་། ཁྲི་ཀ་རྫོང་སོགས་སྟེགས་བུ་ཐོན་ལས་རྫོང་སྟེ། ཧུའུ་ཀྲའུ་ཧོར་རིགས་རང་སྐྱོང་རྫོང་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་རྫོང་དང་ཁུལ་བཅུ་ལྷག་ལ་ལག་རྩལ་བསྐོར་སྐྱོད་སྨན་བཅོས་ཀྱི་ཞབས་ཞུའི་བྱ་བ་སྤེལ་བ་དང་། ཞིང་ཁ་ནས་ཞིང་བའི་ཁྱིམ་ཚང་ལ་གནད་དོན་འཚོལ་བར་རོགས་རམ་དང་། ཐག་གཅོད་ཇུས་གཞི་འདོན་པ་བཅས་བྱས། བྱེད་ཐབས་འདི་ལ་ཕན་འབྲས་ལེགས་པོ་ཐོབ་པ་དང་། རྒྱ་ཆེ་ཞིང་བ་མང་ཚོགས་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ།
ཧྲའོ་ཏིན་ཁོས་ཀྱིས་ཞིང་བ་མང་ཚོགས་རྣམས་ཀྱི་གནད་དོན་ཐག་གིས་བཅད་པ་བགྲང་གིས་མི་ལངས། རྟ་ཐང་རྫོང་ཧོང་ཅ་སྡེ་བའི་འདེབས་འཛུགས་ཁྱིམ་ཚང་སུན་ཡོན་ཁྲོན་གྱི་ལ་ཕུག་སེར་བོར་གྱུར་བ་དང་རྙིད་པའི་ནད་ལ་རོགས་རམ་བྱས་ནས། ཐོན་སྐྱེད་སླར་གསོ་དང་། དཀའ་ངལ་ལས་གྲོལ་བར་བྱས། ལུང་མདོ་ས་ཁུལ་གྱི་རིགས་སྣ་མི་འདྲ་བའི་སོན་མྱུག་བརྒྱ་ལྷག་གིས་གྲོ་མའི་ནད་དུག་གི་གནད་དོན་ཐག་གཅོད་བྱས་ལ། གྲུབ་འབྲས་འདིས་ཞིང་ཆེན་ཡོངས་དང་ཐ་ན་ནུབ་བྱང་གི་གྲོ་མ་ཐོན་ཁུལ་གྱི་ཐོན་སྐྱེད་ས་ཁུལ་ལ་ཤུགས་རྐྱེན་ཆེན་མོ་ཐེབས་པ་རེད། ཧུའུ་ཀྲུའུ་འདེབས་འཛུགས་ར་བའི་ཀྲོ་མ་ཀྲུ་གསོ་སྤེལ་ལག་རྩལ་གྱི་ཆེད་མཁས་པ་སྐྱེད་སྲིང་བྱེད་པར་རོགས་རམ་བྱས་ནས། ཀྲོ་མ་ཀྲུ་ཡི་སྡོང་རྐང་རུལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དེས་ར་བ་ཡོངས་ལ་ཆེད་དུ་ཇུས་འགོད་མ་དཔེ་ལེགས་པོ་ཞིག་བསྐྲུན་པར་མ་ཟད། ས་གནས་མང་ཚོགས་དང་སྲིད་གཞུང་གིས་ཀྱང་ཁས་ལེན་ཆེན་པོ་ཐོབ།
ཧྲའོ་ཏིན་ཁོས་ཀྱིས་ད་དུང་སྨྱན་དཔྱད་གསར་བ་གང་ལེགས་སྒོས་བེད་སྤྱོད་བྱས་ནས། "མཐོ་སྒང་གི་ཞིང་ལས་ཁྱད་ཐོན་དངོས་རྫས་ཐོན་ལས་ལག་རྩལ་འབྲེལ་འདྲིས་ཚོགས་པ་"ཟེར་བ་ཞིག་བཙུགས། ཚོགས་པ་ནང་ཁུལ་དུ་ཞིང་ཆེན་ཕྱི་ནང་གི་སྔོ་ཚོད་གསོ་སྤེལ་འདེབས་འཛུགས་དང་། འདེབས་གསོ། རྩི་ཤིང་སྲུང་སྐྱོབ། ཞིང་ལས་འཕྲུལ་ཆས་དང་། སྒྲིག་བཀོད་སོགས་ཐད་ཀྱི་ཆེད་མཁས་པ་དྲུག་བཅུ་ལྷག་གདན་འདྲེན་ཞུ། དེ་ལས་གཞན་མཚོ་སྔོན་ཞིང་ཆེན་གྱི་སྔོ་ཚོད་ཐོན་སྐྱེད་ཁྱིམ་ཆེན་དང་ཁེ་ལས། མཉམ་ལས་ཁང་གི་ལག་རྩལ་དོ་དམ་མི་སྣ་བརྒྱ་ལྷག་ནང་འཇུག་བྱས་ནས། ལོ་རེར་རིན་མེད་པར་ལག་རྩལ་བློ་འདྲི་དང་བརྡ་འཕྲིན་འདོན་སྤྲོད་བྱས་པ་དེས། སྔར་ལས་བཟང་བའི་སྒོ་ནས་ལག་རྩལ་ཁྲིད་སྟོན་གྱི་ནུས་པ་དང་བརྗེ་རེས་ཞབས་ཞུའི་ཕན་ནུས་འདོན་སྤེལ་བྱས།
ལོ་འདི་དག་གི་རིང་ལ་བླངས་བའི་གྲུབ་འབྲས་སྐོར་གླེང་སྐབས། ཧྲའོ་ཏིན་ཁོས་ཀྱིས་ང་ཚོ་ལ་འདི་ལྟར་བཤད་བྱུང་། " ངའི་བསམ་ན་འདེབས་འཛུགས་གསོ་སྤེལ་གྱི་རིགས་མི་འདྲ་བ་ག་ཚོད་གདམ་པའམ། ཐོན་ཁུངས་མང་ཉུང་ཇི་འདྲ་ཞིག་གསར་གཏོད་བྱས་པ། དཔྱད་རྩོམ་དུ་སྤེལ་བ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཇི་འདྲ་ཞིག་ཡོད་ན་ཡང་འདི་དག་ནི་བྱ་བའི་ཁྲོད་རྒྱུན་དུ་ཐོན་སྐྱེད་བྱེད་ཀྱིན་པའི་ཐོན་རྫས་རེད། ཞིང་ལས་ཚན་རིག་ཞིབ་འཇུག་གི་བྱ་བ་གཉེར་མཁན་ཞིག་ལ་མཚོན་ན་རང་ཉིད་ཀྱི་གསར་གཏོད་གསར་བཟོ་བྱས་པ་ལ་ཞིང་བ་མང་ཚོགས་ཀྱི་ཁེས་ལེན་ཐོབ་པ་དེ་ནི་ཆེས་ཆེ་བའི་གྲུབ་འབྲས་ཤིག་རེད། ཁ་དཔེ་ལའང་"གསེར་བུམ་དངུལ་བུམ་ཡིན་རུང་མང་ཚོགས་ཀྱི་བསྔགས་བརྗོད་ལ་འགྲན་མི་ནུས"ཟེར་བ་ལྟར་དུ། ང་ཚོའི་གདམ་གསེས་བྱས་ནས་གསོ་སྤེལ་འདེབས་འཛུགས་བྱས་པའི་ཐོན་རྫས་རིགས་ལ་མིག་སྔར་ཚོང་རའི་འགྲན་རྩོད་ནུས་ཤུགས་དང་ཁྱབ་གདལ་དུ་གཏོང་བའི་གཞི་ཁྱོན་ངེས་ཅན་ཞིག་ཡོད་མོད། ཡིན་ནའང་ཆེས་བཟང་བ་ཞིག་མ་རེད། ང་ད་དུང་ཡིད་མི་ཚིམ། རྗེས་ཕྱོགས་སུ་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་ཚན་རིག་ལག་རྩལ་གྱི་ཕྱོགས་ནས་རང་ཞིང་གི་གྲང་འཁྱགས་སྔོ་ཚོད་ཐོན་ལས་ཀྱི་སྲོག་ཤིང་གི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། མཐོ་སྒང་གི་དག་གཙང་གི་སྔོ་ཚོད་ཚོང་རྟགས་གྲགས་ཅན་དེ་མི་རེ་རེའི་སེམས་སུ་ཉེར་དུ་བཅུག་ནས། མཚོ་སྔོན་ཞིང་ཆེན་གྱི་སྔོ་ཚོད་ཐོན་ལས་དེ་དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་སྡེ་ཐོན་ལས་རིམ་སྤར་བྱེད་པའི་ནུས་ཡོད་ཀྱི་འདེགས་སྐྱོར་དུ་འགྱུར་བར་བྱེད་རྒྱུ། "
ལོ་ཙཱ་བ། སྐར་མ་འཚོ།