མང་ཚོགས་ཀྱིས་འཚོ་བ་བཟང་བོ་རོལ་ཐུབ་པས་ངའི་བློ་ཡིད་ཚིམས་ཡོད།
2019.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཀའོ་ཐན་ཧྥིན་གྱིས་སྡེ་དམངས་ལ་ཁ་བརྡ་བྱེད་བཞིན་པ།

དབྱར་ཚུགས་པའི་དུས་སྐབས་སུ། མཐོ་སྒང་གི་སྡོང་ལོ་སོ་མ་སྐྱེས་བཞིན་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཡར་རྐ་གྲོང་རྡལ་ཐང་ཧྲ་སན་སྡེ་བ་རུ། “ཧྲུའུ་ཅི་དང་པོ”ཀའོ་ཐན་ཧྥིན་ཁྱིམ་ཚང་རེ་རེར་སོང་ནས། དཔྱིད་ཀར་རྨོ་འདེབས་བྱས་པའི་གནས་ཚུལ་རྒྱུས་ལོན་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།

ཀའོ་ཐན་ཧྥིན་གྱིས་བཤད་རྒྱུར།“ཟླ་གསུམ་གྱི་སྔོན་ལ། ཉིན་ཞིག་སྤྱི་ལེ་ཉི་ཤུ་ལྷག་ཏུ་སོང་ནས་རྐང་བར་རྨས་སྐྱོན་ཕོག དཔྱིད་ཀའི་རྨོ་འདེབས་བྱས་ཚར་རྗེས་ང་རང་སོང་ནས་སྨན་པར་སྟོན་ཆོག”ཟེར།

སྡེ་མིའི་ཁྱིམ་གྱི་ཁྱིམ་ཚང་ཕྱུགས་ར།

ཀའོ་ཐན་ཧྥིན་ལ་སྡེ་བའི་ནང་དུ་མིང་གྲགས་ཅུང་ཡོད་ལ། 2016ལོའི་ཟླ་བཅུ་གཉིས་པར་མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྡེ་སྡོད་ཧྲུའུ་ཅིར་མངག་པའི་ཉིན་དེ་ནས་བཟུང་། ཀའོ་ཐན་ཧྥིན་ཉིན་རེར་སྤྱི་ལེ་བཅུ་ཡན་དུ་རྐང་ཐང་དུ་བསྐྱོད་དགོས་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་སོ་བདུན་གྱི་སྒོ་འགྲམ་དུ་ཁོ་རང་ཉིན་རྒྱུན་བརྒྱུད་ཀྱིན་ཡོད། དབུལ་ཕོངས་ཁྱིམ་ཚང་དང་གཞིས་སྲུང་རྒན་པའི་ཁྱིམ་གྱི་སྒོ་ཁར་སླེབས་དུས། ཁྱིམ་དུ་སོང་ནས་བལྟ་བཞིན་ཡོད།

སྡེ་མི་མཱ་ཅིན་ཧྲན་གྱིས་བཤད་རྒྱུར།“ཀའོ་ཧྲུའུ་ཅི་ནི་ང་ཚོའི་སྡེ་བའི་ནང་གི་མི་ཚེགས་ཡང་ཞིག་ཡིན། ངེད་ཚང་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགྲམ་དུ་ཡོད་པས། དུས་རྒྱུན་ཁོ་རང་ཕྱི་རྒྱུགས་ནང་རྒྱུགས་བྱེད་བཞིན་ཡོད་ལ། ལོ་ལྔ་བཅུ་ལྷག་ཡིན་པའི་གྲོང་ཁྱེར་གྱི་ལས་བྱེད་མི་སྣ་འདི་ང་ཚོ་སྡེ་བའི་ནང་གི་ན་གཞོན་རྣམས་ལས་ཀྱང་རྐང་ཐང་དུ་མང་པོ་འགྲོ་ཐུབ”ཟེར།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཧ་ཀཱ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཀའོ་ཐན་ཧྥིན་དང་ཐོག་སྡེ་བའི་ནང་དུ་ཡོང་སྐབས། ཁོའི་རླངས་འཁོར་སྤྱི་ལེ་ཁྲི་གསུམ་མ་གཏོགས་སོང་མེད། ད་ལྟ་ཁོའི་རླངས་འཁོར་སྤྱི་ལེ་ཁྲི་བཅུ་གཅིག་ལྷག་རྒྱུགས་ཡོད། སྐབས་དེར་སྡེ་བའི་ནང་དུ་སྲ་བསྒྱུར་བགྲོད་ལམ་མེད་ལ། བ་ཡན་གྲོང་རྡལ་གྱི་སྤྱི་ལེ་བརྒྱ་ལྷག་གི་ལམ་དུ་ཉུང་མཐར་ཡང་དུས་ཚོད་གཉིས་དང་ཕྱེད་ཀར་བསྐྱོད་དགོས་པ་དང་། ཆར་འབབ་པ་དང་ཁང་འབབ་པའི་དུས་སུ་སྡེ་བའི་ནང་དུ་བསྐྱོད་མི་ཐུབ་ཟེར།

མཱ་ཧ་ཀཱ་ཡིས་བཤད་རྒྱུར། “སྡེ་དམངས་ཁང་བ་གསར་བའི་ནང་བསྡད་པ་དང་། ཁྱིམ་ཚང་ཡོངས་ལ་གློག་འཐེན་པ་མ་ཟད། ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། འདི་དག་ཡོད་ཚད་ཀའོ་ཧྲུའུ་ཅི་རྒྱུགས་ནས་འགྲུབ་པའི་བྱ་བ་རེད”ཟེར།

“སྡེ་བ་རི་སྟེང་དུ་ཡོད་པ་དང་། སྡེ་བའི་ནང་གི་ན་གཞོན་རྣམས་ཕྱི་རུ་ཞོར་ལས་སུ་འགྲོ་བ་མ་གཏོགས། སྡེ་བའི་ནང་གི་རྒན་པ་དང་བྱིས་པའི་བསམ་བློའི་འདུ་ཤེས་ཅུང་རྗེས་ལུས་ཡིན་ལ། སྲིད་ཇུས་ལ་ཡང་རྒྱུས་ལོན་བྱེད་དཀའ་བར་གྱུར་ཡོད། དེ་བས། དོན་དག་མང་པོ་ཞིག་ཁོ་ཚོ་ཐེངས་མང་པོར་བསམ་བློ་བརྗེ་རེས་བྱེད་དགོས།”དེ་དག་ཁྲོད། ཀའོ་ཐན་ཧྥིན་གྱིས་བསམ་པར་ཆེས་སྒྲུབ་དཀའ་བ་ནི་སློབ་ཕྱོལ་བྱེད་པ་དང་གོམས་སྲོལ་སྒྱུར་བའི་བྱ་བ་དེ་རེད།

2015ལོའི་ལོ་མཇུག་གི་སྔོན། ཐང་ཧྲ་སན་སྡེ་བ་རུ་དབུལ་ཕོངས་ཁྱིམ་ཚང་སོ་གཉིས་དང་མི་གྲངས་བརྒྱ་དང་ཞེ་དྲུག་ཡོད་ལ། དབུལ་ཕོངས་འབྱུང་ཚད་བརྒྱ་ཆའི་ཉེར་ལྔ་རུ་སླེབས་ཡོད། ཀའོ་ཐན་ཧྥིན་གྱིས་ཁྱིམ་ཚང་དུ་སོང་ནས་ཤེས་པ་ལྟར་ན། ངལ་རྩོལ་ནུས་ཤུགས་གཙོ་བོ་ཕྱེ་ཐུག་ཐོན་ལས་ཡིན་ལ། དུས་ཡུན་རིང་བོར་ཕྱི་ནས་ཕྱེ་ཐུག་གི་ཚོང་ལས་གཉེར་བཞིན་ཡོད་པས། བྱིས་པའི་སློབ་གསོའི་ཐད་སེམས་ཁུར་བྱས་པ་ཧ་ཅང་ཉུང་། མི་ལ་ལས་བྱིས་པ་སློབ་གྲྭར་འགྲོ་དགོས་དོན་མེད་སྙམ་ཀྱིན་ཡོད། ལོ་བཅུ་ཕྲག་འགར་སླེབས་དུས་ཟ་ཁང་དུ་ཡོང་ནས་ལས་ཀ་ལས་ན་སྒོར་མོ་བཙལ་ཆོག བྱིས་པ་བུ་མོ་ཡིས་ཁྱིམ་ལ་བདག་སྐྱོང་བྱས་ཏེ། གཉེན་སྒྲིག་པའི་ལོ་ཚོད་དུ་མནའ་མར་བསྐྱལ་ཆོག་པས། སློབ་གྲྭ་སོང་མ་སོང་གང་ཡིན་རུང་ཁྱིམ་ལ་ཤུགས་རྐྱེན་མེད་སྙམ་ཡོད།

བུ་མོ་ཧན་ཙི་ཧི་དང་ཨ་མྱེ་གཉིས་ཀྱིས་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ལོ་རིམ་གསུམ་པ་འདོན་པའི་སྐབས་སུ། མོས་ཨ་མྱེ་ལ་བདག་སྐྱོང་བྱེད་ཆེད་སློབ་གྲྭ་འགྲོ་མཚམས་བཞག སྡེ་བའི་ནང་གི་མི་རྣམས་ཀྱིས་མོ་ནི་བྱིས་པ་ཡ་རབས་ཞིག་རེད་ཟེར་གྱིན་ཡོད། “དོན་དག་ཏེ་ཐོས་རྗེས། ང་དང་སྡེ་བའི་ལས་བྱེད་མི་སྣ་ཐེངས་མང་པོར་ཁོ་ཚང་དུ་སོང་བ་དང་། རྒན་པར་འབྲེལ་ཡོད་ཀྱི་སྲིད་ཇུས་ཁྲིམས་སྲོལ་བཤད་ནས། བྱིས་པ་སློབ་གྲྭར་འགྲོ་བའི་སྐབས་སུ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་དེ་མིན་སྡེ་བའི་ལས་བྱེད་ཀྱིས་ཁོ་ལ་བདག་སྐྱོང་བྱེད་རྒྱུ་ཁག་ཐེག་བྱས།”ཐེངས་མང་པོར་ཁ་བརྡ་བྱས་པས། ཨ་མྱེའི་སེམས་ཁྲལ་སེལ་བ་དང་། མཐར་མཇུག་བྱིས་པ་ཡང་བསྐྱར་སློབ་གྲྭར་བསྐྱོད་དུ་བཅུག

ལོ་འགའི་རིང་། སྡེ་དམངས་ཀྱིས་སློབ་གསོ་ལ་གདེང་འཇོག་བྱེད་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མིག་སྔར་སྡེ་བ་ཡོངས་སུ་སློབ་གྲྭ་ནས་ཕྱིར་འབུད་པའི་སློབ་མ་གཅིག་ཀྱང་མེད། ཀའོ་ཐན་ཧྥིན་གྱི་སྡེ་བའི་ནང་དུ་འབྲིང་རིམ་ཆེད་ལས་སློབ་མ་དང་སློབ་ཆེན་སློབ་མ་འབྱུང་བར་རེ་སྒུག་བྱས་ཡོད།

གྲངས་ཉུང་མི་རིགས་ཅུང་མང་པོའི་རྐྱེན་གྱིས་སྡེ་བའི་ནང་དུ་གཉེན་སྒྲིག་སྔ་བའི་སྣང་ཚུལ་ཧ་ཅང་མང་། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མནའ་མ་ལེན་པའི་འབུལ་བརྟེན་དང་འདས་མཆོད་སྒྲུབ་པའི་ཚད་གཞི་ལ་ཕན་ཚུན་བསྡུར་བ་འཐེན་ནས་ཇེ་མཐོ་ནས་ཇེ་མཐོར་གྱུར་བ་མ་ཟད། སྡེ་མི་ལ་ལས་དངུལ་བུན་བསྐྱིས་ཏེ་འགྲན་བསྡུར་བྱས་པས་ད་ལྟ་དབུལ་ཕོངས་སུ་གྱུར་ཡོད།

ན་ནིང་། དཔའ་ལུང་རྫོང་གིས《གོམས་སྲོལ་སྒྱུར་བ་དར་སྤེལ་བྱས་ཏེ་མནའ་མ་བསུ་ལེན་དང་འདས་པོ་མཆོད་འབུལ་གྱི་དཔལ་ཡོན་དར་སྲོལ་གསར་བར་སྐུལ་འདེད་བྱེད་པའི་བསམ་འཆར(ཚོད་ལྟ་བྱེད་པ)》དངོས་སུ་ལག་བསྟར་བྱས་རྗེས། ཀའོ་ཐན་ཧྥིན་དང“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་མི་སྣས་མུ་མཐུད་དུ་དྲིལ་སྒྲོག་སྣེ་ཁྲིད་བྱས། སྡེ་དམངས་རྣམས་ཀྱིས་རིམ་བཞིན་གནས་ལུགས་གལ་ཆེན་རྟོགས་པ་དང་། 《བསམ་འཆར》ལ་ཚང་མས་དང་ལེན་བྱས་ལ། དབུལ་ཕོངས་ཁྱིམ་ཚང་གིས་དགའ་བསུ་ཆེན་པོ་བྱས།

སྡེ་མིས་ཁྱིམ་ཚང་ཕྱུགས་ར་ལས་པར་གྲ་སྒྲིག་བྱེད་བཞིན་པ།

མཱ་ཧ་ཀ་ཡིས་བཤད་རྒྱུར། “གཉེན་སྟོན་བྱེད་ན་ཉིན་འགར་ལས་ཀ་སྒྲུབ་དགོས་ལ། ཁྱིམ་དུ་དོམ་མེད་ལ། བཟའ་མི་གང་བོས་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ”ཟེར།

ད་ལྟ། ཐང་ཧྲ་སན་སྡེ་བའི་སྡེ་མི་རྣམས་ཀྱིས་ལས་སྐྲུན་བྱེད་པར་བྲེལ་བཞིན་ཡོད་ལ། ཀའོ་ཐན་ཧྥིན་གྱིས་སྡེ་བའི་ནང་ཁྱིམ་ཚང་ཕྱུགས་ར་ལས་པའི་ལས་གཞིར་བརྩོན་ལེན་བྱས་ཏེ། ཁྱིམ་ཚང་བཅུ་གསུམ་གྱིས་ལས་བཞིན་པའི་སྒང་རེད། སྡེ་བའི་གཅིག་བསྡུས་དཔལ་འབྱོར་ལས་གཞིའི་ཐད་སྒོར་འབུམ་ལྔ་དངོས་འབེབ་བྱས་ཏེ་ཚང་མ་འོད་ཧྥུ་གློག་འདོན་ས་ཚིགས་སུ་བཏང་བ་དང་། སྡེ་བ་རིམ་པའི་རོགས་སྐྱོར་མཐུན་ཚོགས་ཀྱི་མ་དངུལ་སྒོར་འབུམ་ལྔ་ཡོད་པ་དང་། མཐུན་ཚོགས་སུ་ཞུགས་པའི་དབུལ་ཕོངས་ཁྱིམ་ཚང་སོ་གཉིས་དང་མི་གྲངས་བརྒྱ་དང་ཞེ་དྲུག་ཡོད། དཔའ་ལུང་རྫོང་གི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ལྟར། སྡེ་བའི་ནང་དུ་བསྡོམས་པའི་ཁྱིམ་ཚང་བཅུ་གསུམ་དང་མི་བཅོ་བརྒྱད་ས་ཆ་གཞན་དུ་སོང་ནས་ཕྱེ་ཐུག་ཟ་ཁང་དུ་སོང་ནས་ཕྱེ་ཐུག་ལས་པའི་ལག་རྩལ་སྦྱངས་བ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་ཡན་ལ་སླེབས་ཡོད།

སྡེ་བའི་སྲ་བསྒྱུར་བགྲོད་ལམ་སྟེང་སོང་ཚེ། མཛེས་སྡུག་ཞིང་སྡེ་ཡི་མཛེས་ལྗོངས་ལ་བལྟ་བཞིན། སྡེ་མི་རྣམས་ཀྱིས་བཤད་རྒྱུར། ཀའོ་ཐན་ཧྥིན་གྱིས་ཁོ་ཚོར་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད་རྐང་བར་རྨས་སྐྱོན་ཕོག་པ་དང་། རྐང་བ་དེ་ལ་བརྟེན་ནས་ཁོ་ཚོ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད། “རྐང་བར་རྨས་སྐྱོན་ཕོག་པ་ནི་དོན་ཆུང་རེད། མང་ཚོགས་རྣམས་ཀྱིས་འཚོ་བ་བཟང་བོ་ཞིག་རོལ་ཐུབ་ན་ངའི་བློ་ཡིད་ཚིམས་ཡོད”ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།