ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་བསམ་འཆར་འགའ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར། ༼       ཁག་ལྔ་བ།    ༽  
2019.05.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

དྲུག ཞིང་སྡེའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་སྣོན་དགོས།

(ཉེར་བཞི)གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། ཁྱིམ་ཚང་གི་འགན་གཙང་ལེན་རྨང་གཞི་བྱས་ཤིང་། གཅིག་གྱུར་དང་ཁག་བགོས་ཟུང་འབྲེལ་ཡིན་པའི་རིམ་གཉིས་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རོང་འབྲོག་པའི་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བའི་འཛུགས་སྐྲུན་ལ་འབུར་ཐོན་གྱིས་དམ་འཛིན་བྱས་ཏེ། རིམ་གཉིས་བདག་གཉེར་གྱི་སྒྲིག་སྲོལ་ལ་ནང་དོན་གསར་པ་བསྩོལ་དགོས། ཁྱིམ་ཚང་གི་བདག་གཉེར་དང་། ཐུན་མོང་གི་བདག་གཉེར། ཁེ་ལས་ཀྱི་བདག་གཉེར། མཉམ་ལས་བདག་གཉེར་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་སྐྱེད་སྲིང་འཆར་གཞི་སྤེལ་མགོ་རྩོམ་པ་དང་། རོང་འབྲོག་པའི་མཉམ་ལས་ཁང་ཚད་ལྡན་དང་མཐོར་འདེགས་སུ་གཏོང་བའི་འགུལ་སྤྱོད་སྤེལ་དགོས། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་དང་རོང་འབྲོག་པའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་འཛུགས་དགོས། རྩྭ་ས་འགན་གཙང་ལེན་གྱི་བདག་གཉེར་ལམ་ལུགས་སྐོར་གྱི་བསམ་འཆར་མགྱོགས་མྱུར་སྒོས་འདོན་དགོས།

(ཉེར་ལྔ)ཞིང་སྡེའི་ས་ཞིང་ལམ་ལུགས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས། རེབ་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ད་དུང་ལོ་ངོ་སུམ་ཅུ་ཇེ་རིང་དུ་གཏོང་བའི་སྲིད་ཇུས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་དུས་ཡུན་ཇེ་རིང་དུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་དོན་འཁྱོལ་ལེགས་པོ་བྱས་ཏེ། འགན་གཙང་ལེན་གྱི་རྒྱུན་བསྲིང་བའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། ཐུན་མོང་བདག་དབང་དོན་འཁྱོལ་དང་། ཞིང་དུད་ཀྱི་འགན་གཙང་ལེན་དབང་ཆ་ཁག་ཐེག ས་ཞིང་བདག་གཉེར་དབང་ཆར་གསོན་སྒྱུར་བཅས་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། འགན་གཙང་ལེན་བྱས་པའི་ས་ཞིང་དབང་ཆ་ངོས་འཛིན་གྱི་ཐོ་འགོད་དང་དཔང་ཡིག་སྤྲོད་པའི་བྱ་བར“ཕྱིར་མིག”བལྟས་ནས། ས་དུམ་དང་། རྒྱ་ཁྱོན། གན་རྒྱ། དབང་རྟགས་བཅས“ཁྱིམ་དུ་ཐོན་པ་བཞི་དང་འབྲེལ་ཆགས་པ་བཞི”ཁག་ཐེག་བྱེད་དགོས་པ་དང་། བཅོས་བསྒྱུར་ཁྲོད་བྱུང་བའི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་ཏེ། འགན་གཙང་ལེན་གྱི་འབྲེལ་བ་ཡུན་རིང་བོར་མི་འགྱུར་བར་རྨང་གཞི་བརྟན་པོ་འདིང་དགོས། ས་ཞིང་སྤོ་བསྒྱུར་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་སྤོ་བསྒྱུར་བྱེད་སྟངས་གསར་གཏོད་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་ཚད་རན་བདག་གཉེར་རྣམ་པ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་གཏའ་མར་བཞག་ནས་མ་དངུལ་བསྡུ་རུབ་བྱེད་པར་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཞིང་སྡེའི་ས་ཞིང་ཐུན་མོང་ལ་དབང་བ་རྒྱུན་འཁྱོངས་དང་། ཞིང་ས་ཞིང་ལས་སུ་སྤྱོད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་མིན་པར་བསྒྱུར་བ་དང་འབྲུ་རིགས་མིན་པར་བསྒྱུར་བ་སྔོན་འགོག་བྱེད་དགོས། ཞིང་པའི་ས་ཞིང་གི་ཁེ་དབང་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགན་གཙང་ལེན་བྱས་པའི་ས་ཞིང་དང་ཁང་ས་ཕྱིར་འཐེན་བྱེད་པ་དེ་ཞིང་བ་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་དུ་བརྩི་མི་རུང་། ཞིང་སྡེའི་ས་ཞིང་གི་གཞུང་བསྡུའི་ལམ་ལུགས་བཅོས་བསྒྱུར་དང་ཞིང་སྡེའི་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་སྤྱོད་ས་ཁྲོམ་རར་གཏོང་བའི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་སྤྱོད་སའི་ཁྲོམ་ར་མགྱོགས་མྱུར་ངང་འཛུགས་དགོས། ཁང་བ་དང་ཞིང་ས་གཞི་གཅིག་ཅན་གྱི་ཁང་ས་བེད་སྤྱོད་དབང་ཆ་ངོས་འཛིན་གྱི་ཐོ་འགོད་དང་དཔང་ཡིག་སྤྲོད་པའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཁང་སའི“དབང་གསུམ་ལོགས་འཛུགས”ཀྱི་ཆ་འགྲིག་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དོན་འཁྱོལ་བྱེད་པ་དང་། ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་བརྟན་བརླིང་ངང་སྐུལ་སྤེལ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་སྤྱོད་ས་འཕར་ཆག་གི་འབྲེལ་ལམ་འཛུགས་པའི་བྱ་བ་ཧུར་ཐག་གིས་སྤེལ་དགོས། རྫོང་ཁོངས་སུ་ཁོངས་ཡོངས་གྲོང་གསེབ་ཀྱི་བསྐྱུར་བཞག་སློབ་གྲྭའི་ཁང་པ་དང་། བཟོ་གཏེར་གྱི་བེད་མེད་ས་ཞིང་སོགས་ལ་ཕྱོགས་བསྡུས་སྒྲིག་བཅོས་བྱས་ཆོག་པ་དང་། གསོན་སྒྱུར་བྱས་པའི་འཛུགས་སྐྲུན་སྤྱོད་ས་གཙོ་བོར་གྲོང་གསེབ་ཀྱི་ཐོན་ལས་གསར་པའམ་ལས་རྣམ་གསར་པ་དང་ཕ་ཡུལ་དུ་ལོག་པའམ་གྲོང་གསེབ་ཏུ་བསྐྱོད་ནས་ལས་སྐྲུན་བྱེད་པའི་ཐད་བཀོལ་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་སྒྲིག་བཀོད་ཀྱི་སྤྱོད་སར་དོ་དམ་ནན་མོ་བྱེད་པ་དང་། “སྤྱིལ་ཁང་ཆེན་པོ”གཙང་སེལ་སྒྲིག་བཅོས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ས་ཞིང་བཤུག་སྤྲོད་བྱས་པའི་ཡོང་འབབ་ཀྱི་སྤྱོད་ཁོངས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཞིང་ལས་དང་ཞིང་སྡེ་ལ་མ་དངུལ་གཏོང་བའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། གཙོ་བོར་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་དང་། གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བཅས་ལ་སྤྱོད་དགོས། གསར་བསྣན་རྨོ་ཞིང་དམིགས་ཚད་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཛུགས་སྐྲུན་སྤྱོད་སའི་འཕར་ཆག་འབྲེལ་འཛུགས་ཀྱི་ལྷག་འཕྲོའི་དམིགས་ཚད་ཏན་ཏིག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞིང་ཆེན་ལས་བརྒལ་ཏེ་སྙོམ་སྒྲིག་སྒོས་སྤྱོད་པ་དང་། སྙོམ་སྒྲིག་བྱས་པའི་ཡོང་འབབ་ཡོད་ཚད་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ་སྤྱོད་དགོས།

(ཉེར་དྲུག)ཐུན་མོང་ཐོན་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། ཟི་ལིང་གི་གྲོང་ཁྱེར་ཧྲིལ་པོའི་ཚོད་ལྟའི་གནས་ལ་དམ་འཛིན་བྱེད་པ་དང་། ཐུན་མོང་གི་རྒྱུ་ནོར་གཙང་བཤེར་རྩིས་ཞིབ་དང་ཐུན་མོང་ཁོངས་མིའི་ཐོབ་ཐང་ངོས་འཛིན་བྱ་བ་ཡོངས་འགྲུབ་བྱས་ནས། ཐུན་མོང་བདག་གཉེར་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི་ཐུན་མོང་དཔལ་འབྱོར་གྱི་མངོན་འགྱུར་བྱེད་སྟངས་དང་འཁོར་སྐྱོད་ནང་རྐྱེན་གསར་བ་འཚོལ་ཞིབ་བྱས་ཏེ། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་བསྒྱུར་བ། ཞིང་བ་རྐང་བདག་ཏུ་བསྒྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་གི་དབང་ནུས་འཐུས་ཚང་དུ་བཏང་ནས། ཐུན་མོང་རྒྱུ་ནོར་གྱི་རྐང་དབང་གཏའ་མར་བཞག་ནས་དངུལ་བུན་ལེན་ཐབས་འཚོལ་ཞིབ་བྱེད་དགོས། སྲིད་གཞུང་གིས་དགོས་དངུལ་སྤྲོད་པ་དང་། དཔྱ་ཁྲལ་རྩ་ཆག་གཏོང་བ་སོགས་ལས་བྱུང་བའི་རྒྱུ་ནོར་དག་ཐུན་མོང་དཔལ་འབྱོར་ལ་དབང་བར་མ་ཟད། ཐུན་མོང་ཁོངས་མིའི་མ་རྐང་དུ་ཚད་འབེབས་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། རོང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས། ཞིང་སྡེའི་ཐོན་དབང་བསྒྱུར་བཤུག་ཉོ་འཚོང་ཁྲོམ་རའི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཞིང་སྡེའི་ཐོན་དབང་སྣ་ཚོགས་ཀུན་གསལ་དང་ཚད་ལྡན་སྒོས་བསྒྱུར་བཤུག་ཉོ་འཚོང་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་བཅའ་ཁྲིམས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་དགོས།

(ཉེར་བདུན)ཞིང་ལས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་སོ་སོ་གཏིང་ཟབ་དུ་སྤེལ་དགོས། དངུལ་རྩས“ཞིང་གསུམ”ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། རྫོང་ཁོངས་ཀྱི་གསར་བསྣན་བུན་གཏོང་དེ་གཙོ་བོར་གྲོང་གསེབ་དར་སྤེལ་ཐད་ལ་བཀོལ་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ་ལས་བསྡུར་ཚད་ངེས་ཅན་ཞིག་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་དང་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་སུ་བཀོལ་བར་བཀོད་སྒྲིག་བྱེད་དགོས། ཞིང་སྡེའི་ཚོང་ལས་དངུལ་ཁང་དང་ཞིང་སྡེའི་ཡིད་རྟོན་དངུལ་ཁང་རྣམས་རིམ་བཞིན་གདོད་མའི་ངོ་བོ་སླར་གསོ་བྱེད་པར་སྐུལ་འདེད་བྱས་ཏེ། ས་གནས་ཀྱི“ཞིང་གསུམ”ལ་ཞབས་ཞུ་སྒྲུབ་དགོས། རྫོང་ཁོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས“ཞིང་གསུམ”ལ་ཞབས་ཞུ་སྒྲུབ་པར་སྐུལ་འདེད་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་བཙུགས་ནས། ཀུན་ཕན་རང་བཞིན་གྱི་ཞིང་འབྲེལ་དངུལ་བུན་འཕར་ཚད་དེ་སྤྱིའི་ཆ་ནས་དངུལ་བུན་རིགས་གཞན་དག་གི་ཆ་སྙོམས་འཕར་ཚད་ལས་མཐོ་བ་མངོན་འགྱུར་བྱེད་དགོས། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བ་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་ཏེ། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་ཁོངས་འགྲམ་ངོགས་ཀྱི་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་བསྐྱར་གསོ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་འགན་སྙོམ་སྒྲིག་དང་དོན་འཁྱོལ་ལེགས་པོ་བྱེད་དགོས། ཆུ་བེད་ཀྱི་དངུལ་གཏོང་དངུལ་བསྡུའི་སྒྲིག་སྲོལ་ནང་རྐྱེན་ཧུར་ཐག་གིས་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་ཆུ་བེད་འཛུགས་སྐྲུན་དང་ཚོང་གཉེར་ནང་ཞུགས་པར་ཚུར་འགུགས་བྱེད་དགོས། ཞིང་ལས་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་དང་བཞུར་ཆུའི་ཐོན་དབང་ངོས་འཛིན་གྱི་ཚོད་ལྟའི་གནས་ལ་གཅིག་འདོམས་ངང་སྐུལ་འདེད་གཏོང་དགོས། ཆུ་བེད་བཟོ་སྐྲུན་ཆུང་གྲས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ལ“ཕྱིར་མིག་ལྟ་བའི”བྱ་འགུལ་སྤེལ་དགོས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གནས་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་བདག་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཐུན་མོང་ནགས་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་མ་རྩས་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ནགས་ར། མ་རྐང་མཉམ་ལས་ནགས་ར་སོགས་རྒྱུ་མང་ཅན་དང་རིགས་སྣ་མང་པོའི་ནགས་ལས་བདག་གཉེར་གཙོ་གཞི་འཛུགས་གཉེར་བྱེད་པར་སྐུལ་མ་གཏོང་དགོས། ནགས་ལས་ཀྱི་དངུལ་གཏོང་དངུལ་བསྡུའི་བཅོས་བསྒྱུར་ཟབ་སྤེལ་བྱས་ནས། རྒྱུ་མང་ཅན་གྱི་ནགས་ལས་དངུལ་གཏོང་ལས་སྟེགས་བསྐྲུན་དགོས། མཁོ་འཚོང་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཚོད་ལྟའི་གནས་ཀྱི་ཉམས་མྱོང་གི་དཔེ་སྟོན་དང་ཁྱབ་གདལ་གཏོང་བྱའི་བྱ་བ་དམ་འཛིན་བྱེད་པ་དང་། གཞི་རིམ་རྩ་འཛུགས་མ་ལག་དང་བདག་གཉེར་དྲ་རྒྱའི་མ་ལག སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་རོང་འབྲོག་པའི་མཉམ་ལས་ཁང་ལ་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་བྱས་ནས། འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཞབས་ཞུའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞིང་ཕྱུགས་ར་བ་ཁེ་ལས་ཅན་དུ་སྒྱུར་བ་དང་གསར་སྦོལ་ཁུལ་ཚོགས་པ་ཅན་དུ་སྒྱུར་བ་ནང་དོན་གཙོ་བོ་ཡིན་པའི་ས་རྒོད་གསར་སྦོལ་བཅོས་བསྒྱུར་མུ་མཐུད་དུ་སྐུལ་སྤེལ་བྱེད་དགོས། གནམ་གཤིས་བརྟག་འཇལ་རང་འགུལ་ཅན་དུ་སྒྱུར་བའི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

(ཉེར་བརྒྱད)ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། “ཞིང་གསུམ”ཐད་ཀྱི་མ་དངུལ་གཏོང་འཇོག་དམིགས་སུ་བཟུང་ནས་འགན་སྲུང་བྱེད་ཅིང་། ཞིང་ལས་དང་ཞིང་སྡེ་ནི་ནོར་སྲིད་ཀྱིས་དམིགས་སུ་བཟུང་ནས་འགན་སྲུང་བྱེད་པའི་ཁྱབ་ཁོངས་དང་དངུལ་རྩས་དམིགས་སུ་བཟུང་ནས་ཞབས་ཞུ་སྒྲུབ་པའི་ཁྱབ་ཁོངས་སུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་ནོར་སྲིད་ཀྱི་སྟོབས་ཤུགས་སྔར་ལས་ལྷག་པར“ཞིང་གསུམ”ཐད་ལ་གསེག་གཞོལ་བྱེད་དགོས། སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་གསབ་དངུལ་གསར་པའི་སྲིད་ཇུས་མ་ལག་གང་མགྱོགས་སྒོས་འཛུགས་སྐྱོང་བྱེད་དགོས། རོང་འབྲོག་ཁུལ་གྱི་དངུལ་རྩའི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་ཀུན་ཕན་དངུལ་རྩ་འཕེལ་རྒྱས་སུ་གཏོང་བ་དང་། ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ཁང་སའི་བེད་སྤྱོད་དབང་ཆ་གཏའ་མར་བཞག་སྟེ་དངུལ་བུན་ལེན་པ་སྐུལ་སྤེལ་བྱེད་དགོས། དངུལ་ཁང་ལས་རིགས་ཀྱི་ལས་ཁུངས་དག་གིས“ཞིང་གསུམ”ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་སྡེ་དང་ཞིང་བ་ཁྱིམ་ཚང་གི་དངུལ་ཚད་ཉུང་བའི་ཡིད་རྟོན་དངུལ་བུན་སྐུལ་སྤེལ་བྱས་ཏེ། ཁྱབ་རྒྱ་ཇེ་ཆེར་གཏོང་དགོས། སྤོ་འགུལ་དངུལ་རྩ་སོགས་ཚན་རྩལ་ཐབས་ཤེས་བཀོལ་སྤྱོད་གང་ལེགས་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་གྲོང་གསེབ་ཏུ་ཞབས་ཞུ་རྒྱ་བསྐྱེད་པར་སྣེ་འཁྲིད་དགོས། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། འགན་ལེན་འགྲོ་སོང་གི་གསབ་དངུལ་དང་སྐྱེད་ཀ་སྟེར་བའི་སྲིད་ཇུས་ལ་བརྟེན་ནས། དངུལ་བུན་འགན་ལས་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་འདོན་པར་སྐུལ་མ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་འགན་བཅོལ་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་འགན་བཅོལ་ཐོན་རྫས་ཀྱི་རིགས་སྣ་དང་འགན་བཅོལ་ཁྱབ་ཁོངས་ཆེ་རུ་བཏང་ནས། ཞིང་པའི་ཁང་པ་དང་ཞིང་ལས་འཕྲུལ་ཆས། རོང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་རྒྱུ་ནོར་འགན་བཅོལ་སོགས་ཞིང་འབྲེལ་འགན་བཅོལ་གྱི་ལས་སྒོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། རོང་འབྲོག་ཁུལ་གྱི་དངུལ་ཚད་ཉུང་བའི་ཡིད་རྟོན་དངུལ་བུན་ཁག་ཐེག་དང་འགན་བཅོལ་བྱེད་པའི་ཚོད་ལྟའི་གནས་སྤེལ་བ་དང་། གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ནང་རྐྱེན་འཛུགས་པར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་བའི་དངུལ་གཏོང་ཐེབས་རྩ་རིགས་མི་འདྲ་བ་འཛུགས་པར་འཚོལ་ཞིབ་བྱེད་དགོས། མ་རྩའི་ཁྲོམ་ར་ཧུར་ཐག་གིས་བེད་སྤྱད་ནས། ཞིང་ཕྱུགས་ཁེ་ལས་ཀྱི་དངུལ་བསྡུའི་ཐབས་ལམ་ཇེ་ཡངས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དངུལ་བསྡུའི་མ་གནས་ཇེ་དམའ་རུ་གཏོང་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་དང་དངུལ་རྩ་བསླུ་ལེན་ལ་རྡུང་རྡེག་བཏང་ནས། དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།