ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་བསམ་འཆར་འགའ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར། ཁག་གཉིས་པ།
2019.05.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

གཉིས། གྲོང་གསེབ་ཀྱི་རྨང་གཞིའི་ཞན་ཆ་གསབ་པར་ཤུགས་བཏོན་ནས། སྤྱི་པའི་ཞབས་ཞུའི་རིམ་པ་སྤར་བ་དམིགས་སུ་བཟུང་ནས་སྐུལ་འདེད་བྱེད་དགོས།

(དྲུག) ཕྱོགས་ཡོངས་ནས་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་བྱེད་དགོས། ཀྲེ་ཅང་གི“ཁྲི་སྟོང་བཟོ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་སྤེལ་བྱེད་པ་དང་། ཞིང་སྡེའི་གད་སྙིགས་བཙོག་ཆུ་གཙང་བཅོས་དང་། སྤྱོད་ཁང་གསར་བརྗེ། ཞིང་སྡེའི་རྣམ་པ་མཐོར་འདེགས་བཅས་གཙོ་གནད་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་བྱས་ཏེ། སྒྲིག་བཅོས་འགུལ་སྐྱོད་ཀྱི་ལོ་འཁོར་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཐུབ་པ་ཁག་ཐེག་བྱེད་དགོས། སྲིད་གཞུང་གི་རོགས་དངུལ་གཏོང་འཇོག་གི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིམ་པ་སོ་སོའི་སྲིད་གཞུང་གིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་ལ་རྒྱབ་སྐྱོར་བྱེད་དགོས་ལ། རྫོང་རིམ་པས་གཏན་འབེབས་ལྟར་ཟླ་སྒྲིལ་མ་དངུལ་གཅིག་གྱུར་བཀོད་སྒྲིག་བྱས་པ་དེ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་བྱེད་པར་གཅིག་བསྡུས་ཀྱིས་བཀོལ་ཆོག ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཞིང་ཆེན་གསར་སྐྲུན་འགུལ་སྐྱོད་སྤེལ་མགོ་རྩོམ་པ་དང་། འཆར་འགོད་ལེགས་བཟོ་དང་རིམ་དབྱེ་ལག་བསྟར་བྱས་ཏེ། ཐོག་མར་གཙང་གསུམ་འབྱུང་ཡུལ་དུ་ཁོངས་ཡོངས་སུ་གད་སྙིགས་མེད་པ་མངོན་འགྱུར་བྱེད་དགོས། གྲོང་སྡེ་གཙང་དག་འགུལ་སྐྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྡེ་བའི་ཕྱི་ནང་གི་རྣམ་པ་རིམ་བཞིན་མཐོར་འདེགས་གཏོང་དགོས། རོང་འབྲོག་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་གད་སྙིགས་གཙང་སེལ་ལག་རྩལ་འཚོལ་ཞིབ་བྱས་ཏེ། ཞིང་སྡེའི་འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་སྒྲིག་བཀོད་མགྱོགས་མྱུར་སྒོས་བསྐྲུན་དགོས། རོང་འབྲོག་ཁུལ་གྱི་“སྤྱོད་ཁང་གསར་བརྗེ”ཡི་འགག་སྒྲོལ་འགུལ་སྐྱོད་ལག་བསྟར་བྱས་ཏེ། འོས་ཤིང་འཚམ་པའི་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ། ཐོན་རྫས་གསར་པ་ནང་འདྲེན་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ཁྱིམ་སྤྱོད་དང་སྤྱི་སྤྱོད་ཀྱི་སྤྱོད་ཁང་མགྱོགས་མྱུར་སྒོས་འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཏེ། གོ་རིམ་རེ་རེ་དང་རིམ་པ་སོ་སོར་གནོད་མེད་ཅན་གྱི་འཕྲོད་བསྟེན་སྤྱོད་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས། མཐོ་སྒང་གི་གྲང་ངར་ཆེ་བའི་ཁོར་ཡུག་ལ་འཚམ་པའི་བཙོག་ཆུ་གཙང་སེལ་མ་དཔེ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་ནུས་ལྡན་སྒོས་གཙང་སེལ་བྱེད་དགོས། རྫོང་ངམ་གྲོང་ཁྱེར་རམ་ཆུས་ནི་གཞི་རྩའི་སྡེ་ཚན་རེ་བྱས་ཏེ། གཅིག་གྱུར་འཆར་འགོད་ཀྱིས་རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་ལ་རིམ་པ་བཞིན་དུ་སྐུལ་འདེད་བྱེད་པ་དང་། བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་གིས་ཟབ་ཞུགས་བྱེད་པར་སྐུལ་མ་བཏང་ནས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་དེ་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ་སོགས་ལ་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་མུ་མཐུད་དུ་སྐུལ་སྤེལ་དང་། འཛུགས་སྐྲུན་བླང་བྱ་སྔར་བས་ཚད་ལྡན་དུ་བཏང་ནས། འཛུགས་སྐྲུན་གྱི་སྤུས་ཚད་དང་སྤུས་ཀ་ཇེ་མཐོར་གཏོང་དགོས།

(བདུན) གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྲ་བརྟན་དུ་གཏོང་དགོས། “ཁ་གསབ་དང་སྤུས་འདེགས། གཞི་གཅིག”གི་བླང་བྱ་ལྟར། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་མ་དངུལ་གཏོང་འཇོག་ཁ་སྣོན་རྒྱག་པ་དང་། མཁར་གྲོང་གི་འཚོ་བའི་རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ཏུ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་བསྒྱུར་བ་མངོན་འགྱུར་བྱེད་དགོས། ཆུ་གྲོན་ཆུང་དང་ཆུ་འདོན་གྱི་ཆུ་བེད་བཟོ་འགོད་གལ་ཆེན་དང་ཞིང་སའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བརྟན་སྲུང་དང་མཐོར་འདེགས་ཀྱི་བཟོ་འགོད་ལག་བསྟར་བྱས་ཏེ། ཆུ་ཁོངས་སྲུང་སྐྱོབ་ལ་ཤུགས་སྣོན་དང་། རོང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་བྱེད་དགོས། “བཞི་བཟང་ཞིང་སྡེའི་བགྲོད་ལམ”འཛུགས་སྐྲུན་མུ་མཐུད་དུ་ལེགས་པོར་བསྒྲུབས་ནས། སླེབས་ཐུབ་སའི་རིང་ཚད་དང་ཤར་སྐྱོད་ཐུབ་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཆ་རྐྱེན་འཛོམས་པའི་སྡེ་བ་ཡོངས་ལ་སྲ་བསྒྱུར་ལམ་ཡོད་པ་མངོན་འགྱུར་བྱེད་དགོས་ལ། ཆ་རྐྱེན་ལྡན་པའི་ས་ཁུལ་ནས་རང་བྱུང་སྡེ་བའི་བར་དུ་རྒྱ་བསྐྱེད་དགོས། གྲོང་གསེབ་ཀྱི་གློག་ཤུགས་ཅན་མཐོར་འདེགས་བཟོ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རེབ་གསར་པའི་རོང་འབྲོག་ཁུལ་གྱི་གློག་དྲ་བསྒྱུར་བཀོད་རིམ་སྤར་བཟོ་འགོད་མགྱོགས་མྱུར་ངང་འགྲུབ་དགོས། རོང་འབྲོག་ཁུལ་གྱི་སླར་སྐྱེས་ཐུབ་པའི་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། ཉི་ནུས་དང་རླུང་ནུས་སོགས་འཕེལ་རྒྱས་སུ་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དྭངས་གཙང་ནུས་ཁུངས་ཀྱིས་དྲོད་ལེན་པའི་ཚོད་ལྟའི་གནས་སྤེལ་དགོས། རྒྱང་སྒྲོག་དང་བརྙན་འཕྲིན་སྡེ་བ་རེ་རེར་འཐེན་པ་དེ་རིམ་པ་སྤར་ནས་ཁྱིམ་ཚང་རེ་རེར་འཐེན་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རོང་འབྲོག་ཁུལ་དུ་སྐུད་ཡོད་བརྙན་འཕྲིན་དྲ་བའི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས། རོང་འབྲོག་ཁུལ་དུ་ཐགས་ཡངས་དྲ་བ་དང་སྤོ་འགུལ་འཕྲིན་སྐྱེལ་དྲ་བ་ཁྱབ་པར་བྱེད་པའི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས། རྫོང་དང་ཞང་དང་སྡེ་བའི་ཟོང་སྐྱེལ་རྨང་གཞིའི་སྒྲིག་བཀོད་དྲ་བ་འཐུས་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་དོན་གྱི་ཐོན་ཁུངས་ཟླ་སྒྲིལ་བྱས་ཏེ། རོང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ཁུལ་དུ་ཞིང་ཕྱུགས་ཐོན་རྫས་གསོག་འཇོག་སོས་ཉར་དང་རིམ་དབྱེའི་ཐུམ་སྒྲིལ། གློག་རྡུལ་ཚོང་དོན་ལྟེ་གནས། གྲོང་གསེབ་བརྙན་ཡོལ་གསུམ་པ་སོགས་ཀྱི་སྒྲིག་བཀོད་འཛུགས་པར་རྒྱབ་སྐྱོར་བྱས་ནས། རང་ས་གནས་ཅན་གྱི་མཁོ་སྤྲོད་སྦྲེལ་ཐག་མགྱོགས་པོར་འཛུགས་དགོས། ཁེ་ལས་ཀྱིས་རྫོང་ངམ་ཞང་དང་ཆ་རྐྱེན་འཛོམས་པའི་སྡེ་བ་རུ་ཟོང་སྐྱེལ་སྡེབ་སྐྱེལ་ས་ཚིགས་འཛུགས་པར་སྐུལ་མ་གཏོང་དགོས། རོང་འབྲོག་མང་ཚོགས་ཀྱི་ཁང་པ་ཉེན་རྙིང་བསྒྱུར་བཀོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བཟོ་འགོད་ལག་བསྟར་བྱེད་མགོ་བརྩམ་དགོས། སྡེ་བའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་ལ་ཡུན་རིང་གོ་ཆོད་པའི་ནང་རྐྱེན་འཐུས་ཚང་བཙུགས་ནས། བདག་སྐྱོང་གི་འགན་འཁྲི་གསལ་ཐག་ཆོད་པར་བྱེད་དགོས།

(བརྒྱད) གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་རྨང་གཞི་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་སྤྱི་པའི་ཞབས་ཞུ་དམིགས་སུ་བཟུང་ནས་བཀོད་སྒྲིག་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་ལམ་ལུགས་མཉམ་སྦྲེལ་ལ་སྐུལ་འདེད་བཏང་ནས། རྣམ་པའི་སྟེང་གི་གཟིགས་སྐྱོང་དེ་དངོས་ཡོད་སྟེང་གི་འདྲ་མཉམ་དུ་བསྒྱུར་དགོས། རོང་འབྲོག་ཁུལ་གྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཞུའི་རྨང་གཞིའི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་མངོན་འགྱུར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། སློབ་གསོའི་གྲོན་དངུལ་གཏོང་འཇོག་ནང་རྐྱེན་དང་སློབ་མའི་རོགས་དངུལ་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་མུ་མཐུད་དུ་སྐུལ་སྤེལ་བྱེད་དགོས། སློབ་སྔོན་སློབ་གསོ་དང་མཐོ་འབྲིང་རིམ་པའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་ཞན་ཆ་གསབ་སྐོང་བྱེད་དགོས། དགེ་རྒན་དཔུང་ཁག་གི་སྤྱི་ཁོག་བྱང་ཚད་དང་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཚད་མཐོར་འདེགས་གཏོང་བར་ཤུགས་འདོན་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་སྨན་བཅོས་ཞབས་ཞུ་ཇེ་སྟོབས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞིའི་རོགས་དངུལ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞང་ངམ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལེགས་བཅོས་དང་། སྡེ་བའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་ལ། ཀུན་ཤེས་སྨན་པའི་ཆེད་བཙུགས་ལས་གནས་འཆར་གཞི་ལག་བསྟར་བྱེད་པ་འཚོལ་ཞིབ་བྱེད་དགོས། གཅིག་གྱུར་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་གཞི་ཆེ་གྲས་ཀྱི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་ཐོབ་ཆ་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་མ་དངུལ་ཚད་གཞི་རྒྱུན་ལྡན་གྱིས་སྙོམ་སྒྲིག་བྱེད་པའི་ནང་རྐྱེན་དོན་འཁྱོལ་བྱས་ཏེ། དུས་དང་ཚད་འོས་འཚམ་སྒོས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་རིམ་བཞིན་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ལ་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་གཟིགས་སྐྱོང་བདེ་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བའི་བཟོ་འགོད་ལག་བསྟར་བྱེད་དགོས། རོང་འབྲོག་པའི་གཟུགས་གཞི་བདེ་ཐང་བཟོ་འགོད་སྐུལ་སྤེལ་བྱེད་དགོས། རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་བཅས་ལ་གཟིགས་སྐྱོང་ཞབས་ཞུ་སྒྲུབ་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམ་པ་མང་བའི་རོང་འབྲོག་ཁུལ་གྱི་རྒན་གསོའི་ལས་དོན་གོང་དུ་སྤེལ་བར་རྒྱབ་སྐྱོར་དང་། རོང་འབྲོག་ཁུལ་གྱི་རྒན་ཞན་ནད་སྐྱོན་བཞིའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། གྲོང་ཁྱེར་དུ་ཁྱིམ་ཐོ་སྤར་བའི་ཞིང་ཕྱུགས་ལས་ཀྱི་སྤོ་སྒྱུར་མི་གྲངས་ཚང་མ་མཁར་གྲོང་སྡོད་ཁང་འགན་སྲུང་མ་ལག་ནང་དུ་བསྡུ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱིས་གཅིག་འདོམས་བྱས་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་གྲོན་དངུལ་གཏོང་འཇོག་ནང་རྐྱེན་འཛུགས་པ་དང་། རོང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས།

(དགུ) ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། རི་ཆུ་ནགས་ཞིང་མཚེའུ་སྤང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་གནས་ངེས་མེད་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མངའ་ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ཏེ། ལྗང་མདོག་འཕེལ་རྒྱས་མ་དངུལ་འཛུགས་པ་དང་། རྫས་ལུད་དང་ཞིང་སྨན་ཇེ་ཉུང་ཅན་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། ཤིང་ཏོག་དང་སྔོ་ཚོད། འཕང་འབྲས། སྣེའུ་འབྲུ། ནས། ཀྲུང་བོད་སྨན་རྩྭ། རྒྱུད་འདྲེས་སྐེ་ཚེ་སོགས་རིགས་སྣ་བདམས་ནས་སྔོན་སྐྱོད་ཀྱིས་ཚོད་ལྟའི་གནས་སྤེལ་དགོས། “ལྗང་ལུད་དང་སྐྱེ་ལྡན་ལུད། སྦྱོར་སྡེབ་ལུད། ཆུ་ལུད་གཞི་གཅིག་ཅན། ཞིང་ས་སློག་པ། ཞིང་དུ་སོག་མ་འདེབས་པ”སོགས་ཀྱི་མ་དཔེ་དང་ལྗང་མདོག་གི་འགོག་འཛིན་ལག་རྩལ་རྒྱུན་འཁྱོངས་བྱེད་པ་དང་། ལུད་རྫས་དང་ཞིང་སྨན་ཉུང་བཀོལ་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་རིམ་གྱིས་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། བྱ་ཕྱུགས་ཀྱི་བཙོག་པ་དང་། སོག་མ། ཞིང་ནང་གི་འགྱིག་ཤོག་སོགས་ཞིང་ལས་གད་སྙིགས་བཅས་ཐོན་ཁུངས་སུ་བསྒྱུར་ཏེ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱེད་དགོས། རྨོ་སའི་སྤུས་ཚད་སྲུང་སྐྱོབ་དང་མཐོར་འདེགས་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ས་གཤིན་སྦགས་བཙོག་ཤོར་བའི་ཉེན་ཁ་དོ་དམ་ཚོད་འཛིན་དང་བསྐྱར་གསོ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། རྨོ་ཞིང་འདེབས་འཇོག་རེས་མོས་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། རེབ་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གསབ་དངུལ་དང་གཟེངས་བསྟོད་སྲིད་ཇུས་ལག་ལེན་དུ་བསྟར་དགོས། ཞིང་ལས་ཀྱི་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་གསར་སྐྲུན་བྱེད་དགོས། རྒྱལ་དབང་ས་ཁོངས་མུའུ་ས་ཡ་བཞི་ལྗང་སྒྱུར་བྱས་ནས་འགྲུབ་དགོས་པ་དང་། གྲོང་གསེབ་ལྗང་སྒྱུར་དང་མཛེས་སྒྱུར་གྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས། ནགས་ཚལ་གྲོང་གསེབ་ཁག་གཅིག་འཛུགས་སྐྲུན་བྱས་ཏེ། གནའ་བོའི་ལྗོན་པ་དང་ཤིང་སྡོང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་དགོས་ལ། བརླན་སའི་སྐྱེ་ཁམས་ཀྱི་ཕན་འབྲས་གསབ་དངུལ་དང་ཞིང་བསྐྱུར་བརླན་སྐྱོང་གི་བྱ་བ་སྤེལ་དགོས། རང་བྱུང་ནགས་སྲུང་སྐྱོབ་དང་བྱང་གསུམ་འགོག་སྲུང་ནགས་ཚལ། བྱེ་མ་འགོག་བཅོས་བཟོ་འགོད་བཅས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཙོང་ཆུའི་འབབ་ཡུལ་དུ་གཞི་ཁྱོན་ཅན་གྱི་ནགས་ར་སྐྲུན་པར་སྐུལ་འདེད་ཏན་ཏིག་བྱེད་དགོས། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཆུའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། བར་སྣང་གི་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ནུས་ལྡན་བྱས་ཏེ། སྐྱེ་ཁམས་བསྐྱར་གསོ་ཅན་གྱི་མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་བྱ་བར་ཤུགས་སྣོན་རྒྱག་དགོས།

(བཅུ) གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ནང་རྐྱེན་འཛུགས་དགོས། གཙོ་གཞིའི་འགན་འཁྲི་ཁ་གསལ་ཞིང་། ལས་འགན་ལས་བགོས་གསལ་བ། བྱ་བར་གཅིག་འདོམས་ངང་མཐུན་སྦྱོར་བྱེད་པ། འཁོར་སྐྱོད་ཀྱི་ཕན་ནུས་མཐོ་ལ་གོ་རིམ་ལྡན་པའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་བྱ་བའི་ནང་རྐྱེན་འཛུགས་དགོས། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞིའི་བཀོད་སྒྲིག་དང་ཞིང་སྡེའི་སྤྱོད་ཁང་གསར་བརྗེ། ཞིང་སྡེའི་འཚོ་བའི་གད་སྙིགས་གཙང་བཅོས། ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་བཅོས། སྡེ་བའི་གཙང་དག་འགུལ་སྐྱོད། བྱ་ཕྱུགས་གསོ་སྤེལ་དོར་སྙིགས་ཐོན་ཁུངས་སུ་བསྒྱུར་ནས་བཀོལ་བ་སོགས་ཀྱི་བྱ་བའི་ལས་འགན་གྱི་བླང་བྱ་ལྟར། ཆེད་དོན་བྱ་བའི་འཆར་འགོད་གཏན་ལ་འབེབ་དགོས། ཞིང་ཆེན་གྱིས་གཙོ་འགན་འཁུར་པ་དང་། གྲོང་ཁྱེར་དང་ཁུལ་གཙོ་གཞི་ཡིན་པ། རྫོང་དང་ཞང་གིས་དོན་འཁྱོལ་བྱེད་པའི་བྱ་བའི་ནང་རྐྱེན་ལག་ལེན་དུ་བསྟར་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་གཙོ་འགན་འཁུར་མཁན་བློ་མཐུན་གྱིས་སྡེ་བར་འགན་འཛིན་དང་ཁྱིམ་ཚང་སྣེ་འཁྲིད་ཀྱིས་མང་ཚོགས་ལ་སྐུལ་སློང་བྱེད་པ་དང་། བྱེ་བྲག་ཏུ་རྩ་འཛུགས་ལག་བསྟར་བྱེད་དགོས། ཁྲོམ་ར་ཅན་གྱི་ཚོང་གཉེར་མ་དཔེ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་ལ་ཁྲིད་སྟོན་དང་། དམངས་གཉེར་ཁེ་ལས་དང་སྔོན་ལ་ཕྱུག་པོར་གྱུར་པའི་མི་ཚོགས་སོགས་ཀྱི་སྟོབས་ཤུགས་འདྲེན་འགུགས་བྱས་ནས་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་ལ་རྒྱབ་སྐྱོར་བྱེད་དགོས། སྲིད་གཞུང་གི་མ་དངུལ་གཏོང་འཇོག་དང་སྣེ་འཁྲིད་བྱེད་ཅིང་། ཞིང་པ་དང་ཐུན་མོང་ཟབ་ཞུགས་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཕྱོགས་མང་པོ་ནས་རྒྱབ་སྐྱོར་བྱེད་པའི་སྣ་མང་ཅན་གྱི་དངུལ་གཏོང་ནང་རྐྱེན་འཛུགས་དགོས། ཞིང་ཆེན་རིམ་པས་བྱ་དགའི་གསབ་དངུལ་སྟེར་བ་དང་། རྫོང་རིམ་པས་མ་མཐའ་སྐྱོང་བ། རོང་འབྲོག་པས་འགྲོ་སོང་འོས་འཚམ་སྤྲོད་པའི་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་གྲོན་དངུལ་འགན་སྲུང་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་འཛུགས་དགོས། ལྟ་སྐུལ་དང་མཛུབ་སྟོན་གྱི་ནང་རྐྱེན་བཙུགས་ནས། སྐུལ་སློང་དང་འགན་འཁྲི་རྩད་གཅོད་ལག་ལེན་དུ་བསྟར་དགོས།

(བཅུ་གཅིག) གྲོང་གསེབ་དར་སྤེལ་འཆར་འགོད་ཀྱིས་སྣེ་འཁྲིད་པར་ཤུགས་སྣོན་རྒྱག་དགོས། འཆར་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་འཆར་འགོད(2018-2022ལོ)ལག་བསྟར་བྱས་ཏེ། ལོ་འདིའི་ནང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གྲོང་གསེབ་དར་སྤེལ་འཆར་འགོད་བཟོས་ནས་འགྲུབ་དགོས། རྫོང་རེ་སྡེ་ཚན་བྱས་ཏེ་གྲོང་སྡེའི་བཀོད་པའི་འཆར་འགོད་མྱུར་དུ་སྒྲིག་བཟོའམ་བཟོ་བཅོས་བྱེད་པ་དང་ཆབས་ཅིག་ཏུ། གྲོང་སྡེའི་འཆར་འགོད་ཀྱང་སྒྲིག་བཟོ་བྱེད་དགོས་ཤིང་། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་འབྱུང་འཕྲོད། ཁོར་ཡུག་སྒྲིག་བཅོས། ཡུལ་སྲོལ་དཔལ་ཡོན། གྲོང་གསེབ་བཅོས་སྐྱོང་སོགས་ལ་ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་། རང་ཡུལ་གྱི་ཐུན་མིན་རྣམ་པ་སྲུང་འཛིན་དང་རིག་གནས་རྒྱུན་འཛིན་ལ་གཙིགས་འཛིན་བྱས་ཏེ། ཁྱད་ཆོས་འབུར་དུ་ཐོན་ཞིང་སྤྱོད་འཐུས་རང་བཞིན་དྲག་པ། འཆར་མང་གཅིག་སྒྲིལ་བྱས་པའི་གྲོང་སྡེའི་འཆར་འགོད་སྒྲིག་བཟོ་བྱེད་དགོས་པ་དང་། 2020ལོའི་ལོ་མཇུག་ཏུ་སླེབས་དུས། གསར་སྤེལ་འཛུགས་སྐྲུན་དང་སྲུང་སྐྱོབ་སླར་གསོ་བྱེད་དགོས་པའི་སྡེ་བ་དག་གིས་གྲོང་སྡེའི་འཆར་འགོད་ཅི་མཁོ་ཐམས་ཅད་སྒྲིག་བཟོ་བྱས་ཚར་དགོས། སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི་རྩ་དོན་ལྟར། གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་གྱི་ཆོག་མཆན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།