རྒྱུན་ལྡན་གྱི་ཉིན་གཅིག
2019.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཐོ་སྒང་དུ་ཐོན་པ་ནས་བཟུང་གཉིད་མི་ཡོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མཚན་མོར་མལ་ལས་འགྲེ་ལོག་ཡང་ཡང་བརྒྱབས་ནས་གཏན་ནས་གཉིད་མི་ཁུག ཅུང་ཙམ་གཉིད་ཀྱང་གཉིད་ལས་སད་སླ་ཞིང་།  ཉལ་གྱིན་ཉལ་གྱིན་གཉིད་ཡོངས་སུ་སངས་ཏེ་མིག་ཅེར་ནས་ནམ་ལངས་པར་སྒུག་ནས་འདུག་དགོས།

མདང་དགོང་ཡང་གཉིད་གཏན་ནས་མ་ཁུག  ཡིན་ནའང་འདི་ནི་གཉིད་མ་ཁུག་པའི་མཚན་མོ་ཐེངས་དུ་བ་ཡིན་པ་དྲན་གྱི་མི་འདུག

ཞོགས་པའི་དུས་ཚོད་བདུན་ལ་ཐོན་པའི་བར་དུ་གཉིད་ཡེ་ནས་མ་ཁུག་པར་ཉབ་ཉོབ་ངང་མལ་ལས་ལངས་ཏེ།  སྒེའུ་ཁུང་ཕྱི་རོལ་གྱི་རྨ་ཆེན་རྫོང་གི་རྒྱང་རིང་གི་རི་ཚོགས་ལ་ལྟ་དུས། རི་བོ་དག་གིས་ཁ་བའི་གོས་དཀར་ལྟ་བུའི་ལྭ་བ་རིམ་གྱིས་ཕུད་མགོ་བརྩམས་ཤིང་། རྩྭ་ཐང་ཆེན་མོས་འོངས་འཕྱི་བའི་དཔྱིད་ཀར་སྒུག་འདུག  སྔ་མོར་ལངས་པའི་འབྲོག་པ་རྣམས་ཀྱིས་རང་རང་གི་ནོར་ཁྱུ་དེད་ནས་རྩྭ་ཐང་དུ་ཐོན་ཏེ་སྙན་པའི་གླུ་གཞས་གཏོང་གྱི་འདུག

དེ་ནས་ནང་ཇ་འཐུང་རྗེས་སུ་མྱུར་མོར་སྨན་ཁང་དུ་བསྐྱོད་པ་ཡིན། དེ་རིང་སྨན་ཁང་གི་མགོ་གཙོ་ལ་ཧྲང་ཧེ་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་ནུབ་རྒྱུད་ས་ཁུལ་གྱི་བྱིས་ནད་ཚན་ཁག་གི་སྨན་བཅོས་མི་སྣ་བརྒྱ་ལྷག་ཟབ་སྦྱོང་ལ་འགྲོ་བའི་འཆར་འགོད་ཀྱི་སློབ་བསྡུའི་གནས་ཚུལ་ཡར་ཞུ་བྱེད་དགོས། ཐེངས་འདིར། ཧྲང་ཧེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣ་རྣམས་ཟབ་སྦྱོང་ལ་འགྲོ་བར་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་པ་སྟེ། ཉལ་ཁང་དང་ཟབ་སྦྱོང་གི་རིན་པ་སོགས་ཅི་ཡང་གཏང་མི་དགོས་པའི་ཁར་ཡར་མར་གྱི་ལམ་གླ་དང་ཟ་མའི་རིན་པའང་གཅིག་ཀྱང་སྟེར་མི་དགོས། དེ་ནི་ཚང་མར་མཚོན་ན་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་པར་མ་ཟད་སྨན་བཅོས་མི་སྣ་རྣམས་ཀྱི་སྨན་བཅོས་ཆུ་ཚད་ཡར་ཐོན་ཡོང་བར་སྐུལ་འདེད་ཆེན་པོ་བྱས་པ་རེད།

ང་རང་མཚན་མོ་གཉིད་མི་ཁུག་ནའང་བྱ་བའི་ལས་གནས་སུ་ཡོང་རྗེས་རང་གི་བྱ་བ་ཆད་ལྷག་མེད་པར་ལས་ཀྱིན་ཡོད། སྨན་ཁང་གི་མགོ་གཙོའི་གཞུང་སྒྲུབ་ཁང་ཕུད་ངས་ཧྲང་ཧེ་མི་དམངས་སྨན་ཁང་དགུ་བའི་མི་སྣ་རྣམས་མགོ་ལོག་ས་ཁུལ་དུ་སྐོར་སྐྱོད་བྱེད་པའི་འགྲུལ་བཞུད་ཀྱི་འཆར་ཟིན་བཟོས་པ་ཡིན། དེ་དང་བསྟུན་ནས་ས་གནས་ཀྱི་སྨན་ཁང་མང་པོ་ཞིག་ལ་ཁ་པར་གྱི་ལམ་ནས་འབྲེལ་འདྲིས་བྱས་པར་མ་ཟད་གནས་ཚུལ་ཞིབ་ཕྲའི་སྐོར་ནས་གྲོས་མོལ་བྱས་པ་ཡིན། དོན་དག་དེ་དག་ཚང་མ་མཇུག་བསྡུས་རྗེས་སུ་ངས་ད་གཟོད་ངལ་ཅུང་ཙམ་གསོས་པ་ཡིན་ལ་སྐབས་དེར་རང་ཉིད་ཐང་ཆད་འདུག་པའི་སྣང་བ་ཞིག་ཀྱང་སྐྱེས་བྱུང་།   དེ་ནི་མཐོ་སྒང་གི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས་མཚན་མོ་གཉིད་མི་ཡོང་མཁན་ཞིག་ལ་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། ངལ་ཅུང་ཙམ་གསོས་པའི་བར་གླགས་དེ་ནས་ངས་གློ་བུར་དུ་ཅོག་ཙེ་སྟེང་དུ་ཡོད་པའི་ངེད་ཚང་གི་ཁྱིམ་མི་ལྷན་འཛོམས་ཀྱི་པར་དེ་མཐོང་བྱུང་བ་དང་། པར་དེའི་སྟེང་དུ་ཆུང་མ་དང་བྱིས་པ་དག་གིས་འཛུམ་མདང་དང་བཅས་ང་ལ་བལྟས་འདུག ངས་པར་དེ་ལ་ཞིབ་ཏུ་བལྟས་རྗེས་དྲོད་སྐྱིད་ཀྱི་སྣང་བ་ཞིག་སེམས་ཀྱི་གཏིང་རིམ་ནས་དལ་གྱིས་འཕྱུར་ཡོང་གི་འདུག  སྐབས་དེར་ངས་གློ་བུར་དུ་ཉེ་སྔོན་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། ཁང་ཀླད་ཀྱི་ཁངས་བཞུས་ནས་སྨན་པའི་ལས་རེས་ཁང་དུ་ཐིགས་ཆུ་ཐིགས་བཞིན་པའི་གནས་ཚུལ་དེར་བལྟ་དགོས་པ་ཡིད་ལ་དྲན། ས་ལས་བྱེད་མཁན་ཡོང་ནས་ཁང་ཀླད་དེར་ཞིག་གསོ་བྱས་ནའང་ང་རང་བློ་མ་བདེ་བར་མྱུར་དུ་དེར་སོང་ནས་བལྟས་པ་ཡིན།

དེ་ལྟར་ཉིན་གཅིག་གི་དུས་ཚོད་ནི་བྲེལ་འཚུབ་ཀྱི་ཁྲོད་ནས་ཤེས་མེད་ཚོར་མེད་དུས་འདས་སོང་། ཕྱིར་མལ་ཁང་དུ་ལོག་རྗེས་དགོང་ཟས་ལས་མགོ་བརྩམས། ཡུལ་གཞན་ནས་ཡོང་བའི་མགྲོན་པོ་ཞིག་ལ་མཚོན་ན་ཉིན་རྒྱུན་དུ་ཟ་མ་ཞིམ་པོ་ཐེངས་ཤིག་ལས་རྒྱུ་ནི་ཆེས་ལེགས་པའི་གསོལ་རས་ཐེངས་ཤིག་ཡིན། རྟ་བོ་གྲོང་རྡལ་ལ་མཚོན་ན་དབྱང་དབུགས་དཀོན་པའི་གནས་ཚུལ་ནི་ཅུང་མངོན་གསལ་ཡིན་པས་རང་ཉིད་ཀྱིས་ཟ་མ་ལས་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ལས་གཞན་རྐང་ལག་འགུལ་ནས་སྦྱོང་བརྡར་བྱེད་རྒྱུ་དེ་ཡང་ཐོབ་པར་དཀའ་བའི་སྤྲོ་སྐྱིད་རིགས་ཤིག་ཡིན། བཟའ་བཏུང་གི་སྡེབ་ཁ་སྣ་ཚོགས་མཐོ་སྒང་གི་གནས་བབ་དང་འཕྲོད་པར་བྱས་ཚེ་ལུས་ཕུང་བདེ་ཐང་གི་རྣམ་པ་ལེགས་པོ་ཞིག་རྒྱུན་འཁྱོངས་བྱེད་ཐུབ་པར་མ་ཟད་བྱ་བའང་ལེགས་པོར་བསྒྲུབ་ཐུབ་པ་ཡིན།

ན་ནིང་ང་རང་ཧྲང་ཧེ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་བྱེད་པ་ཞིག་ཏུ་གྱུར་ནས་མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་ཡོང་རྗེས། ངའི་དུས་ཚོད་མང་པོ་ཞིག་ནི་དེ་ལྟར་རྒྱུན་ལྡན་ལྟར་འདས་བཞིན་ཡོད། ཡིན་འང་ངའི་སྤྱིར་བཏང་དང་ཞིབ་ཕྲའི་བྱ་བ་སྒྲུབ་སྟངས་འདིས་མགོ་ལོག་ས་ཁུལ་དུ་ཕན་ཅུང་ཙམ་ཐོགས་ཀྱང་སྲིད།  ངས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་སྣ་ཚོགས་ཀྱིས་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོར་འདེགས་སུ་གཏོང་བར་བྱས་རྗེས་འཇོག་པར་འདོད།

ང་རང་ཡང་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་ལས་བྱེད་པ་ཁྲི་སྟོང་མང་པོ་དང་འདྲ་བར། ཆེས་ཕལ་བའི་ལས་རྐང་སྟེ་མཐོ་སྒང་གི་རྫ་དུག་གིས་སྐྱེད་པའི་ལུས་ཁམས་སོགས་མི་བདེ་བའི་ཁོར་ཡུག་འདི་རུ། ཉིན་རྒྱུན་ལྟར་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་སྒྲུབ་ནས་རང་གི་ཕ་ཡུལ་གཉིས་པ་ལྟ་བུའི་མཚོ་སྔོན་ལ་དོན་དག་མང་པོ་ཞིག་བསྒྲུབ་འདོད་ཡོད། དེའི་སྟབས་ཀྱིས།  མ་གཞིར་ང་ཚོའི་ཉིན་རྒྱུན་གྱི་དོན་དག་རེ་རེ་ནི་དེ་འདྲའི་གླེང་རིན་ཡོད་པ་ཞིག་མིན་ནའང་ང་ཚོས་མཚོ་སྔོན་གྱི་ས་གཞི་འདིའི་སྟེང་དུ་བརྟན་བརླིང་གི་རྐང་རྗེས་ཤིག་བཀོད་ནས་ཡོད། རྐང་རྗེས་དེ་དག་རེ་རེ་ཡིས་ང་རང་མི་ཚེ་ཡི་ཆེས་སྤྱིར་བཏང་མ་ཡིན་པའི་དམིགས་འབེན་གྱི་ཕྱོགས་སུ་ཁྲིད་ཀྱིན་ཡོད།

འདི་ནི་ཧྲང་ཧེ་ཧོང་ཕུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་སྟེ་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་མགོ་གཙོ་གཞོན་པ་ཞུའུ་ཕན་གྱི་རྒྱུན་ལྡན་གྱི་ཉིན་གཅིག་གི་འཚོ་བའི་གོ་རིམ་ཡིན། 

                                                                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།