གངས་ཅན་བྱིས་པ་ཡོངས་ལ་ཕུལ་བའི་ལེགས་སྐྱེས།
2019.05.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 108


ཨ་ཁུ་ཉི་མ་སླེབས་སླེབས།

གསེར་གྱི་ཉི་མ།

དངུལ་གྱི་ཉི་མ།

ཉི་མ་ཅི་ལས་དྲོ་བ།

ཉི་མ་ཉི་མ་ཚུར་ལ་ཤོག

སྤྲིན་པ་སྤྲིན་པ་ཕར་ལ་རྒྱུགས།

ཉི་མས་སྒོ་ལྕགས་ཕྱེ་ཕྱེ།

སྤྲིན་པས་རྒྱ་སྒོ་རྒྱོབས་རྒྱོབས……


ཕྱིར་དྲན་གྱི་རྩེད་རར་བསམ་གཞིག་གི་འདབ་གཤོག་ངང་གིས་བསྒྱུར་ཚེ། ཨ་མའི་སྐད་ངག་ལ་འབྱར་བའི་འོ་དྲི་ཐུལ་ཐུལ་གྱི་བྱིས་གླུ་མང་པོ་རྣ་ལམ་དུ་དཔྱིད་རླུང་གིས་དྲངས་པའི་བྱིའུའི་སྐད་སྙན་བཞིན་ལྡང་ཡོང་། བྱིས་དུས་ནི་མི་སུ་ཞིག་ལ་མཚོན་ནའང་མཚར་སྡུག་གི་ཞིང་ཁམས་ཤིག་སྟེ། བྱིས་དུས་ཀྱི་དགོད་སྒྲ་དང་བྱིས་དུས་ཀྱི་དགའ་བ། མདོར་ན་ཡིད་འོང་མཛེས་སྡུག་གི་བྱིས་དུས་ནི་མི་ཚེ་ཞིག་གི་དྲན་ཤིང་བཞིན་ནམ་ཡང་ཕྱིར་དྲན་གྱི་སྤང་ཐང་དུ་མེ་ཏོག་བཞིན་ལྷམ་མེར་བཞད་ཡོད་ངེས། དེས་ན་བྱིས་གླུ་ནི་བྱིས་དུས་ཀྱི་ལོ་ཟླར་བྱུགས་པའི་འཇའ་ཚོན་སྣ་ལྔའི་ཁ་དོག་དང་འདྲ་ལ། བྱིས་དུས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བའི་སྤྲོ་སྣང་གི་འགྱུར་ཁུགས་དྭངས་མོ་དེ་ཡང་ཡིན།


ང་ཚོ་དགའ་འོས་པ་ཞིག་ལ་ན་གཞོན་རོལ་མོ་པ་གླིང་རྒྱལ་འཆི་མེད་ཚེ་རིང་གིས《གངས་ཅན་བྱིས་གླུ》ཞེས་པའི་གསོན་ཉམས་ལྡན་ཞིང་འགུལ་རིས་སྒྱུ་རྩལ་གྱི་ལམ་ལ་དྲངས་ཤིང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རོལ་མོ་དང་དེང་རབས་རོལ་མོ་ཟུང་སྦྱོར་གྱི་སྒྲ་གཟུགས་གཉིས་ཀ་ལྡན་པའི་བྱིས་གླུའི་ཆེད་བསྒྲིགས་ཤིག་ལེགས་སྐྱེས་སུ་བསྣམས་ནས་སླེབས་བྱུང་། འཛམ་གླིང་མི་རིགས་སོ་སོའི་བྱིས་པ་རྣམས་ལ་རང་སྐད་ཀྱི་བྱིས་གླུ་ཡོད་པས། བྱིས་གླུ་ངག་ལ་སྐྱོར་མ་མྱོང་བའི་བྱིས་དུས་ནི་མེ་ཏོག་མེད་པའི་སྤང་ཐང་དང་འདྲ་ལ། བྱིས་དུས་སུ་བྱིས་གླུ་སྙན་མོར་མ་འཕྲད་ཚེ་བྱིས་དུས་དེ་ཡང་དེ་འདྲའི་ཡི་གར་འོང་བ་ཞིག་གཏན་ནས་ཡིན་མི་སྲིད། དེ་བས། ན་གཞོན་རོལ་མོ་པ་གླིང་རྒྱལ་འཆི་མེད་ཚེ་རིང་གིས་བསྣམས་ཡོང་བའི་གངས་ཅན་བྱིས་གླུ་ནི་གངས་ཅན་བྱིས་པ་ཡོངས་ཀྱི་དྭངས་གཙང་གི་བྱིས་དུས་ལ་ཕུལ་བའི་ལེགས་སྐྱེས་ཡག་པོ་ཞིག་རེད།


སྔོན་ལ་ང་ཚོས་ན་གཞོན་རོལ་མོ་པ་གླིང་རྒྱལ་འཆི་མེད་ཚེ་རིང་ལགས་ལ་རྒྱུས་ལོན་ཅུང་ཟད་བྱ་སྟེ། ཁོ་ནི་མགོ་ལོག་དགའ་བདེ་ནས་སྐྱེས་ཤིང་གཅིག་སྒྲིལ་དུ་འཚར་ལོངས་བྱུང་ལ།ཆུང་དུས་ནས་རོལ་མོར་དགའ་ཞེན་ཟབ་པའི་ཨ་ཕ་ལགས་ཀྱི་ཤུགས་རྐྱེན་འོག་རོལ་མོ་སྒྱུ་རྩལ་ལ་དུངས་པ་ཟབ་མོ་སྐྱེས་ཤིང་། རོལ་མོའི་སྒྲ་གདངས་དང་འགྱུར་ཁུགས་ཁྲོད་མི་ཚེའི་གོམ་པ་རི་ལུང་ཐང་གསུམ་དུ་དཔར་མགོ་བརྩམས། 2005ལོར་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་ལས་རིགས་ལག་རྩལ་སློབ་གྲྭར་ཞུགས་ཤིང་། གླུ་དབྱངས་ལེན་པ་ཁོ་ནས་ཁོའི་མགུ་མ་གང་བར་དབྱངས་རྩོམ་པ་པོ་གྲགས་ཅན་ཝང་ཅན་ཀྲུང་དང་རོལ་མོ་སྒྲིག་སྦྱོར་པ་གྲགས་ཅན་ཞུས་ཝུན་ཅན་རྣམ་གཉིས་ཀྱི་ཞབས་ལ་གཏུག་ནས་དབྱངས་རྩོམ་པ་དང་རོལ་མོ་སྒྲིག་སྦྱོར་སོགས་ལ་སྦྱངས་བ་ལྷོད་མེད་བྱས། རོལ་མོ་ལ་དགའ་བའི་སེམས་འདུན་ལ་གཏན་ནས་འགྱུར་བ་བྱུང་མ་མྱོང་བའི་ཁོས་སློབ་སྦྱོང་གི་ཞོར་དུ་གསར་རྩོམ་གྱི་ཕྱོགས་སུའང་འབད་པ་ཉིན་བཞིན་བརྟེན་པས། “ཡོན་ཏན་མ་ལུས་བརྩོན་པའི་རྗེས་སུ་འགྲོ”ཟེར་བ་ལྟར། 2010 ལོ་སྟེ་སློབ་མཐར་ཕྱིན་པའི་ལོ་དེར། ཁོའི་རོལ་མོའི་བརྩམས་ཆོས《ཀྲུང་གོའི་རོལ་མོ》ཞེས་པའི་དུས་དེབ་སྟེང་སྤེལ་བར་མ་ཟད། དུས་དེབ་དེས་ཕུལ་བྱུང་བརྩམས་ཆོས་ནང་བདམས་པ་དང་། དེས་ཁོའི་རོལ་མོ་གསར་རྩོམ་ལ་མཚོན་ན་ཆར་བ་ཆུ་གྲོགས་དང་རླུང་བུ་མེ་གྲོགས་སུ་གྱུར་ཏེ་ཡིད་ཆེས་ཇེ་བརྟན་དང་རེ་བ་ཇེ་ཟབ་ཏུ་གྱུར། དུས་སྐབས་དེེར། ཁོས་དམངས་ཁྲོད་རོལ་མོ་ནི་རོལ་མོ་གསར་རྩོམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་ངོས་ཟིན་རྙེད་ཅིང་། དམངས་ཁྲོད་རོལ་མོའི་ཁྲོད་ཀྱི་ལེགས་ཆ་ལེན་དགོས་ན་བོད་ཡིག་ལ་སློབ་སྦྱོང་ལེགས་པོ་ཞིག་བྱེད་དགོས་པ་ནི་རྩ་བའི་རྨང་གཞི་ཡིན་པའང་རྟོགས་ཏེ། 2013ལོར་ནུབ་བྱང་མི་རིགས་སློབ་ཆེན་འགྲིམས་ཏེ་བོད་ཀྱི་རྩོམ་རིག་ལ་སློབ་གཉེར་བྱས་ཤིང་། དེའི་ཞོར་དུ《གཅིག་སྒྲིལ་རྩྭ་ཐང》སོགས་རོལ་མོའི་བརྩམས་ཆོས་མང་པོ་བརྩམས་པ་རེད། ཁོའི་རྒྱུད་ལ་ཤེས་རིག་གི་འདབ་ལག་རྒྱས་པ་དང་བསྟུན་ནས་རི་བོའི་ཕ་རོལ་ཏུ་རི་བོ་ཡོད་པ་དང་། གཙང་བོའི་ཕ་རོལ་ཏུ་གཙང་བོ་ཡོད་པ་མཐོང་སྟེ། ཀྲུང་གོའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་བརྩི་བའི་རྒྱལ་ས་པེ་ཅིན་དུ་ཕྱིན་ནས།པེ་ཅིན་དེང་རབས་རོལ་མོ་ཁྱབ་སྤེལ་སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པའམ་སློབ་དཔོན་ཆེན་མོ་ཝང་ལེ་དང་།མིང་དུ་གྲགས་པའི་རོལ་མོ་སྒྱུ་རྩལ་པ་ཞུས་ལེ་སོགས་རོལ་མོ་པའི་སྡེ་ཡི་མཁས་པ་མང་པོ་དགེ་རྒན་དུ་བསྟེན་ནས་སློབ་སྦྱོང་ཟམ་མ་ཆད་པར་བྱས།


ལོ་མང་པོའི་སྔ་རོལ་ནས་ཁོས་གངས་ཅན་བྱིས་པ་ཡོངས་ལ་འཚམ་པའི་སྒྲ་གཟུགས་ཟུང་ལྡན་གྱི་བྱིས་གླུ་སྙན་མོ་ཞིག་མེད་པ་རྟོགས་ཏེ་དེའི་ཕྱོགས་སུ་བསམ་གཞིག་མང་པོ་བཏང་། ཁོ་ནི་ཡིད་ལ་དོན་བྱ་གང་ཞིག་བརྣགས་ཚེ་དེ་ཉིད་མ་འགྲུབ་བར་དུ་སེམས་པ་ལྷོད་གཡེང་དུ་བསྐྱུར་ཐབས་མེད་པ་ཞིག་ཡིན་པས། འདས་པའི་ལོ་ལྔ་ཡི་རིང་ལ་ཁོས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་མང་པོ་རྡོག་པས་བརྫིས་ཏེ་དམངས་ཁྲོད་གཞས་ཚིག་དང་དབྱངས་རྟ་འཚོལ་སྡུད་དུ་ཆས་པ་རེད། དེའི་རིང་ལ་ཁོས་རང་གི་མིག་སྔའི་ལས་དོན་གྱི་གལ་ཆེན་རང་བཞིན་ལ་གོ་བ་བླ་ལྷག་ཏུ་སྐྱེས་ཤིང་། དེ་ནི་མིག་སྔའི་བྱིས་པ་རྣམས་ལ་མཚོན་ན་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཡིན་པར་ངེས་ཤེས་ཟབ་མོ་འདྲོངས་པར་གྱུར། དེ་བས། ཁོས་རང་གི་དུས་ཚོད་དང་ཐ་ན་སྡོད་ཁང་ཉོ་བྱེད་ཀྱི་མ་དངུལ་རྣམས་ཀྱང་ལས་དེའི་ཕྱོགས་སུ་ཕངས་མེད་དུ་བཏང་ནས་དཀའ་བ་བརྒྱབ་ཅིང་། ལས་ཀ་དེ་ནི་མི་གཅིག་གིས་འགྲུབ་པ་ཞིག་ཡེ་ནས་མིན་པས། དེ་འབྲེལ་གྱི་ཆེད་ལས་མི་སྣ་སྐོར་ཞིག་ལ་བློ་འདྲི་བ་དང་དཔུང་བསྡེབས་ནས་འབད་པ་ལྷུར་བླངས་ཀྱིས་རྩོལ་བར་བརྟེན་པས་ད་ནི་ང་ཚོའི་མིག་གི་དཔལ་དང་རྣ་བའི་གསོས་སུ《གངས་ཅན་བྱིས་གླུ》ཞེས་པའི་སྔོན་མེད་ལེགས་འཁྲུངས་ཀྱི་རོལ་མོའི་བརྩམས་ཆོས་འདི་ཉིད་བསྟར་བ་རེད།

གླིང་རྒྱལ་འཆི་མེད་ཚེ་རིང་ལ་བཅར་འདྲི་ཞུ་དུས། ཁོས་ཁེངས་སྐྱུང་ངང“བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་མ་འོངས་པ་ཡིན་པས། རང་ཉིད་རོལ་མོར་དུངས་པ་ཟབ་པའི་འབྲོག་ཕྲུག་ཅིག་དང་། དེ་འབྲེལ་གྱི་ཆེད་ལས་ལ་སློབ་སྦྱོང་བྱེད་མྱོང་མཁན་ཞིག་ཡིན་པའི་ཆ་ནས། བྱིས་པ་ཆུང་ཆུང་རྣམས་ཀྱི་བློ་ཁར་འཚམ་པའི་རོལ་མོའི་བརྩམས་ཆོས་འདི་འདྲ་ཞིག་ལེགས་སྐྱེས་སུ་འབུལ་རྒྱུ་ནི་ངའི་ལོ་མང་གི་རེ་བ་ཡིན་མོད། འོན་ཀྱང་ལས་ཀ་འདི་ནི་ང་ཁོ་ནའི་གྲུབ་འབྲས་སུ་བརྩི་མི་རུང་། ང་དང་མཉམ་དུ་ལས་ཀ་འདིར་ཞུགས་མཁན་ཀུན་ལ་ངས་ནམ་ཡང་སྙིང་ཁོང་ནས་བཀའ་དྲིན་ཞུ་བཞིན་ཡོད། ཁོ་ཚོ་ཚང་མ་མེད་ན་རོལ་མོའི་བརྩམས་ཆོས་འདི་འགྲུབ་ག་ལ་ཐུབ”ཟེར།


《གངས་ཅན་བྱིས་གླུ》ནི་ཁ་བ་གངས་ལྗོངས་ནས་འཁྲུངས་པའི་རྩམ་དྲི་དང་མར་དྲི་མ་ཡལ་བའི་བྱིས་གླུ་གཙང་མ་ཞིག་ཡིན་པར་མ་ཟད། དེ་ལ་ད་དུང་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ལག་རྩལ་དང་དེང་རབས་རོལ་ཆས་ཀྱིས་ཟུར་བརྒྱན་ཡོད་པས།དེང་གི་བྱིས་པའི་བློ་ཁར་ཤིན་ཏུ་འཚམ་པའི་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་རེད་ཅེས་སྨོས་ཀྱང་ཆོག་གོ །

གངས་ཅན་བྱིས་གླུའི་ཁྲོད་ན་རང་ཡུལ་གྱི་བཀོད་པ་ཡོད།

གངས་ཅན་བྱིས་གླུའི་ཁྲོད་ན་བཤེས་བཉེན་གྱི་བསླབ་བྱ་ཡོད།

གངས་ཅན་བྱིས་གླུའི་ཁྲོད་ན་ཤེས་རིག་གི་རྩེད་འཇོ་ཡོད།

གངས་ཅན་བྱིས་གླུའི་ཁྲོད་ན་སྙན་འཇེབས་ཀྱི་དབྱངས་རྟ་ཡོད།

གངས་ཅན་བྱིས་གླུའི་ཁྲོད་ན་རྗེས་རབས་པའི་རེ་བ་ཡོད།

གངས་ཅན་བྱིས་གླུའི་ཁྲོད་ན་བྱིས་དུས་ཀྱི་རྩེད་ར་ཡོད།


མདོར་ན། གངས་ཅན་བྱིས་གླུ་ནི་གངས་ཅན་བོད་ཡུལ་ནས་འཁྲུངས་ཤིང་སླར་ཡང་གངས་ཅན་བྱིས་པ་ཡོངས་ལ་སྤྲིངས་པའི་ལྷད་མེད་ཀྱི་ལེགས་སྐྱེས་ཏེ། གངས་ཅན་བྱིས་པའི་སེམས་ཁོང་དུ་ལྷང་ལྷང་མཆེད་པའི་འགྱུར་ཁུགས་སྙན་མོ་དེའོ། །
                                                                                  

                                                                                                         རྩོམ་པ་པོ། ཁྲི་སེམས་དཔའ། 

                                                                                               རྩོམ་སྒྲིག་པ། སྐར་མ་འཚོ།