ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་བསམ་འཆར་འགའ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར།  ཁག་གསུམ་པ།
2019.05.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

གསུམ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ཞིང་གསུམ”གྱི་རྒྱུ་རྐྱེན་གཙོ་བོའི་སྡེབ་སྒྲིག་དམིགས་སུ་བཟུང་ནས་སྐོང་དགོས།

(བཅུ་གཉིས)གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སྒྱུར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་རང་དབང་གིས་འཁོར་རྒྱུག་དང་འདྲ་མཉམ་གྱིས་ཉོ་ཚོང་བྱེད་པར་བར་ཆད་བཟོ་བའི་སྒྲིག་སྲོལ་ནང་རྐྱེན་གྱི་གེགས་རྒྱ་མཐའ་གཅིག་ཏུ་རྩ་གཏོར་བྱས་ཏེ། ཞིང་སྡེའི་ཕྱོགས་གཅིག་ཕྱིར་བསྐྱོད་ཀྱི་རྣམ་པ་བསྒྱུར་བ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིང་སྡེར་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ལྷད་མེད་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས། ཞིང་ཕྱུགས་ལས་ལ་ཐོན་ཚད་འཕར་སྣོན་གྱིས་ཁ་ཕྱོགས་སྟོན་པ་ནས་རྒྱུ་སྤུས་མཐོར་འདེགས་ཀྱིས་ཁ་ཕྱོགས་སྟོན་པར་བསྒྱུར་དགོས། “ཁུལ་གསུམ་རྒྱུད་གཅིག”གི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་འཛུགས་སྐྱོང་བྱེད་པའི་སྤྱིའི་བཀོད་པ་ལྟར། ནོར་གནག་དང་འབྲོག་ལུག ནས། འཁྱགས་ཆུའི་ཉ། ཞོག་ཁོག རྒྱ་སྲན། སྐེ་ཚེ། སྔོ་ཚོད། འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་ལ་དམ་པོར་དམིགས་ནས། ཐོན་ལས་རེ་རེས་སོན་བཟང་ཁྱབ་གདལ་དང་། ཚད་གཞི་ཅན་གྱི་རྟེན་གཞི་འཛུགས་སྐྲུན། མཉམ་ལས་ཁང་། ཁེ་ལས་གཙོ་བོས་སྣེ་ཁྲིད་པ། ཆེད་ལས་ཁྲོམ་ར་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་སྦྲེལ་ཐག་དཔེ་སྟོན་གནས་གཉིས་རེ་བསྐྲུན་དགོས། འབྲུ་རིགས་གཟན་བསྒྱུར་དང་རྩྭ་ཕྱུགས་ལས་རིགས་རྒྱ་སྐྱེད་དུ་གཏོང་བ་དང་། རྩྭ་འདེབས་ཕྱུགས་གསོ་འཕེལ་རྒྱས་བཏང་ནས། བྱ་ཕྱུགས་གསོ་སྤེལ་དེ་གསོ་འཚམ་ཁུལ་དུ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཐོན་ལས་ལ་བརྟེན་ནས་ཞིང་སྡེ་དར་སྤེལ་དང་རྫོང་སྟོབས་ལྡན་དུ་བསྒྱུར་བའི་བྱ་འགུལ་ལག་བསྟར་བྱས་ཏེ། ཐོན་ལས་སྟོབས་ལྡན་གྱི་གྲོང་རྡལ་ཁག་ཅིག་གསོ་སྐྱོང་བྱེད་དགོས། འབྲུ་རིགས་དཔལ་འབྱོར་གཟན་རྩྭ་གསུམ་གྱི་སྒྲིག་གཞི་སྙོམ་སྒྲིག་ལུགས་མཐུན་བྱས་ཏེ། ཐོན་ཚད་མཐོ་བའི་ཡུག་པོ་དང་། སྔོ་ཉར་མ་རྨོས་ལོ་ཏོག འབུ་སུ་ཧང་སོགས་གཟན་རྩྭ་སྤུས་ལེགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་དགོས། འཁྱགས་ཆུའི་ཉ་གསོ་སྤེལ་གྱི་གཞི་ཁྱོན་ལུགས་མཐུན་སྒོས་གཏན་འཁེལ་བྱེད་པ་དང་། འཁྱགས་ཆུའི་ཉ་ལས་འཕེལ་རྒྱས་ཚད་ལྡན་དང་གོ་རིམ་ཡོད་པར་བྱེད་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་སྲུང་བཟོ་འགོད་ལག་བསྟར་བྱེད་པ་དང་། ལྟ་སྐུལ་དོ་དམ་མ་ལག་དང་ལྟ་བཤེར་མ་ལག ཁུངས་འདེད་མ་ལག་འཐུས་ཚང་དུ་བསྐྲུན་དགོས། ཧྥེ་གླིང་ཕག་ནད་སོགས་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་ལ་ལྟ་བཤེར་སྔོན་འགོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འགོག་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། ཐོན་ལས་ཀྱི་བདེ་འཇགས་ཁག་ཐེག་བྱེད་དགོས།

(བཅུ་གསུམ)དེང་རབས་ཞིང་ལས་ཀྱི་ཐོན་ལས་མ་ལག་བསྐྲུན་དགོས། ཞིང་ཕྱུགས་ཟུང་འབྲེལ་དང་འདེབས་གསོ་ཟུང་འབྲེལ་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ་དང་། ཁེ་ལས་གཙོ་བོས་ཚད་ལྡན་ཅན་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་རྟེན་གཞི་རང་བསྐྲུན་དང་མཉམ་བསྐྲུན་བྱེད་པར་རྒྱབ་སྐྱོར་གནང་སྟེ། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བགྱིད་པར་སྐུལ་འདེད་དང་། འཛད་སྤྱོད་ཁྲོམ་ར་རྒྱ་བསྐྱེད་གཏོང་བ་དང་། ཕྱིར་གཏོང་ཅན་གྱི་ཁེ་ལས་གཙོ་བོ་གསོ་སྐྱོང་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་དེ་ཞིབ་བསྡུས་ལེགས་གཉེར་ཅན་དང་ཚད་གཞི་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་དགོས། ནོར་གནག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལོ་གསུམ་འགུལ་སྐྱོད་འཆར་གཞི་མགྱོགས་མྱུར་གྱིས་ལག་བསྟར་བྱས་ཏེ། ནོར་གནག་ཐོན་ལས་གླིང་དང་ནས་ཀྱི་ཐོན་ལས་གླིང་། ཐོན་སྐྱེད་ཁྱད་འཕགས་ཁུལ་བཅས་གསུམ་ནས་ལྔ་དང་ཚད་གཞི་མཐོ་བའི་ཐོན་སྐྱེད་བྱེད་རིམ་ལྔ་ཡན་འཛུགས་སྐྲུན་བྱེད་དགོས། སན་ཝུན་ཉའི་ཐོན་ལས་འཕེལ་རྒྱས་མནའ་འབྲེལ་ནས་བཟུང་ཏེ།  རྨ་ཆུའི་རྒྱུད་ཀྱི་འཁྱགས་ཆུའི་ཉའི་ཐོན་ལས་རིམ་པ་ཇེ་མཐོར་གཏོང་དགོས། ཤུགས་ཆེན་པོས་ཚད་གཞི་ཅན་དང་སྐྱེ་ལྡན་ཅན། གཞི་ཁྱོན་ཅན་གྱི་འཕང་འབྲས་དང་སྟར་བུ་དང་ཁྱད་ལྡན་འདྲེས་སྦྱོར་ཤིང་ཏོག་ཐོན་སྐྱེད་རྟེན་གཞི་བསྐྲུན་ཏེ། འཕང་འབྲས་དང་སྟར་བུའི་སྒོར་དུང་ཕྱུར་བརྒྱའི་ཐོན་ལས་གང་མགྱོགས་སྒོས་འགྲུབ་པར་བྱེད་དགོས། ཁྱད་ལྡན་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་རྒྱ་ཁྱོན་བརྟན་འཇགས་སྒོས་རྒྱ་སྐྱེད་དུ་གཏོང་བ་དང་། རྨ་ཆུ་དང་ཙོང་ཆུ་གཤོང་སའི་ཀྲུང་བོད་སྨན་རྩྭ་འདེབས་འཛུགས་རྟེན་གཞི་དང་། ལས་སྣོན་རྟེན་གཞི། ཆེད་ལས་ཁྲོམ་ར་བཅས་འཛུགས་དགོས།

(བཅུ་བཞི)ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་བར་ཤུགས་སྣོན་པ་དང་། ཚན་རྩལ་ཆེད་དོན་གལ་ཆེན་ལག་བསྟར་བྱས་ཏེ། ཚན་རྩལ་གྲུབ་འབྲས་གལ་ཆེན་གྱི་གཅིག་འདུས་རུམ་གསོ་དང་དཔེ་སྟོན་ཁྱབ་གདལ། ཕབ་སྒྱུར་ཉེར་སྤྱོད་བཅས་ལ་ཤུགས་ཆེན་པོ་རྒྱག་དགོས། ནད་འབུའི་གནོད་པ་བདེ་བླག་གིས་འགོག་པ་དང་། ཞིང་སྨན་ཉུང་སྤྱོད། ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན། སྐྱེ་ལྡན་ལུད་ཐོན་སྐྱེད་དང་ནུས་མཐོ་བཀོལ་སྤྱོད་སོགས་ཀྱི་གནད་འགག་གི་ལག་རྩལ་དང་མ་དཔེའི་ཐད་ནས་དཔེ་སྟོན་བྱེད་དགོས། སྐྱེ་དངོས་འདེབས་འཛུགས་ལས་རིགས་དང་། ཤེས་རིག་ཞིང་ལས། ལྗང་མདོག་གཏོང་འཇོག་རྫས་སོགས་ཁྱབ་ཁོངས་སུ་རང་བདག་གིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་ཀྱི་བཟོ་འགོད་ལག་བསྟར་བྱས་ཏེ། རྒྱལ་ཡོངས་སུ་གལ་ཆེ་བའི་རྒྱུད་འདྲེས་སྐེ་ཚེའི་སོན་ལེན་རྟེན་གཞི་དང་ནས་འབྲུ་སྤུས་ལེགས་གསོ་སྤེལ་རྟེན་གཞི། སོན་བཟང་ཞོག་ཁོག་གི་ས་བོན་གསོ་སྤེལ་རྟེན་གཞི་བཅས་བསྐྲུན་དགོས། ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་ཀྱི་རིམ་པ་གསུམ་པའི་ལས་སྟེགས་མུ་མཐུད་དུ་འཛུགས་སྐྲུན་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་ཚན་རིག་སློབ་ཁྲིད་དང་། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་གསུམ་ཟུང་འབྲེལ་གྱི་བྱ་བ་གཏིང་ཟབ་མོས་སྤེལ་ཏེ། སོན་སྣ་གསར་པ་དང་ལག་རྩལ་གསར་པ་མགྱོགས་མྱུར་ངང་འདུས་གྲུབ་དང་ཕབ་སྒྱུར་དང་ཉེར་སྤྱོད་ཐུབ་པ་བྱེད་དགོས། ཞིང་ལས་ལག་ཤེས་དང་ཞིང་ལས་འཕྲུལ་ཆས་མཉམ་འདྲེས་ཆ་འགྲིག་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། ཐོན་སྐྱེད་སྔོན་ནས་ཐོན་སྐྱེད་སྐབས་དང་ཐོན་སྐྱེད་རྗེས་བར་གྱི་ཐོན་ལས་སྦྲེལ་ཐག་ལ་འདེགས་སྐྱོར་ཡོད་པ་བྱེད་དགོས། དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་དང་། ཚན་རྩལ་གསར་གཏོད་མནའ་འབྲེལ། ཐོན་ལས་གསར་གཏོད་ལྟེ་གནས། ཚན་རྩལ་གླིང་ཁུལ་སོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཀྱི་གཙོ་གཞིའི་གོ་གནས་ཇེ་དྲག་ཏུ་བཏང་ནས། ཞིང་ལས་ཚན་རྩལ་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་གསོ་སྐྱོང་བྱེད་པ་དང་། ཆ་རྐྱེན་དང་འཚམ་པའི་ཁེ་ལས་ཀྱིས་སྣེ་ཁྲིད་དེ་ལག་རྩལ་གསར་གཏོད་ལས་གཞི་ལག་བསྟར་བྱེད་དགོས། བརྒྱུད་རིམ་ཡོངས་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་སུ་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་དང་གསར་སྒྱུར། ཐོན་རྫས་གསར་པ་ཉོ་སྒྲུབ། ས་ཁོངས་ཁྱད་ལྡན་འཕྲུལ་ཆས་བཅས་གསབ་དངུལ་གསར་པ་རིགས་གསུམ་གྱི་ཚོད་ལྟའི་གནས་གསར་གཏོད་བྱེད་དགོས། སྔོན་ཐོན་དངོས་བཀོལ་ལག་རྩལ་གཅིག་འདུས་གསར་གཏོད་དང་ཁྱབ་གདལ་ཉེར་སྤྱོད་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་ཚན་རིག་ཞིབ་འཇུག་སྡེ་ཚན་གྱི་གསར་གཏོད་སྟོབས་ཤུགས་སྐུལ་སློང་བྱེད་དགོས། ཞིང་ལས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཐོན་དབང་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་པ་དང་། འཇོན་མིའི་དཔྱད་འཇོག་དང་འཁོར་རྒྱུག་འགན་སྲུང་གི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

(བཅོ་ལྔ)ཞིང་ལས་ཐོན་རྫས་གལ་ཆེན་གྱི་འགན་སྲུང་བྱེད་པའི་འཐབ་ཇུས་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་ཀྱི་ཐིག་དམར་ནན་སྲུང་དང་། གཏན་ཆགས་ཀྱི་གཞི་རྩའི་ཞིང་ས་སྲུང་སྐྱོབ་ལ་ཤུགས་སྣོན་དང་། ཞིང་སྡེའི་ས་ཞིང་ཕྱོགས་བསྡུས་སྒྲིག་བཅོས་དང་བསྐྱར་རྨོ་བྱེད་དགོས། འཛུགས་སྐྲུན་དུ་རྨོ་ཞིང་འཛིན་སྤྱོད་བྱས་པའི་རྨོ་རིམ་ས་གཤིན་བཤུས་ནས་ཡང་བསྐྱར་བཀོལ་བ་དང་། འབྲུ་སྣུམ་གྱི་ཐོན་ཚད་མཐོན་པོ་གསར་སྐྲུན། ལྗང་མདོག་གི་ཐོན་ཚད་འཕར་སྣོན་མ་དཔེའི་འགག་གཏོར་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཚད་གཞི་མཐོ་བའི་ཞིང་ས་བསྐྲུན་པ་དང་། འབྲུ་རིགས་ཐོན་ཚད་མཐོ་བའི་རྫོང་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་ཁག་ཐེག་དང་། རོང་འབྲོག་པའི་བཟའ་འབྲུ་གཞི་རྩའི་སྟེང་རང་ཁ་རང་གསོ་ཐུབ་པ་ཁག་ཐེག་བྱེད་དགོས། ཚོད་སླེ་བཟོ་འགོད་ཀྱི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཁྲོམ་རའི་མ་ལག་གསོ་སྐྱོང་། སྙོམ་སྒྲིག་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཚོད་སླེའི་མཁོ་སྤྲོད་ཆུ་ཚད་མཐོར་འདེགས་གཏོང་དགོས། ས་རྗེན་སྔོ་ཚོད་འདེབས་འཛུགས་ཀྱི་གསབ་དངུལ་ལམ་ལུགས་དོན་འཁྱོལ་བྱས་ཏེ། སྔོ་ཚལ་འདེབས་རྒྱ་བརྟན་འཇགས་ཡོང་བ་བྱེད་དགོས། འཁྱགས་ཆུའི་ཉའི་གསོ་སྤེལ་གཞི་ཁྱོན་ཇེ་ཆེར་གཏོང་དགོས། རྩི་ཤིང་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་ཏེ། ལོ་ཏོག་གི་ནད་འབུའི་གནོད་པར་ལྟ་ཞིབ་ཚད་འཇལ་ཉེན་ཟོན་སྔོན་བརྡ་གཏོང་བ་དང་། ཆེད་ལས་ཅན་གྱིས་གཅིག་གྱུར་ངང་འགོག་བཅོས་བྱེད་དགོས། ནོར་གནག་དང་འབྲོག་ལུག་གི་ཐོན་རྫས་ཀྱི་ཁུངས་འདེད་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་གནས་ལག་བསྟར་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། ཞིང་ལས་ཕྱི་རུ་བསྐྱོད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་པར་མ་ཟད་རྒྱབ་སྐྱོར་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་ཞིང་ལས་ཀྱི་རྒྱལ་སྤྱིའི་མཉམ་འབྲེལ་ལ་ཤུགས་བསྣན་ནས། ཞིང་ལས་ཐད་ཕྱི་ཕྱོགས་སུ་མཉམ་འབྲེལ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

                                                                                                     རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།