ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་བསམ་འཆར་འགའ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར། ཁག་དང་པོ།
2019.05.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

2018ལོར་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་དོན་འཁྱོལ་བྱས་ཤིང་། བརྟན་བརླིང་ཁྲོད་ཡར་རྒྱས་ལ་བརྩོན་པའི་སྤྱིའི་བྱེད་ཕྱོགས་ཡིད་ལ་བརྟན་པོར་བཅངས་ཏེ། “འཐབ་ཇུས་བཞི་ཅན་ལྔ”གཏིང་ཟབ་ཏུ་ལག་བསྟར་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་མགོ་ལེགས་པོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”བྱ་བར་གྲུབ་འབྲས་ཡིད་ཚིམ་པ་ཐོབ་ཡོད། ཡིན་ནའང་དེ་དང་ཆབས་ཅིག་ཏུ། རང་ཞིང་གི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་དོ་མཉམ་མིན་པ་དང་འདང་ངེས་མིན་པའི་འགལ་བ་སྔར་བཞིན་འབུར་ཐོན་དུ་གནས་ཡོད། ལྷག་པར་དུ་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་མི་མཐོ་ཞིང་འགྲན་རྩོད་ནུས་པ་མི་སྟོབས་ལ། སྲོལ་རྒྱུན་གྱི་འཕར་སྣོན་རྒྱུ་རྐྱེན་གཙོ་བོ་ཇེ་ཞན་དུ་འགྲོ་བཞིན་ཡོད། རོང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཉམ་ཐག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་འགན་ཤིན་ཏུ་ལྕི་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ཧ་ཅང་དལ་བ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་དུ་ཐོན་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཇུས་དང་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཤིང་། ཀྲུང་དབྱང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་སྤྱིའི་བླང་བྱར་གོ་བ་ཟབ་མོ་བླངས་ཤིང་ཕྱོགས་ཡོངས་ནས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། ལས་འགན་སྒྲུབ་སེམས་དང་། འགན་འཁྲི་ཁུར་སེམས། དགོས་གཏུག་ཆེ་སེམས་བཅས་དངོས་གནས་ཇེ་དྲག་ཏུ་བཏང་། ཡིད་ཆེས་བརྟན་པོས་གནས་བབ་ལ་བསྟུན་ནས་རང་འགུལ་གྱིས་ལས་ལ་གཞོལ་ཞིང་། ཀྲུང་དབྱང་གི“དམིགས་བསལ་བཞིའི”བླང་བྱ་དོན་འཁྱོལ་བྱས་ཏེ། སྤྱི་པའི་ཞབས་ཞུའི་རྨང་གཞི་དང་། རྒྱུ་རྐྱེན་གཙོ་བོ་སྡེབ་སྒྲིག མ་དངུལ་གཏོང་འཇོག ལས་བྱེད་བསྐོ་འཇོག ཟོང་རྟགས་གསར་སྐྲུན་སོགས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱིས་སྐུལ་འདེད་དང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་གནས་བབ་ལེགས་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ཞིང་། “ཞིང་གསུམ”གྱི་གཏིང་རྡོ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བ། ལོ་བརྒྱ་ཕྲག་དང་པོའི་འབད་བརྩོན་དམིགས་འབེན་དུས་ལྟར་མངོན་འགྱུར་འབྱུང་བ་བཅས་ཁེག་ཐག་ཐུབ་པར་རྨང་གཞི་བཏིངས།

2019ལོ་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ལོ་རྒྱུས་འབྲེལ་མཚམས་ཀྱང་ཡིན་པས། “ཞིང་གསུམ”བྱ་བའི་ཐད་དུ་ངེས་པར་འགྲུབ་དགོས་པའི་འགྱུར་མེད་ལས་འགན་མང་པོ་ཡོད། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། བརྟན་བརླིང་ཁྲོད་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས“བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”སྐུལ་འདེད་ཅི་ནུས་བགྱིས་ཏེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་སྤྱིའི་འཆང་བཟུང་དང་། ལྟོས་མེད་ཀྱི་དབུལ་ཕོངས་མི་འབོར“གཙང་སེལ”བྱེད་པ་དམིགས་འབེན་དུ་འཛིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པར“ཞིང་གསུམ”བྱ་བའི་ཐད་ནས་ངེས་པར་འགྲུབ་དགོས་པའི་འགྱུར་མེད་ལས་འགན་དག་དང་བསྡུར་བ་བྱས་ཏེ། གཙོ་གནད་དམ་འཛིན་དང་། ཞན་ཆ་སྐོང་གསབ། རྨང་གཞི་བརྟན་འདིང་བཅས་བྱེད་ཅིང་། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ཕྱུགས་ལས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དང་། རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བ། རོང་འབྲོག་ཁུལ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་བྱེད་དགོས།

གཅིག དབུལ་ཐར་འགག་སྒྲོལ་གྱི་ལས་འགན་སྟེང་སྟོབས་ཤུགས་བསྡུས་ནས། གནད་ཁེལ་དབུལ་ཐར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱེད་དགོས།

(གཅིག)སྟོབས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཡོངས་འགྲུབ་བྱེད་དགོས། ད་ཡོད་ཀྱི་དབུལ་སྐྱོར་ཚད་གཞི་ལག་བསྟར་ནན་མོ་བྱེད་ཅིང་། “མཐོ་བ་གཅིག་དང་ཉེ་བ་གཅིག”དང“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་ཡོད་པ་གསུམ”ལ་དམིགས་ནས། ཁས་ལེན་ཚད་ལས་བརྒལ་བ་བྱས་ཏེ་ཧམ་སེམས་མི་སློང་ཞིང་། ཚད་གཞི་ཇེ་དམའ་རུ་བཏང་སྟེ་སྤུས་ཚད་མི་གཅོག་པར། ལོ་འཁོར་ནང་འཆར་གཞི་ལྟར་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་མིང་ཐོ་ནས་འཐེན་པ། དབུལ་ཕོངས་མི་འབོར་དབུལ་ཕོངས་ལས་སྒྲོལ་བ་བཅས་ལེགས་འགྲུབ་བྱེད་པ་དང་། ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་བལྟོས་མེད་དབུལ་ཕོངས་མི་འབོར་ཡོད་ཚད“གཙང་སེལ”ཐུབ་པ་ཅི་ལྕོགས་ཀྱིས་མངོན་འགྱུར་བྱས་ཏེ། 2020ལོར་ཚང་བཤེར་ཆད་གསབ་དང་སྲ་བརྟན་མཐོར་འདེགས་ཀྱི་བྱ་བ་བསྒྲུབ་པར་རྨང་གཞི་བརྟན་པོ་འདིང་དགོས། “རིམ་པ་ལྔའི་ཧྲུའུ་ཅི་དབུལ་སྐྱོར་བྱ་ཡུལ་ཡོངས་ལ་བཅར་འདྲིར་འགྲོ་བའི”འགུལ་སྐྱོད་མུ་མཐུད་དུ་སྐུལ་སྤེལ་བྱེད་དགོས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀའི་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་བརྟན་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། བྱ་བ་མཐའ་དག་རིམ་པ་བཞིན་དུ་སྐུལ་སྤེལ་བྱེད་དགོས། ཡིག་ཚགས་དང་བྱང་བུ་བཟོ་བར་འགུལ་རྣམ་གྱིས་སྙོམ་སྒྲིག་བྱེད་པའི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་ཅིང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་དང་། གཞི་གྲངས་ཞིབ་བསྡུར་ལ་གཟབ་ནན་བྱས་ཏེ། བྱ་ཡུལ་གནད་དུ་ཁེལ་བ་དང་གཞི་གྲངས་ཡང་དག་པ་ཁག་ཐེག་བྱེད་དགོས། གཞི་རིམ་དབུལ་སྐྱོར་ལས་བྱེད་པའི་གསོ་སྦྱོང་དང་རེས་སྐོར་སྦྱོང་བརྡར་གྱི་བྱ་བ་མུ་མཐུད་ལེགས་པོར་བསྒྲུབས་ནས། དངོས་འཐབ་ཅན་གྱི་འགག་སྒྲོལ་ནུས་པ་མཐོར་འདེགས་གཏོང་དགོས། དབུལ་ཐར་འགག་སྒྲོལ་ལ་ལྟ་ཞིབ་དང་སྐོར་ཞིབ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། འགག་སྒྲོལ་གྱི་འགན་འཁྲི་ཕྲག་འཇོག་ཏན་ཏིག་བྱས་ནས། སྲིད་ཇུས་དང་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དམིགས་བཅོས་སྐྱོང་མུ་མཐུད་དུ་སྤེལ་ཞིང་། དབུལ་སྐྱོར་མ་དངུལ་ལ་ལྟ་སྐུལ་དོ་དམ་དང་བཀོལ་སྤྱོད་གཟབ་ནན་བྱས་ཏེ། ལོ་འཁོར་ནང་གི་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་འགན་སྲུང་དྲག་པོ་འདོན་སྤྲོད་བྱེད་དགོས། ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་ཀྲུང་དབྱང་གིས་སྐོར་ཞིབ་བྱས་པའི་གནད་དོན་དག་ཐེར་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས་པ་དང་། ལས་མི་མཐོང་ཐུབ་པ་དང་དོན་དག་མཐོང་ཐུབ་པ། འགུལ་སྐྱོད་མཐོང་ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་ཁས་ལེན་ཞིང་མང་ཚོགས་རྣམས་ཡིད་ཚིམ་ལ་ལས་བྱེད་པ་ཡི་རང་བའི་རྒྱུགས་ལན་ལེགས་པོ་ཞིག་དུས་ཐོག་ཏུ་སྤྲོད་དགོས།

(གཉིས)ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་ཕོངས་ལས་སྒྲོལ་བ་འབུར་དུ་ཐོན་པར་བྱེད་དགོས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགག་སྒྲོལ་བྱ་བར་སྔར་ལས་ལྷག་པར་དམིགས་པ་གཏད་དེ། མུ་མཐུད་དུ་ལོ་འཁོར་ནང་གསར་དུ་བསྣན་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི70%གཅིག་གྱུར་བཀོད་འདོམས་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ཐད་ལ་བཀོལ་དགོས། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་མ་དངུལ80%ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལས་གཞི་འཛུགས་སྐྲུན། ཐོན་ལས་དང་ལས་ཞུགས་ཀྱི་དབུལ་སྐྱོར་བཅས་ཀྱི་ཐད་ལ་བཀོལ་དགོས། ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་དང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ལ་གཅིག་གྱུར་བཀོད་འདོམས་དང་ཟླ་སྒྲིལ་བྱེད་ཤུགས་ཇེ་ཆེར་བཏང་ནས། དབུལ་ཐར་འགག་སྒྲོལ་ལ་རམ་བུ་འདེགས་དགོས། བཟོ་འགོད་གལ་ཆེན་འཛུགས་སྐྲུན་གྱི་ལས་གཞི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གསེག་གཞོལ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་གནས་སྤོ་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སྤྱི་ཚོགས་ཀྱི་རོགས་སྐྱོར་སོགས་སྲིད་ཇུས་དང་བྱེད་ཐབས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གསེག་གཞོལ་བྱེད་ཅིང་། འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་དགོས། ལས་རིགས་དབུལ་སྐྱོར་ལ་གཅིག་གྱུར་བཀོད་འདོམས་སྒོས་སྐུལ་འདེད་དང་། དབུལ་ཕོངས་སྡེ་བ་མཐོར་འདེགས་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་ཅིང་། ཆུ་དང་། གློག ལམ། དྲ། འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ལ་སྒོས་སུ་དམ་འཛིན་བྱས་ཏེ། ལས་རིགས་ཀྱི་ཞན་ཆ་ཕྱོགས་ཡོངས་ནས་གསབ་སྐོང་བྱེད་དགོས། གཉེན་མ་བསྒྲིགས་པའི་ན་གཞོན་ལོ་ཆེ་དང་ཕ་མ་ཡ་གཅིག་གི་དབུལ་ཕོངས་ཁྱིམ་ཚང་། དབང་སྐྱོན་ཚབས་ཆེན་གྱི་དབུལ་ཕོངས་མང་ཚོགས། “མེད་པ་གསུམ”གྱི་ལོ་ལོན་སོགས་ལ་གནད་ཁེལ་རོགས་སྐྱོར་བྱེད་པའི་བྱ་བར་གཙིགས་འཛིན་ཚད་མཐོ་བྱས་ཏེ། དམིགས་བསལ་དཀའ་ཁག་ཡོད་པའི་མི་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།

(གསུམ)གཙོ་གནད་ཀྱི་དབུལ་སྐྱོར་ལས་གཞི་གནད་དུ་ཁེལ་བར་ལག་བསྟར་བྱེད་དགོས། ཐོན་ལས་དང་ལས་ཞུགས་ཀྱི་དབུལ་སྐྱོར་དེ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་ཕོངས་ལས་ཐར་བའི“ཐབས་ལམ་གཙོ་བོར”བཟུང་ནས། ནོར་གནག་དང་ནས། སྡེ་བ་རིམ་པའི་འོད་ཧྥུ། གྲོང་གསེབ་ཡུལ་སྐོར། མི་རིགས་ལག་ཤེས་སོགས་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གཙོ་ཁྲིད་ཐོན་ལས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་འཕེལ་རྒྱས་སུ་གཏོང་བ་དང་། “དབུལ་སྐྱོར་འཁོར་ཁང”ལེགས་པོར་བསྐྲུན་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པའི་བརྒྱུད་ལམ་ཇེ་ཡངས་སུ་གཏོང་དགོས། བྱོལ་འགོག་སློབ་སྲུང་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། སྤྱི་སྐད་ཁྱབ་གདལ་གྱི་དབུལ་སྐྱོར་འགག་གཏོར་འགུལ་སྐྱོད་སྤེལ་བ་བརྒྱུད་ནས། སློབ་སྔོན་སློབ་གསོའི་དུས་སྐབས་ཀྱི་བྱིས་པར་སྤྱི་སྐད་ཁྱབ་གདལ་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། བདེ་ཐང་དབུལ་སྐྱོར་གྱི“ཁག་གཅིག་གསུམ”འགུལ་སྐྱོད་མུ་མཐུད་དུ་སྐུལ་སྤེལ་བྱེད་ཅིང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་གཞི་ཆེ་གྲས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ། ཚོང་ལས་ཁ་གསབ་ཀྱི་སྨན་བཅོས་འགན་བཅོལ་བཅས་བར་གྱི་སྲིད་ཇུས་སྦྲེལ་མཐུད་ཇེ་དམ་དུ་བཏང་སྟེ། ནད་ཀྱིས་དབུལ་བོར་གྱུར་པ་དང་ནད་ཀྱིས་སླར་ཡང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་དགོས། གནས་སྤོ་དབུལ་སྐྱོར་གྱི་མཇུག་བསྡུ་བྱ་བ་ནན་ཏན་གྱིས་སྒྲུབ་པ་དང་། རྗེས་མཐུད་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་དང་། སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་བཏང་སྟེ། གནས་སྤར་ཡུལ་མི་རྣམས་མགྱོགས་མྱུར་ངང་གནས་དེ་གའི་སྤྱི་ཚོགས་སུ་འདྲེས་པར་སྐུལ་སྤེལ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་གི་དབུལ་སྐྱོར་ལམ་བུར་ལེགས་པོར་བསྐྱོད་ནས། དབུལ་ཐར་འགག་སྒྲོལ་དང་ཁོར་ཡུག་སྲུང་སྐྱོབ་ཉིས་ཕན་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས།

(བཞི)དབུལ་ཐར་འགག་སྒྲོལ་གྱི་མཉམ་ཤུགས་དྲག་པོ་ཆིག་སྒྲིལ་བྱེད་དགོས། ཤར་ནུབ་དབུལ་སྐྱོར་མཉམ་ལས་ཀྱི་མཐོ་རིམ་མཉམ་འབྲེལ་གྲོས་ཚོགས་དང་དུས་བཅད་ལྟར་ཕན་ཚུན་མཚམས་འདྲིར་འགྲོ་བའི་ལམ་ལུགས་ནང་རྐྱེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲོང་ཁྱེར་རམ་རྫོང་སོ་སོར་བྱ་བའི་ཐད་ནས་འབྲེལ་ལམ་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ཏེ། “ལག་རྡང་སྦྲེལ་ནས་འབྱོར་འབྲིང་དུ་བསྐྱོད་པའི”འགུལ་སྐྱོད་མཉམ་དུ་སྐུལ་སྤེལ་གཏོང་བ་དང་། “སྟོབས་གཡོར་བའི་རྩལ”ལེགས་པོར་ངོམ་ནས། “འཕེལ་རྒྱས་ཆེན་པོ”ཡོང་བ་མངོན་འགྱུར་བྱེད་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་ནམ་གྲོང་ཁྱེར་དང་། ཀྲུང་དབྱང་གིས་གནས་ངེས་རོགས་སྐྱོར་སྡེ་ཚན་གྱི་ཐོན་ཁུངས་དགེ་མཚན་ལ་གཞི་བཅོལ་ནས། མ་དངུལ་ནང་འདྲེན་དང་། ལས་གཞི་ཚུར་འགུགས། འཇོན་མི་མཉམ་བསྡུ། ལག་རྩལ་དྲག་སྐྱེད་བཅས་བྱས་ཏེ། རོགས་སྐྱོར་བྱེད་མཁན་ས་ཁུལ་དང་རོགས་སྐྱོར་ཐོབ་མཁན་ས་ཁུལ་གནད་དུ་ཁེལ་བར་སྦྲེལ་ཞིང་ཕན་ཚུན་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་གཉེར་ཁེ་ལས་རྣམས“བརྒྱ་ཟུང”གི་གནད་ཁེལ་དབུལ་སྐྱོར་འགུལ་སྐྱོད་ཁྲོད་ཞུགས་པར་ཧུར་ཐག་གིས་སྐུལ་མ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། རྩལ་ནུས་གསོ་སྦྱོང་བཅས་ལ་ཤུགས་འདོན་པར་གཙིགས་འཛིན་བྱས་ཏེ། སྡེ་བར་འཚམ་པའི་ཇུས་དང་ཁྱིམ་ཚང་ལ་འཚམ་པའི་ཐབས་སྤྱད་ནས། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་མགྱོགས་མྱུར་ངང་དབུལ་ཕོངས་ལས་ཐར་བར་རོགས་སྐྱོར་བྱེད་དགོས། ལས་ཡུལ་དང་པོའི་དབུལ་སྐྱོར་ལས་བྱེད་པའི་ནུས་པ་དང་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ནས། ལས་ཡུལ་དང་པོའི་གནད་ཁེལ་དབུལ་སྐྱོར་གྱི་སྟོབས་ཤུགས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས་ལ། སྡེ་སྡོད་ལས་བྱེད་པའི་དཔུང་ཁག་ཧྲག་འདེམས་ལེགས་བསྐོ་བྱེད་པ་དང་། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་མི་སྣར་ཐུགས་ཁུར་དང་དོ་དམ་བྱེད་ཐབས་དོན་འཁྱོལ་བྱེད་དགོས། “སྤྱི་ཚོགས་དབུལ་སྐྱོར་དྲ་བར”གཞི་བཅོལ་ནས། “སྦྲེལ་དྲ+སྤྱི་ཚོགས་དབུལ་སྐྱོར”གྱི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རྩ་འཛུགས་དང་སྤྱི་དམངས་རང་སྒེར་དབུལ་ཐར་འགག་སྒྲོལ་གྱི་ལས་ལ་ཞུགས་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། དབུལ་ཕོངས་མང་ཚོགས་ཀྱི་སྤོ་སྒྱུར་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་པ་དང་། ཕྱུག་སྒྱུར་ལས་སྐྲུན་གྱི་སྣེ་ཁྲིད་མཁན་གྱི་རོགས་སྐྱོར་བྱེད་སྒོ་དང“སྦྲང་ཆར་འཆར་གཞི” “དཔྱིད་རླུང་འགུལ་སྐྱོད” “ལས་སྐྲུན་གསར་གཏོད་ཀྱི་མཛངས་མའི་འགུལ་སྐྱོད”སོགས་ཐེག་བྱེད་ལ་བརྟེན་ནས། དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་དང་ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

(ལྔ)དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་དང་བརྟན་སྲུང་བྱེད་དགོས། རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་སྲིད་ཇུས་ཀྱི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་ཏེ། དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མི་འབོར་དབུལ་ཕོངས་མིང་ཐོ་ནས་འཐེན་རྗེས། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་གནད་དོན་འབྱུང་བ་སྔོན་འགོག་བྱེད་དགོས། དོན་དངོས་ནས་མགོ་བརྩམས་ཏེ། ཡོང་འབབ་ཀྱི་ཆུ་ཚད་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལས་ཅུང་མཐོ་བའི་མང་ཚོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དཀོན་པ་དང་། དབུལ་སྐྱོར་ལས་གཞི་དོན་ཐོག་ཏུ་འཁྱོལ་རྗེས་ཕན་འབྲས་བསྟུད་མར་འབྱུང་དཀའ་བ་སོགས་ཀྱི་གནད་དོན་གསར་པར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་ལག་ལེན་ཁྲོད་རྙེད་པའི་ཉམས་མྱོང་ལེགས་པོ་དང་སྒྲུབ་ཐབས་ལེགས་པོ། ལམ་བུ་ལེགས་པོ་ཤུགས་ཆེན་པོས་ཁྱབ་སྤེལ་བྱེད་དགོས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ཧུར་ཐག་གིས་སྤེལ་ནས། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་རྗེས་རྗེས་མཐུད་ཀྱི་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཆར་འགོད་བྱེད་དགོས།

                                                                                                       རྩོམ་སྒྲིག་པ། གཡང་འབུམ་རྒྱལ།