ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ཅིས་ཀྱང་རྒྱལ་ཁ་ལེན་དགོས།
2019.06.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 70

   མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ཉེ་ལམ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་བཅའ་སྡོད་བྱས་ནས་ནག་འཇོམས་ངན་སེལ་ལ་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་གིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས། ཤུགས་ཆེན་པོས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བྱ་བར་གཞོགས་འདེགས་ལེགས་པོ་བྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ཐེངས་འདིའི་ཆེད་དོན་འཐབ་རྩོད་ལ་ཅིས་ཀྱང་རྒྱལ་ཁ་ལེན་དགོས།

རྒྱལ་ཁབ་བདེ་འཇགས་ཡིན་ན་ད་གཟོད་རྒྱལ་ཁབ་སྐྱོང་ཐུབ་ལ། རྒྱལ་ཁབ་སྐྱོང་ན་ངེས་པར་དུ་སྔོན་ལ་བདེ་འཇགས་བཅོས་སྐྱོང་བྱེད་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པའི་གནད་འགག་གི་དུས་སྐབས་སུ་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་རག་ལས་པ་དང་། བློ་ཕྱོགས་གཏད་མིན་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་ལ་རག་ལས་པ། རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་རླབས་ཆེན་གྱི་བཟོ་སྐྲུན་འཇུགས་སྐྲུན། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་རག་ལས་ཡོད།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་ཡོང་ནས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བ་དེས། ཏང་ཀྲུང་དབྱང་གིས་ཆེད་དོན་འཐབ་རྩོད་སྐུལ་སྤེལ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་ལ།  ཆབ་སྲིད་ཀྱི་ལངས་གནས་དང་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གནད་དོན་གྱི་གཏིང་སྔོག་ནས་རྩད་གཅོད་མཐར་ཕྱིན་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དང་འགོ་ཁྲིད་རྩ་འཛུགས་སོགས་དཀྱིལ་སྙིང་དུ་བཟུང་ནས། གནད་དོན་ཁ་ཕྱོགས་དང་གནད་དོན་རྩད་ཆོད་པ། གནད་དོན་དམིགས་སར་འཛིན་པ། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ལྟ་སྐུལ་གྱི་ཞོར་དུ་བཅོས་སྒྱུར་བྱས་ཏེ། མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་ས་ནས་ཟབ་སར་སྤེལ་པ་ནི། ང་ཚོའི་བྱ་བར་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་ཤིག་དང་བརྟག་དཔྱད་གསོ་བཅོས་ཐེངས་ཤིག་བྱས་པ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བྱ་བ་རང་རྟོགས་སྒོས་དང་ལེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པར་མ་ཟད། བྱ་བ་འདི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་དངོས་ཡོད་ཚད་ལེན་ལྟ་བུར་བརྩི་དགོས་ཤིང་། ཆེད་དོན་འཐབ་རྩོད་འདི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས་འཆར་འགོད་སྐུལ་འདེད་གཏོང་བ་དང་། ངན་ནག་སྟོབས་ཤུགས་གཙང་སེལ་བྱས་ཏེ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བསྐྲུན་པ་དང་། ཆབ་སྲིད་ཀྱི་འཚོ་བ་ཇེ་གཙང་དུ་གཏོང་བ། ཏང་སེམས་དང་དམངས་སེམས་ལོན་པར་བྱས་ནས། སྲིད་སྐྱོང་གི་རྩ་བ་སྲ་བརྟན་དུ་གཏང་དགོས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་མཁྲེགས་གཏོར་འཐབ་རྩོད་ཐེངས་ཤིག་ཡིན་ལ། ཡུན་རིང་གི་འཐབ་རྩོད་ཐེངས་ཤིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ཕ་བོང་ལྟར་བརྟན་པའི་ཆོད་སེམས་གྱིས་ཁྲིམས་སྐྱོང་གི་དབང་ཟིལ་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་ངན་ནག་སྟོབས་ཤུགས་དང་འཐབ་རྩོད་བྱེད་པའི་ཡིད་ཆེས་སྐུལ་སློང་བྱེད་པ། ཐོག་མཐའ་བར་གསུམ་དུ་ནག་འཇོམས་ངན་སེལ་གྱི་མཐོ་གནོན་རྣམ་པ་སྲུང་འཛིན་བྱས་ཏེ། དམིགས་ཡུལ་མ་འགྲུབ་བར་དུ་གཏན་ནས་མཚམས་མི་འཇོག་པ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ནག་ཚོགས་དང་སྲོལ་ངན་ལ་གཏོགས་པའི་གནད་དོན་བཅོས་སྐྱོང་བྱེད་པ་ནུས་ལྡན་མིན་པ་དང་། མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་མི་འདང་བ་དང་མཁྲེགས་གཏོར་བྱེད་ཐུབ་མེད་པའི་གནད་སའི་ས་ཁུལ་གཙོ་བོ་དང་གྱོད་གཞི་གཙོ་བོ། གནད་དོན་གཙོ་བོ་བཅས་ལ་གཅིག་བསྡུས་ཀྱིས་མཁྲེགས་གཏོར་བྱེད་དགོས་ལ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་སྐབས་མཐོང་ཆེན་བྱེད་པ་མི་འདང་བ་དང་། བྱ་བ་ནུས་ལྡན་མིན་པ། ཕན་འབྲས་མི་མཐོ་བ་བཅས་ཀྱི་ས་ཁུལ་དང་སྡེ་ཁག་ལ་འབྲེལ་ཡོད་གཏན་འཁེལ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་། བྱ་བའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་དགོས། རྩད་ཆོད་པའི་གྱོད་གཞིར་ཁུངས་སྣེ་ལྟར་གཏིང་སྔོག་བྱས་ཏེ། ངན་ནག་སྟོབས་ཤུགས་ཀྱི་འབྱུང་ཁུངས་རྩ་བ་ནས་མེད་པར་བཟོ་དགོས།

མུ་མཐུད་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ནི། ངན་ནག་སྟོབས་ཤུགས་ཀྱི་འབྱུང་ཁུངས་མེད་པར་བཟོ་བའི་ཕུགས་བཅོས་སྲིད་ཇུས་དང་གནད་འགག་གི་བྱེད་ཐབས་ཡིན། དུས་མཚུངས་སུ། མུ་མཐུད་དུ་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་དང་། མང་ཚོགས་དང་དམ་དུ་འབྲེལ་བ། མང་ཚོགས་ཀྱི་དཀའ་སྡུག་གཏིང་ཟབ་ཏུ་རྟོག་ཞིབ་རྒྱུས་ལོན་བཅས་བྱེད་དགོས་པར་མ་ཟད། གོ་རིམ་ཁྲོད་མི་དམངས་ཟབ་ཞུགས་དང་ཕན་འབྲས་ལ་མི་དམངས་ཀྱིས་གདེང་འཇོག་བྱེད་པ།  གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་མངོན་འགྱུར་བྱེད་དགོས། མུ་མཐུད་དུ་ཕྱོགས་བསྡུས་བཅོས་སྐྱོང་དང་མཉམ་དུ་དོ་དམ་དམ་འཛིན། གོང་འོག་མཉམ་འགུལ། སྡེ་ཁག་མཉམ་འགུལ། ཐོན་ཁུངས་ཧྲིལ་བསྡུས། ཐབས་མང་མཉམ་འདོན་བཅས་རྒྱུན་འཁྱོངས་བྱས་ཏེ། སྡོམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། མུ་མཐུད་དུ་ཁྲིམས་ལྟར་ཉེས་ཆད་དྲག་པོ་བཅད་ནས་སྔ་མོ་ནས་རྡུང་རྡེག་དང་ཆུང་ཕྱོགས་ནས་རྡུང་རྡེག་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འབད་བརྩོན་སྒོས་མགོ་འབུས་དུས་ནས་གཙང་སེལ་བྱས་ནས། སྟོབས་ཤུགས་ཇེ་ཆེར་འགྱུར་བར་འགོག་སྲུང་བྱེད་དགོས། མུ་མཐུད་དུ་རྩ་ལག་མཉམ་བཅོས་དང་མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ངན་ནག་སྟོབས་ཤུགས་ཀྱི་ནག་ཉེས་ལ་རྡུང་རྡེག་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་གཞི་རིམ་དཔོན་ངན་ལ་རྡུང་རྡེག་གཏོང་བ་བཅས་ཟུང་འབྲེལ་དམ་པོ་བྱས་ནས། ཁུངས་སྣེ་གཏིང་སྔོག་དང་ཉེས་འཇོམས་འགེབ་གཏོར། ངན་ནག་སྟོབས་ཤུགས་ཀྱི་འབྱུང་ཁུངས་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ཚད་ལྡན་གྱི་རྒྱུགས་གཞི་ཞིག་སྤྲོད་དགོས།

ནག་ཚོགས་ངེས་པར་དུ་འཇོམས་པ་དང་། ངན་པ་རྩ་མེད་དུ་གཏོང་དགོས། ང་ཚོས་ལྟ་སྐུལ་མཛུབ་སྟོན་སྟོབས་ཤུགས་ལ་བརྟེན་པ་དང་། ནག་འཇོམས་ཀྱི་དབང་ཟིལ་འཛུགས་པ། ངན་སེལ་གྱི་རལ་གྲི་འཕྱར་ཏེ། རྣམ་འགྱུར་བརྟན་པོ་དང་ནུས་ལྡན་གྱི་བྱེད་ཐབས།  གཟན་ནན་གྱི་སྒྲིག་ཁྲིམས།  ཏན་ཏིག་གི་བྱ་སྤྱོད་བཅས་ཀྱིས་ཆེད་དོན་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ་དང་། གཞུང་སེམས་རྣམ་དག་གིས་ངན་ནག་སྟོབས་ཤུགས་གཙང་ཕྱགས་བྱས་ཏེ།  རིགས་སོ་སོའི་མི་དམངས་ལ་བརྟན་འཇགས་དང་གོ་རིམ་ལྡན་པ། སྤྱོད་གཙང་སྲོལ་བཟང་གི་ཁོར་ཡུག་ཁྲོད་ནས་ཐོབ་སྣང་གི་ཚོར་བ་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་དེ་བས་མང་པོ་ཐོབ་པར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པར་བདེ་འཇགས་དང་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པར་ཁག་ཐེག་བྱེད་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།