ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་བསམ་འཆར་འགའ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར། ཁག་བཞི་བ།
2019.05.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

བཞི། བདག་གཉེར་གཙོ་གཞི་སྟོབས་དང་ལྡན་པར་འཕེལ་རྒྱས་བཏང་ནས། དེང་རབས་ཞིང་ལས་ཀྱི་བདག་གཉེར་མ་ལག་འཛུགས་སྐྱོང་བྱེད་དགོས།

(བཅུ་དྲུག)བདག་གཉེར་གཙོ་གཞི་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས། ལས་རིགས་གསར་པའི་རོང་འབྲོག་པ་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས། རོང་འབྲོག་ཁུལ་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱས་ཏེ། སྐྱེས་རབས་གསར་པའི་རོང་འབྲོག་པ་དང་། ཞིང་འབྲེལ་སློབ་གླིང་གི་མཐར་ཕྱིན་སློབ་མ། ཞོར་ལས་ནས་ཕྱིར་ལོག་པའི་རོང་འབྲོག་པ། སྒེར་གཉེར་བཟོ་ཚོང་པ། རོང་འབྲོག་ཁུལ་གྱི་བར་ཚོང་པ་བཅས་ཀྱིས་ཞིང་ཕྱུགས་ལས་ཐད་ཀྱི་ལས་སྐྲུན་དང་གསར་སྤེལ་གྱི་བྱ་བ་གཉེར་བར་སྐུལ་མ་བཏང་ནས། ལས་རིགས་གསར་པའི་རོང་འབྲོག་པ་འཕོ་འགྱུར་བྱེད་དགོས། འདེབས་གསོ་རྒྱ་ཆེན་དུད་ཁྱིམ་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ངང་འཕེལ་རྒྱས་སུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཅན་གྱི་སྣ་འདྲེན་ཁེ་ལས་དར་ཞིང་རྒྱས་པར་སྐྱེད་སྲིང་བྱེད་དགོས་པ་དང་། ཟོང་རྟགས་གཞན་སྦྱོར་དང་མ་རྩ་འཁོར་སྐྱོད། ཐོན་ལས་རྒྱུན་སྲིང་སོགས་ཀྱི་ཐབས་ལ་བརྟེན་ནས་མཉམ་འབྲེལ་བསྐྱར་སྒྲིག་བྱས་ཏེ། ཐོན་ལས་འབྲེལ་ཚད་ཆེ་བ་དང་། སྐུལ་ཁྲིད་ནུས་པ་དྲག་པོ་ལྡན་པའི་ཁེ་ལས་ཆེན་པོ་ཁག་ཅིག་སྐྱེད་སྲིང་བྱེད་དགོས། སྦྲེལ་རྡང་འཕར་སྣོན་དང་། སྦྲེལ་རྡང་ཁ་གསབ། སྦྲེལ་རྡང་སྟོབས་སྐྱེད་བཅས་ལ་མུ་མཐུད་དུ་བརྩོན་པ་རྒྱག་པ་དང་། ཐོན་ལས་གླིང་ནི་ཐེག་བྱེད་བྱས་ཏེ། “ཀུང་སི+རོང་འབྲོག་པའི་མཉམ་ལས་ཁང+རྟེན་གཞི+རོང་འབྲོག་པ”ཡི་ཐོན་ལས་ཅན་གྱི་མཉམ་འབྲེལ་ཕུང་བོ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་དང་མཉམ་ལས་ཁང་། རོང་འབྲོག་པ་བཅས་ལ་སྣེ་འཁྲིད་ནས་ཁེ་ཕན་མནའ་འབྲེལ་འབྲེལ་བ་དམ་ཟབ་འཛུགས་དགོས། བདག་གཉེར་གཙོ་གཞི་གསར་པ་སྐྱེད་སྲིང་བཟོ་འགོད་མུ་མཐུད་དུ་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི་མ་རྐང་མཉམ་ལས་ལམ་ལུགས་ཀྱི་མཉམ་ལས་ཁང་ཚད་ལྡན་ཅན་འཛུགས་པར་སྐུལ་འདེད་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བརྒྱ་ལ་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་ཉི་ཤུ་འཛུགས་དགོས། “མཉམ་ལས་ཁང་གཟིགས་སྐྱོང་གིeདངུལ་བུན”སོགས་ཀྱི་མ་དཔེ་ཁྱབ་གདལ་དུ་གཏོང་དགོས། བདག་གཉེར་གཙོ་གཞི་གསར་པའི་སྣེ་འཁྲིད་པ་རེས་མོས་གསོ་སྦྱོང་འཆར་གཞི་དང་ལས་རིགས་གསར་པའི་རོང་འབྲོག་པ་སྐྱེད་སྲིང་བཟོ་འགོད་ལག་བསྟར་བྱེད་དགོས།

(བཅུ་བདུན)ཞིང་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཡོངས་སུ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྒྲུབ་པའི་ནང་རྐྱེན་གསར་གཏོད་ཀྱི་ཚོད་ལྟའི་གནས་དམ་འཛིན་བྱས་ནས། རོང་འབྲོག་ཁྱིམ་ཚང་ལ་ཐོན་སྐྱེད་ཚབ་གཉེར་དང་། ཚབ་རྨོ་ཚབ་འདེབས། གཅིག་གྱུར་འགོག་བཅོས། གསོག་ཉར་འཁོར་སྐྱོད་སོགས་ཀྱི་ཞབས་ཞུ་འདོན་པར་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ལས་ཁུངས་ཇེ་བརྟན་དང་ཇེ་སྟོབས་སུ་གཏོང་བ་དང་། གྲོན་དངུལ་འགན་སྲུང་དང་སྐུལ་ལྕག་འདེབས་པའི་ནང་རྐྱེན་འཐུས་ཚང་དུ་བཙུགས་ཏེ། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་རྡལ་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས། ཞིང་ཕྱུགས་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་རིམ་པ་གསུམ་པའི་ལས་སྟེགས་ཁྱོན་ཡོངས་ནས་འཁོར་སྐྱོད་དང་ནུས་ལྡན་སྒོས་མཐུད་སྦྲེལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ལག་རྩལ་གྱི་དམིགས་བཙུགས་ལས་གནས་ཀྱི་ཞབས་ཞུ་མི་སྣའི་དོ་དམ་ཇེ་དྲག་ཏུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་ཕབ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ལོ་ཏོག་གི་ནད་འབུའི་གནོད་པ་ཆེ་གྲས་ཀྱི་འཚུབ་ཟློག་འགོག་བཅོས་དཔུང་ཁག་འཛུགས་པར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་ཞང་དང་གྲོང་རྡལ་གྱི་ཕྱུགས་སྨན་ས་ཚིགས་དང་། ཞིང་ལས་དཔལ་འབྱོར་ས་ཚིགས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལས་ཁུངས། གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་ཀྱི་སྤྱི་པའི་ལས་ཁུངས་ཀྱི་ཆ་རྐྱེན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཞིང་སྡེའི་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། “ཞིང་གསུམ”ནི་དངུལ་རྩའི་ཞབས་ཞུ་སྔོན་ལ་སྒྲུབ་པའི་ཁྱབ་ཁོངས་སུ་བཟུང་ཞིང་། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་འགན་ལེན་མ་ལག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དངུལ་རྩའི་མ་དངུལ་གྱིས“ཞིང་གསུམ”ལ་ཞབས་ཞུ་སྔར་བས་མང་པོ་འདོན་པར་སྣེ་འཁྲིད་དགོས། ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་སྦྲེལ་རྡང་གི་དངུལ་རྩ་འཕེལ་རྒྱས་བཏང་ནས། སྟོད་སྨད་རྒྱུད་ཀྱི་ཐོན་ལས་མ་དངུལ་འཁོར་རྒྱུག་ཐུབ་པ་འགན་སྲུང་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་ཐོན་འཚོང་སྦྲེལ་མཐུད་ནུས་ལྡན་བྱེད་པ་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ཕྱུགས་ལས་འགན་བཅོལ་གྱི་འགན་བཅོལ་འགྲོ་སོང་གསབ་དངུལ་སྟེར་ཚད་ཇེ་མང་དུ་བཏང་ནས། སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་འགན་བཅོལ་གྱི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས། ནོར་གནག་དང་འབྲོག་ལུག་གི་འགན་བཅོལ་གྱི་འགན་བཅོལ་འགྲོ་སོང་གསབ་དངུལ་སྟེར་རྒྱ་ཇེ་ཆེར་གཏོང་བའི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། འདེབས་འཛུགས་ལས་རིགས་དང་ནགས་ལས། སྒྲིག་བཀོད་ཞིང་ཕྱུགས་ལས་བཅས་ཀྱི་འགན་བཅོལ་དང་ལེན་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། ཚོང་ལས་འགན་བཅོལ་ལ་བརྟེན་ནས“ཞིང་གསུམ”གྱི་ཉེན་ཁ་འགན་སྲུང་བྱེད་པའི་ནང་རྐྱེན་འཛུགས་པར་འཚོལ་ཞིབ་བྱེད་དགོས། གནོད་འཚེ་ཧ་ཅང་ཆེན་པོའི་འགན་བཅོལ་འཛུགས་པར་སྐུལ་འདེད་གཏོང་དགོས། སྦྲག་སྲིད་མ་ལག་གིས“ཞིང་གསུམ”བྱ་བར་སྔར་ལས་ལྷག་པར་ཞབས་ཞུ་གང་ལེགས་འདོན་པར་རྒྱབ་སྐྱོར་བྱེད་དགོས། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་ཞུ་སྒྲུབ་པའི་ནང་རྐྱེན་གསར་གཏོད་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མ་ལག་ཏུ་འདྲེས་པར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་མ་ལག་འཐུས་ཚང་དུ་སྐྲུན་པ་དང་། ཐོན་ཁུལ་དུ་སྡེབ་ཚོང་ཁྲོམ་ར་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས།

(བཅོ་བརྒྱད)བདག་གཉེར་གཙོ་གཞི་གསར་པའི་སྣེ་འཁྲིད་པ་གཙོ་བོ་སྐྱེད་སྲིང་བྱེད་དགོས། ལས་རིགས་གསར་པའི་རོང་འབྲོག་པ་གསོ་སྐྱོང་བཟོ་འགོད་ལ་གཞི་བཅོལ་ཞིང་། ཐབས་ལམ་སོ་སོའི་གསོ་སྦྱོང་མ་དངུལ་གྱི་ཐོན་ཁུངས་ཟླ་སྒྲིལ་བྱས་ཏེ། དེང་རབས་ན་གཞོན་ཞིང་རའི་བདག་པོ་སྐྱེད་སྲིང་འཆར་གཞི་དང་། ཞིང་སྡེའི་གོ་འཕེར་འཇོན་མིའི་སྣེ་འཁྲིད་པ་གསོ་སྦྱོང་འཆར་གཞི་དང་། ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་གསར་བའི་སྣེ་འཁྲིད་པ་རེས་འཁོར་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་ཏེ། 2020ལོའི་བར་དུ་རེས་འཁོར་གསོ་སྦྱོང་འཁོར་ཡུན་གཅིག་སྤེལ་ནས། ཞིང་ལས་ལ་དགའ་ཞིང་ལག་རྩལ་ཤེས་ལ་བདག་གཉེར་བྱེད་མཁས་པའི་ལས་རིགས་རོང་འབྲོག་པ་སྔར་ལས་མང་བ་སྐྱེད་སྲིང་བྱེད་དགོས། ཞིང་ལས་ཀྱི་ལས་རིགས་སློབ་གསོ་ལེགས་པོར་སྤེལ་ནས། ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་གསར་པའི་སྣེ་འཁྲིད་པས“ཞིང་ཞོར་སློབ་ཞོར”དང་། དྲ་ཐོག་དྲ་འོག་སོགས་རྣམ་པ་མང་པོ་བརྒྱུད་ནས་ས་དེ་གར་ཐག་ཉེ་ས་ནས་ལས་རིགས་སློབ་གསོ་མྱོང་བར་སྐུལ་མ་གཏོང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་དང་རྩལ་ནུས་གསལ་འབྱེད་དུ་ཧུར་ཐག་གིས་ཞུགས་དགོས། ཆ་རྐྱེན་འཛོམས་པའི་ས་གནས་དག་གིས་བྱ་དགའི་གསབ་དངུལ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རིགས་མི་འདྲ་བའི་ལས་རིགས་བདག་གཉེར་བ་ནང་འདྲེན་བྱེད་པར་སྐུལ་མ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་བདག་གཉེར་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་གསར་པ་རྣམས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་དང་། སློབ་ཆེན་པའི་སྡེ་དཔོན་འཆར་གཞིའི་ཞབས་ཞུའི་ལས་རྐང་གི་རྒྱ་བསྐྱེད་ཁྱབ་ཁོངས་སུ་འཇོག་དགོས། ཞིང་པ་གླ་རྒྱག་པ་དང་། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། ཚན་རྩལ་མི་སྣ་སོགས་ཕ་ཡུལ་དུ་ལོག་པའམ་གཞི་རིམ་དུ་བསྐྱོད་ནས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་གསར་པ་གསར་སྒྲུབ་དང་སྣེ་འཁྲིད་དེ་སྒྲུབ་པར་སྐུལ་མ་གཏོང་དགོས། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་སྐུལ་སྤེལ་གཏིང་ཟབ་བྱས་ཏེ། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་གཏིང་ཟབ་ཏུ་སྤེལ་ནས། ཚན་རྩལ་ཞིབ་འཇུག་མི་སྣ་རོང་འབྲོག་པའི་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་སུ་སོང་ནས་ལས་འགན་འཁུར་བ་དང་ལས་འགན་གཅིག་ལྕོགས་གནང་བར་སྐུལ་མ་གཏོང་དགོས། ཐོན་ལས་ཆེད་མཁས་ཀྱིས་རོགས་སྐྱོར་བྱེད་པ་དང་ཞིང་ལས་ལག་རྩལ་མི་སྣར་ཁ་གཏད་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས་ནས། རྫོང་དང་ཞང་གི་རོང་འབྲོག་པའི་མཉམ་ལས་ཁང་གི་རོགས་འཁྲིད་པའི་མཛུབ་སྟོན་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་ཞུགས་ནས་གསར་གཏོད་དང་ལས་སྐྲུན་བྱེད་པར་སྐུལ་མ་དང་མཛུབ་སྟོན་བྱེད་དགོས།

(བཅུ་དགུ)ཞིང་དུད་ཆུང་བའི་ཐོན་སྐྱེད་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས། ཞིང་དུད་ཆུང་བའི་འཕེལ་རྒྱས་ནུས་པ་མཐོར་འདེགས་དང་། ཁྱིམ་ཚང་ཞིང་ར་གསོ་སྐྱོང་འཆར་གཞི་སྤེལ་མགོ་བརྩམ་དགོས་ལ། དུས་ཡུན་རིང་བོར་བརྟན་འཇགས་སྒོས་ཞིང་ལས་གཉེར་འདོད་ཡོད་པའི་ཞིང་དུད་ཆུང་བས་གོམ་ཁ་བརྟན་པོར་གཞི་ཁྱོན་རྒྱ་བསྐྱེད་པར་སྐུལ་མ་བཏང་ནས། གཞི་ཁྱོན་ཚད་དང་རན་ཞིང་། ཐོན་སྐྱེད་ཞིབ་བསྡུས་ལེགས་གཉེར་ཡིན་པ། དོ་དམ་སྔོན་ཐོན་ཡིན་པ། ཕན་འབྲས་མངོན་པར་གསལ་བའི་ཞིང་པའི་ཁྱིམ་ཚང་ཞིང་ར་ཁག་གཅིག་གསོ་སྐྱོང་བྱེད་དགོས། དམིགས་གཏད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ། ཞིང་དུད་ཆུང་བའི་ཐོན་སྐྱེད་དེ་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་དུ་འཁྲིད་དགོས། ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་ཞབས་ཞུའི་རྩ་འཛུགས་རིགས་མི་འདྲ་བ་གསོ་སྐྱོང་བྱས་ཏེ། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་སུ་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྒྲུབ་པར་སྐུལ་སྤེལ་གཏོང་བ་དང་། ཞིང་དུད་ཆུང་བར་མ་རྩ་གྲོན་ཆུང་དང་གྲུབ་འབྲས་འཕར་སྣོན་ཐད་ཀྱི་རོགས་རམ་བྱེད་དགོས། ཞིང་དུད་ཆུང་བར་སྣེ་འཁྲིད་དེ་སྣ་མང་ཅན་གྱི་མཉམ་འབྲེལ་དང་མཉམ་ལས་སྤེལ་ནས། མཉམ་ལས་ཁང་གིས་ཞིང་དུད་ཆུང་བར་རྩ་འཛུགས་བྱེད་པའི་ནང་རྐྱེན་གསར་གཏོད་བྱེད་པ་དང་། སྣེ་འདྲེན་ཁེ་ལས་ཀྱིས་ཞིང་དུད་ཆུང་བར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། ཞིང་དུད་ཆུང་བའི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞིའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་གཙིགས་སུ་བཟུང་ནས། ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་བསྐྲུན་པ་དང་། ཞིང་དུད་དང་ཚོང་ཁང་ཐད་སྦྲེལ་དང་། ཞིང་དུད་དང་མཉམ་ལས་ཁང་ཐད་སྦྲེལ་བྱས་ཏེ། ཞིང་དུད་ཆུང་བ་དང་ཁྲོམ་ར་ཐད་སྦྲེལ་བྱེད་པར་རོགས་རམ་བྱེད་དགོས། ཞིང་དུད་ཆུང་བས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། སྒྲིག་བཀོད་ཞིང་ཕྱུགས་ལས། ཉམས་ལེན་ཞིང་ཕྱུགས་ལས། མངགས་བཀོད་ཞིང་ཕྱུགས་ལས་བཅས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱེད་པ་དང་། ཐོན་རྫས་ཀྱི་རིམ་གྲས་དང་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་ནས། ཡོང་འབབ་འཕར་སྣོན་གྱི་བར་སྟོང་རྒྱ་བསྐྱེད་དགོས། ཞིང་དུད་ཆུང་བའི་ཐོན་སྐྱེད་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། ཞིང་དུད་ཆུང་བའི་ཉེན་ཁ་འགོག་ནུས་མཐོར་འདེགས་གཏོང་དགོས། སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་བཅས་དང་ཞིང་དུད་ཆུང་བའི་བར་དུ་གན་རྒྱའི་རྣམ་པ་དང་མ་རྐང་གི་རྣམ་པའི་ཁེ་ཕན་སྦྲེལ་མཐུད་ནང་རྐྱེན་འཛུགས་པར་སྐུལ་མ་བཏང་ནས། ཞིང་དུད་ཆུང་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས།

ལྔ། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་མགྱོགས་མྱུར་ངང་མཉམ་འདྲེས་ཡོང་བར་བྱས་ཏེ། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་དགོས།

(ཉི་ཤུ)གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་དགོས། ཚོང་རྟགས་གསར་སྐྲུན་དམིགས་སུ་འཛིན་པ་དང་། ཚོང་རྟགས་འཛུགས་སྐྲུན་གྱིས་ལམ་སྣ་འཁྲིད་དེ། ཡུལ་བབ་དང་བསྟུན་ནས་སྣ་མང་རང་བཞིན་གྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་། “སྡེ་བ་རེ་ལ་ཐོན་རྫས་རེ”དང“ཞང་རེ་ལ་ཐོན་ལས་རེ”སྐུལ་སྤེལ་གཏོང་དགོས། ཀྲུང་བོད་སྨན་རྩ་དང་། མེ་ཏོག་ཤིང་མྱུག ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་སོགས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་སྐྱེད་དང་། ལས་སྣོན། ཟོང་སྐྱེལ། ཞིབ་འཇུག་གསར་སྤེལ། དཔེ་སྟོན། ཞབས་ཞུ་སོགས་ཕན་ཚུན་མཉམ་འདྲེས་ཡོང་བ་དང་ཐོན་ལས་ཁ་ཚང་གསར་སྤེལ་བྱེད་པར་སྐུལ་སྤེལ་གཏོང་དགོས། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ཁུལ་ཁག་ཅིག་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ལག་ཤེས་བཟོ་ལས་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་སྡེའི་ལག་ཤེས་བཟོ་རྩལ་པ་ཤུགས་ཆེན་པོས་འཚོལ་སྔོག་བྱས་ཏེ། ཁྱིམ་ཚང་གི་བཟོ་གྲྭ་དང་། ལག་ཤེས་བཟོ་འགོད། གྲོང་གསེབ་འཁོར་ཁང་ཁག་ཅིག་སྐྱེད་སྲིང་བྱེད་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དང་ཚོང་རྟགས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། “མཚོ་སྔོན་རྟགས་ཅན”གྱི་ཁྱད་ལྡན་ཟོང་རྟགས་གསར་སྐྲུན་བཟོ་འགོད་སྤེལ་ནས། ཚོང་རྟགས20བདམས་ནས་གཙོ་གནད་དུ་རོགས་སྐྱོར་བྱེད་པ་དང་། ནོར་གནག་དང་། ནས། སན་ཝུན་ཉ་བཅས་ཀྱི་ཚད་གཞི་དག་རྒྱལ་ཁབ་ཀྱི་ཚད་གཞི་རུ་མཐོར་འདེགས་བྱེད་པར་བརྩོན་ནས། “ཡུལ་ཐོན་རྟགས་ཅན”དང“གྲོང་གསེབ་རྟགས་ཅན”གྱི་ཁྱད་ལྡན་ཐོན་རྫས་ཀྱི་ཟོང་རྟགས་ཁག་ཅིག་བསྐྲུན་དགོས།

(ཉེར་གཅིག)ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་དགོས། ནོར་གནག་དང་། འབྲོག་ལུག ནས། འཁྱགས་ཆུའི་ཉ། འཕང་འབྲས། ཞོག་ཁོག སྐེ་ཚེ། སྔོ་ཚོད་སོགས་ཀྱི་ཐོན་ལས་འབུར་དུ་བཏོད་ཅིང་། སྣེ་འདྲེན་ཁེ་ལས་གཙོ་བྱས་ཏེ། ཐོག་མའི་ལས་སྣོན་དང་། ཞིབ་ཚགས་ལས་སྣོན། ཞོར་ཐོན་དངོས་རྫས་ཕྱོགས་བསྡུས་ལས་སྣོན་གྱིས་བེད་སྤྱོད། གཙོ་ཟས་ལས་སྣོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རིམ་པ་མང་པོ་དང་ཚིགས་མཚམས་མང་པོ་ནས་ཕབ་སྒྱུར་རིན་འཕར་ཐུབ་པ་མངོན་འགྱུར་བྱས་ནས། རིན་ཐང་གསར་པ་སྔོག་འདོན་བྱེད་དགོས། བདག་གཉེར་གཙོ་གཞི་གསར་པའི་སོས་ཉར་དང་། གསོག་འཇོག རིམ་དབྱེ། ཐུམ་རྒྱག་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཁྱད་ཆོས་དགེ་མཚན་མངོན་པར་གསལ་ཞིང་། ཐོན་ལས་གཅིག་བསྡུས་ཡིན་ཚད་མཐོ་བ། དཔེ་སྟོན་སྐུལ་ཁྲིད་ཀྱི་ཤུགས་དྲག་པ། རྩོལ་ནུས་གནས་ངེས་ཁ་གསལ་བ། ཐོན་ལས་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གླིང་ཚད་གཞི་མཐོན་པོའི་སྒོ་ནས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་གླིང་གི་ངོས་འཛིན་གྱི་བྱ་བ་མུ་མཐུད་དུ་སྤེལ་དགོས། སྐེ་ཚེའི་ཐོན་ལས་འཕེལ་རྒྱས་མནའ་འབྲེལ་འཛུགས་དགོས། ཡུལ་ཤུལ་གྱི་རྒྱལ་ཁབ་རིམ་པའི་ནོར་གནག་ཁྱད་འཕགས་ཁུལ་འཛུགས་སྐྲུན་གྱི་བྱ་བ་དམ་འཛིན་བྱེད་པ་དང་།ཞིང་ཕྱུགས་ལས་ཀྱི་མཐུད་མུར་འཕེལ་འཐུས་པའི་ཚོད་ལྟ་དཔེ་སྟོན་རྫོང་འཛུགས་སྐྲུན་གྱི་བྱ་བ་ལག་བསྟར་ལེགས་པོ་བྱེད་དགོས།

(ཉེར་གཉིས)གྲོང་གསེབ་ཀྱི་གསར་དར་ཐོན་ལས་གསོ་སྐྱོང་བྱེད་ཅིང་འཕེལ་རྒྱས་སུ་གཏོང་དགོས། ཐོན་ལས་གླིང་དང་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གླིང་ལ་གཞི་བཅོལ་ནས། “ཞིང་ལས་རྟགས་ཅན”གྱི་ཁྱད་ལྡན་གྲོང་རྡལ་ཆུང་བ་ཁག་ཅིག་གསོ་སྐྱོང་བྱེད་པ་དང་། ཞིང་སྡེའི་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བའི་ལས་སྟེགས་ཐེག་བྱེད་བསྐྲུན་དགོས། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་ཟོང་རྟགས་སྤུས་ལེགས་བཅུ་ཡན་གསར་འཛུགས་དང་འོས་སྦྱོར་བྱེད་པ་དང་། མཛེས་པའི་སྤྲོ་གསེང་གྲོང་གསེབ་དང་སྤྲོ་གསེང་རོང་འབྲོག་གཞིས་ཀ་ཁག་ཅིག་གསོ་སྐྱོང་བྱས་ཏེ། “སྤྲོ་གསེང་ཞིང་ཕྱུགས་ལས+”སྐུལ་སྤེལ་བྱས་ནས། ཡུལ་སྐོར་དང་རིག་གནས་དང་ལུས་རྩལ་སོགས་ལ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས། སྤྲོ་གསེང་ཞིང་ཕྱུགས་ལས་ཀྱི་དཔེ་སྟོན་རྟེན་གཞི་དང་། མཛེས་པའི་སྤྲོ་གསེང་གྲོང་གསེབ། སྤྲོ་གསེང་ཞིང་ལས་ཀྱི་གཞིས་ཀ(གླིང་ཁུལ)སྤུས་ལེགས་ལ་རོགས་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ཁུངས་དང་སྐྱེ་ཁམས་དང་རིག་གནས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་དགོས་མཁོ་དང་འཚམ་པའི་སྤྲོ་གསེང་ཡུལ་སྐོར་དང་། བཟའ་བཏུང་སྡོད་ཤག རིག་གནས་ཉམས་ལེན། བདེ་ཐང་ཁམས་གསོ། རྒན་གསོ་ཞབས་ཞུ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། “སྦྲེལ་དྲ+ཞིང་ལས”གཏིང་ཟབ་ཏུ་སྐུལ་འདེད་བྱས་ཏེ། ཞིང་ལས་ཟོང་སྦྲེལ་དྲ་བའི་དཔེ་སྟོན་ཉེར་སྤྱོད་བྱེད་རྒྱ་ཇེ་ཆེར་གཏོང་དགོས། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ལས་རྡང་སྦྲེལ་ཡོངས་ཀྱི་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་སྐུལ་སྤེལ་བྱེད་དགོས། གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་མུ་མཐུད་དུ་སྤེལ་བ་དང་། “སྦྲེལ་དྲ+”ཀྱི་ཞིང་ལས་ཐོན་རྫས་ཞིང་སྡེ་ནས་གྲོང་ཁྱེར་དུ་འདྲེན་པའི་བཟོ་འགོད་ལག་བསྟར་བྱེད་དགོས། ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་འདྲེན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ་དང་། “སྦྲེལ་དྲ”ལ་གཞི་བཅོལ་ནས་སྤྱི་པའི་ཞབས་ཞུ་ཞིང་སྡེ་རུ་བསྲིང་བར་སྐུལ་འདེད་གཏོང་དགོས། ཤེས་རིག་ཞིང་ཕྱུགས་ལས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཆ་འཕྲིན་ཅན་དང་ཞིང་ཕྱུགས་ལས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བ་ཇེ་མགྱོགས་སུ་གཏོང་དགོས།

(ཉེར་གསུམ)ཞིང་སྡེའི་ངལ་རྩོལ་པའི་གསར་གཏོད་དང་ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འཇོན་མི་སྣ་ཚོགས་ཕ་ཡུལ་དུ་ལོག་པའམ་གྲོང་གསེབ་ཏུ་བསྐྱོད་ནས་གསར་གཏོད་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་བ་དང་། ལས་སྐྲུན་འདེགས་སྐྱོར་གྱི་ཞབས་ཞུའི་ལས་སྟེགས་རྣམ་པ་སྣ་ཚོགས་སྐྲུན་པར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་ཀྱི་གསར་གཏོད་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས། གསར་གཏོད་དང་ལས་སྐྲུན་སྙོར་སྐྱོང་ལས་སྟེགས་འཛུགས་པར་ཤུགས་སྣོན་བརྒྱབ་ནས། ཕ་ཡུལ་དུ་ལོག་པ་དག་གི་ལས་སྐྲུན་གླིང་དང“ཞིང་ལས་གསར་གཏོད་ལས་སྟེགས”སྐོར་ཞིག་གསར་འཛུགས་བྱེད་པར་རྒྱབ་སྐྱོར་དང་། ཁེ་ལས་ཕྲན་ཆུང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་ཀྱི་ལས་སྐྲུན་ལས་ཞུགས་ཡར་སྐུལ་འགུལ་སྐྱོད་ལག་བསྟར་བྱས་ཏེ། རིག་གནས་དང་། ཚན་རྩལ། ཡུལ་སྐོར། སྐྱེ་ཁམས་སོགས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། “འཐེན་ཐུག་དཔལ་འབྱོར”སྟོབས་ལྡན་དུ་གཏོང་བ་དང་། དངུལ་རྩའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་ནས། མཚོ་སྔོན་འཐེན་ཐུག་གི་སྤྱིའི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་དགོས། “མཚོ་སྔོན་མཐོ་སྒང་གི་ལག་ཤེས་པ”དང་། “རོང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་སྒྱུར་སྣེ་འཁྲིད་པ” “བུད་མེད་ནུས་འཇོན”བཅས་ཀྱི་མིང་འདོགས་དགོས། དྲ་རྒྱའི་པོད་ཁུག་དང་། སྐད་འཕྲིན། གློག་རྡུལ་ཚོང་དོན་སོགས་ལག་རྩལ་གསར་པའི་ལས་སྐྲུན་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་འདེབས་འཛུགས་གསོ་སྤེལ་དང་། ལས་སྣོན། འཁོར་རྒྱུག་ཕྱིར་འཚོང་བཅས་དང་སྤྲོ་གསེང་ཞིང་ཕྱུགས་ལས་དང་། རིག་གནས་སློབ་གསོ། ཁམས་གསོ་རྒན་གསོ། ཁྱིམ་ཚང་གི་ཞབས་ཞུའི་ལས་རིགས། “སྦྲེལ་དྲ+”སོགས་མཉམ་འདྲེས་ངང་ལས་སྐྲུན་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྡེ་བའི་ཚོགས་པའི་རྩ་འཛུགས་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཚོགས་པའི་རྩ་འཛུགས་ཀྱི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་གཙིགས་སུ་འཛིན་དགོས།
                                                                                                                                      རྩོམ་སྒྲིག་པ། སྐར་མ་འཚོ།