ཕུལ་དུ་བྱུང་བའི་རྩིག་བཟོ་བ།
2019.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ལོ་བཅོ་བརྒྱད་ཀྱི་སྟེང་ནས་ཐོག་མར་འཛུགས་སྐྲུན་ལས་རིགས་སུ་ཞུགས་ཤིང་ལོ་ན་སུམ་ཅུའི་སྟེང་རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོའི་སྟེང་བྱ་དགའ་ཨང་དང་པོ་ཐོབ། ཁྲོན་ཆིན་ཁེ་ཀྲིག་གི་ཡིན་པའི་ཞིང་བ་ལས་བཟོ་བ་ཞུའུ་ཅིས་ཕེན་གྱིས་ལོ་ངོ་བཅུ་གསུམ་གྱི་རིང་ལ་དབུས་ཤར་ས་གཞི་ཆེན་མོའི་སྟེང་དུ་རང་གི་མི་ཚེའི་འཚོ་བར་སྦྱོང་བརྡར་བྱས། ལོ་ངོ་བཅུ་གསུམ་གྱི་རིང་ལ་ཀྲུང་གོ་འཛུགས་སྐྲུན་ཅུའུ་བདུན་པའི་སྤྱིའི་འགན་ལེན་ཀུང་ཟིའི་རྩིག་བཟོ་བ་ཞུའུ་ཅིས་ཕེན་སྔ་གཞུག་ཏུ་ལས་གཞི་སོ་བཞི་འཛུགས་སྐྲུན་བྱེད་པའི་བྱ་བར་ཞུགས་ཤིང་། རྩིག་བཟོའི་སྤྱིའི་ཚད་གཞི་དེ་ཧྥང་ཁྲི་ལས་བརྒལ་ཞིང་དེའི་ཁྲོད་ཀྱི་ལས་གཞི་དྲུག་ལ་རྒྱལ་ཁབ་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་ལས་གཞི་བཅོ་ལྔ་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། དེ་ལྟར་ཁོ་རང་རྩིག་བཟོ་མཁན་ཆུང་ཆུང་ཞིག་ནས་ཁོ་དང་ལས་རིགས་གཅིག་པའི་ལས་བཟོ་བ་རྣམས་ལ་རྩིག་བཟོའི་ཐད་ཀྱི་ཆེད་ལས་ཤེས་བྱ་ཁྲིད་མཁན་གྱི་དགེ་རྒན་ཞིག་ཏུ་གྱུར་བར་མ་ཟད། མཇུག་མཐར་ད་དུང་ཁོ་རང་ལ་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ་ཐོབ་ནས་ཕུལ་བྱུང་རྩིག་བཟོ་མཁན་གྱི་འཚོ་བའི་བཤུལ་ལམ་དུ་མུ་མཐུད་དུ་མདུན་སྐྱོད་བྱེད་བཞིན་མཆིས།

“ང་རང་ལྟ་བུའི་འཇིམ་བཟོ་མཁན་ཆུང་ཆུང་ཞིག་གིས་རྒྱལ་ཁབ་རིམ་པའི་བྱ་དགའ་ཞིག་ལེན་ཐུབ་རྒྱུ་དེ་སྔོན་ཆད་བློ་ཡིད་དུ་ཡང་ཤར་མ་མྱོང”ཞེས་ཞུའུ་ཅིས་ཕེན་གྱིས་བཤད།

ཞུའུ་ཅིས་ཕེན་ནི་ལས་གྲོགས་རྣམས་ཀྱི་མིག་ལམ་ནས་བློ་རིག་ཕུལ་དུ་བྱུང་བ་ཞིག་ཏུ་བརྩི་བཞིན་ཡོད་དེ། “ལས་བཟོ་བ་ཆུང་ཆུང་ཞིག་ནས་ལས་བཟོ་བ་ཆེན་མོ་ཞིག་ཏུ་འགྱུར་བར་ཉིན་བཅོ་བརྒྱད་ཀྱི་དུས་ཚོད་མ་གཏོགས་མ་འགོར། གསར་བུ་འདིས་ལས་ཀ་ལས་དུས་བརྩོན་པ་ཆེ་བར་མ་ཟད་ཀླད་པ་གསལ་ཞིང་ལག་ཀྱང་བདེ་མོ་ཞིག་ཡིན”ཞེས་ཞུའུ་ཅིས་ཕེན་གྱི་དགེ་རྒན་གྱིས་བཤད།

ཡིན་ནའང་ཞུའུ་ཅིས་ཕེན་རང་ཉིད་ཀྱི་སེམས་སུ་ཤིན་ཏུ་གསལ་བོ་ཡིན་ཏེ། དང་ཐོག་ལས་རིགས་དེར་ཞུགས་ནས་ལག་རྩལ་སྦྱངས་པའི་ཉིན་བཅོ་བརྒྱད་ནི་ཁོས་སྡུག་ཤིན་ཏུ་མྱངས་པའི་དུས་སྐབས་ཤིག་ཡིན་ཏེ།   ཉིན་མོར་དགེ་རྒན་གྱི་གམ་ནས་ལག་རྩལ་སྦྱངས་དགོས་པ་དང་མཚན་མོ་མི་གཞན་དག་གཉིད་རྗེས་སུ་ཁོས་རང་གི་ལག་ཆ་བཟུང་ནས་ཡང་དང་བསྐྱར་དུ་སྦྱོང་བརྡར་ཐེངས་མང་བྱས་ནས་ལག་རྩལ་ལ་བྱང་ཆ་ལྡན་པར་བྱེད་ཀྱི་ཡོད།

“མི་གཞན་གྱི་མིག་ལམ་དུ་འཛུགས་སྐྲུན་ལས་བཟོ་བའི་བྱ་བ་ནི་ཤིན་ཏུ་ལྗིད་པར་སྣང་། ཡིན་ཀྱང་བྱ་བ་དེ་ཇི་འདྲའི་དཀའ་ཁག་ཆེ་ནའང་བསྒྲུབ་དགོས་ཀྱི་ཡོད་པ་རེད”ཅེས་ཞུའུ་ཅིས་ཕེན་གྱིས་བཤད།

དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བདེ་བླག་ངང་ལས་བཟོ་བ་ཆེན་མོ་ཞིག་ཏུ་གྱུར་རྗེས།  ཞུའུ་ཅིས་ཕེན་གྱི་འཇོན་ཐང་གི་མི་ཚེའི་ལམ་བུ་ནི་ཏག་ཏག་མགོ་བརྩམས་པ་ཞིག་རེད།

ཐེངས་ཤིག་ལ་ཞུའུ་ཅིས་ཕེན་ཡོད་པའི་ལས་གཞི་དེའི་ལས་ཡུལ་གྱི་སྤྱིའི་མགོ་བས་ལས་ཡུལ་ཏུ་སྐོར་ཞིབ་བྱེད་པའི་སྐབས་སུ། ཞུའུ་ཅིས་ཕེན་གྱི་ལས་ཀ་དེ་འདྲ་ཞིབ་མོ་མ་རེད་ཟེར་ནས་ཁོས་སོ་མར་བརྩིགས་པའི་རྩིག་པ་དེ་ཡང་བསྐྱར་ལས་སུ་བཅུག་སོང་།

བྱེད་སྟངས་དེས་མི་མང་པོའི་མདུན་ནས་ཞུའུ་ཅིས་ཕེན་ལ་དོགས་མི་བདེ་བར་གཏད་སོང་ ནའང་། ཁོས་དེ་ནི་རང་གིས་ལག་རྩལ་སྦྱངས་བ་དེ་འདྲའི་ལེགས་པོ་མིན་པ་དེས་ལན་པ་ཡིན་པས།  རྗེས་ཕྱོགས་སུ་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུའི་སེམས་ཐག་བཅད།

དུས་དེ་ནས་བཟུང་སྟེ་ཞུའུ་ཅིས་ཕེན་གྱིས་རྩིག་བཟོ་བ་ངོ་མ་ཞིག་གི་སྦྱོང་བརྡར་གྱི་བཤུལ་ལམ་རིང་མོ་དེ་ལྟར་མགོ་བརྩམས་པ་རེད། ལོ་ངོ་བཅུ་གསུམ་འདས་ཟིན། བེ་ནན་ནས་ཞི་ཨན་དང་ཡན་ཨན་ནས་ཆིན་ཡང་། ཀན་སུའུ་ནས་ཧི་ནན་སོགས་ཀྲུང་གོའི་འཛུགས་སྐྲུན་ཅུའུ་བདུན་པ་གང་དུ་སོང་ན་ཁོ་རང་དེར་འགྲོ་བཞིན་ཡོད་ཅིང་། བགྲང་གིས་མི་ལང་བའི་དཀའ་སྤྱད་ཀྱི་སྦྱོང་བརྡར་ཁྲོད་ནས་ཁོའི་ལག་རྩལ་ཡང་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་རེད།

ད་ལྟ་ཞུའུ་ཅིས་ཕེན་ནི་སྤྱིར་བཏང་གི་འཇིམ་བཟོ་བ་ཞིག་ནས་རྩིག་བཟོ་སྣ་མང་བྱེད་ཤེས་པའི་ཕུལ་བྱུང་ལག་ཤེས་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཁོས་རྩིག་བཟོའི་ཐད་ལ་ནོར་བ་ཅི་ཡང་མེད་ཁར་ལག་ཀྱང་ཤིན་ཏུ་མྱུར་བས་ཉིན་གཅིག་ལ་སོ་ཕག་སྟོང་བཞི་བརྩིགས་ཐུབ་ཀྱི་ཡོད་པ་རེད།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར། རྒྱལ་ཡོངས་ཀྱི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་རྩིག་བཟོ་བ་འདེམ་པའི་ཐོག་མའི་འགྲན་བསྡུར་ཁྲོད། ཕུལ་བྱུང་རྩིག་བཟོ་བ་བདམས་ཐོན་འབྱུང་བར་ཧི་ནན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རྩིག་བཟོ་བའི་འགྲན་བསྡུར་སྤེལ། སྐབས་དེར་ལག་རྩལ་གྱི་ཚད་གཞི་མཐོ་བའི་ཞུའུ་ཅིས་ཕེན་གྱིས་ལས་སླ་མོར་རྒྱལ་ཡོངས་རང་བཞིན་གྱི་འགྲན་ཞུགས་པའི་ཐོབ་ཐང་བརྩོན་ལེན་བྱེད་ཐུབ་པ་བྱུང་། རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལེན་ཐུབ་པའི་ཆེད་དུ། ཞུའུ་ཅིས་ཕེན་གྱིས་སེམས་ཤུགས་ཡོད་ཚད་སྦྱོང་བརྡར་བྱེད་པའི་ཁྲོད་དུ་ཕུལ། ཚ་བ་ཤིན་ཏུ་ཆེ་བའི་ཀྲིན་ཀྲིག་ཏུ་ཁོས་ཉིན་རྒྱུན་དུ་དུས་ཚོད་བཅུ་ལྷག་ལ་ཡང་དང་བསྐྱར་དུ་ལག་རྩལ་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། ཉིན་མོ་ལག་རྩལ་སྦྱོང་བ་དང་མཚན་མོ་གཞུང་ལུགས་ཀྱི་སྐོར་ལ་སྦྱོང་བ་བྱས་ནས་ཉི་མ་མང་པོ་ཉིན་གཅིག་ལྟར་བསྐྱལ་བཞིན་ཡོད།

ཟླ་གཉིས་ཀྱི་རྗེས་སུ། རྒྱལ་ཡོངས་ཀྱི་ལས་རིགས་ལག་རྩལ་འགྲན་བསྡུར་ཆེན་མོ་དེ་མགོ་བརྩམས། འགྲན་བསྡུར་གྱི་ཁྲོད་དུ་ཞུའུ་ཅིས་ཕེན་གྱིས་སོ་ཕག་རེ་རེ་ཞིབ་ཏུ་ཚད་འཇལ་བྱས་ཏེ། མཇུག་མཐར་དུས་ཚོད་སྐར་ཆ་བཅུའི་སྔོན་དུ་ཡོང་འགྲུབ་བྱས་ཤིང་། ཁོས་རྩིག་བཟོ་བྱས་པའི་གྱང་ལ་ནོར་བ་ཏོག་ཙམ་ཡང་བྱུང་མེད་པས་ཤན་འབྱེད་ཚོགས་པའི་གདེང་འཇོག་མཐོན་པོ་ཐོབ་ཅིང་། སྤྱིའི་ཐོབ་སྐར་བརྒྱད་ཅུ་གྱ་བརྒྱད་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས།

ཐོག་དང་པོར་རྒྱལ་ཡོངས་ཀྱི་ལས་བཟོ་བའི་ལས་རིགས་ལག་རྩལ་གྱི་རྩིག་བཟོ་བའི་ལས་རིགས་འགྲན་བསྡུར་ཁྲོད་དུ། ཞུའུ་ཅིས་ཕེན་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་བསྡུར་གྱི་ཨང་དང་པོ་ལེན་མཁན་གྱི་ཞིང་བ་ལས་བཟོ་བ་ཐོག་མར་གྱུར།

མིག་སྔར། ཞུའུ་ཅིས་ཕེན་ཡོད་པའི་ཀྲུང་གོའི་འཛུགས་སྐྲུན་ཅུའུ་བདུན་པའི་སྤྱིའི་འགན་ལེན་ཀུང་ཟིས་ཆེད་དུ་ཁོ་ལ་གསར་སྐྲུན་བྱ་བའི་ལས་སྒྲུབ་ཁང་བཙུགས་ཡོད་པ་དང་། ཞུའུ་ཅིས་ཕེན་གྱི་རྩིག་བཟོ་བ་ཞིག་ནས་རིམ་པ་མཐོ་བའི་ལག་རྩལ་དགེ་རྒན་ཞིག་ཏུ་འགྱུར་བའི་རྨི་ལམ་ཡང་ཡོངས་སུ་མངོན་འགྱུར་བྱས་ཡོད་པ་རེད།

                                                               ལོ་ཙཱ་བ།  གཡང་འབུམ་རྒྱལ།