དམངས་ཀྱི་འདོད་བློ། སྲིད་ཀྱི་བྱེད་ཕྱོགས། དམངས་ཀྱི་ཞེ་འཁོན། ཆམ་ཕབ་དྲག་པོ།
2019.06.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 49

མཚོ་སྔོན་ཞིང་ཆེན་གྱི3.20གྱི་ནག་ཚོགས་ཆེད་དོན་གྱོད་གཞི་མྱུལ་ཞིབ་བྱས་པའི་དངོས་བྲིས།

“རང་ཁྲིམས་རས་ཉེས་ཅན་ལ་ཁྲིམས་ཐག་བཅད་པའི་མཇུག་དོན་ཁྱབ་བསྒྲགས་བྱ་རྒྱུ།”

“ཞུ་སྦྱོར་ཕྱི་མ་ཞེ་ཆེ་གེ་མོ་ལ་ནག་ཚོགས་རྩ་འཛུགས་དང་འགོ་ཁྲིད་བྱས་པའི་ནག་ཚོགས་ངོ་བོའི་རྩ་འཛུགས་ཀྱི་ནག་ཉེས་ཡོད་པས། ལོ་ཉི་ཤུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་དང་། ནག་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱས་རྗེས་ཞེ་ཆེ་གེ་མོ་ལ་ལོ་ཉེར་ལྔའི་དུས་བཅད་བཙོན་འཇུག་གི་ཁྲིམས་ཆད་ཐག་བཅད་ལག་བསྟར་བྱེད་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོད་ཚད་གཞུང་བཞེས་བྱེད་རྒྱུ་དང་། ལོ་གསུམ་གྱི་ཆབ་སྲིད་ཁེ་དབང་བླངས།”  “ཞུ་སྦྱོར་ཕྱི་མ་ཁུང་ཆེ་གེ་མོ་ལ་ནག་ཚོགས་རྩ་འཛུགས་དང་མགོ་ཁྲིད་བྱས་པའི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་ནག་ཉེས་ཡོད་པས།ལོ་ཉེར་གཅིག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་པ་དང་། ནག་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱས་རྗེས་ཁུང་ཆེ་གེ་མོར་ལོ་ཉེར་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཐག་བཅད་ལག་བསྟར་བྱེད་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོད་ཚད་གཞུང་བཞེས་བྱེད་རྒྱུ་དང་། ལོ་གསུམ་གྱི་ཆབ་སྲིད་ཁེ་དབང་བླངས།”

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་གྱོད་གཞི་ཐོག་མའི་འདྲི་གཅོད་དང་པོས་ཉེས་ཅན་ལ་ཁྲིམས་ཐག་བཅད་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས། དྲང་བདེན་གྱི་རྒྱལ་ཁྲིམས་འོག་ཏུ་ཞེ་ཆེ་གེ་མོ་དང་ཁུང་ག་གེ་མོ་གཉིས་གཏེ་བོ་ཡིན་པའི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་དེ་ལ་ཁྲིམས་ཆད་ནན་མོ་བཅད་པ་དང་། གནས་ཚུལ་དེ་བསྒྲགས་རྗེས་ས་གནས་མང་ཚོགས་ཀྱིས་གཏམ་བཟང་ཞིག་གི་ཚུལ་ཏུ་ཕན་ཚུན་ལ་བརྒྱུད་སྒྲོག་བྱས་པར་མ་ཟད། ལག་གཉིས་ཐལ་མོ་སྦྱར་ཏེ་བསྟོད་པའི་མཐེ་བོང་བསྒྲེངས།

ཞུ་སྦྱོར་ཕྱི་མ་མི་ཉེར་དགུ་དང་ཉེས་མིང་རིགས་བཅུ་བཞི། ཉེས་བསགས་དོན་དངོས་རེ་དྲུག  ཁྲིམས་འགལ་དོན་དངོས་ལྔ་བཟོས་པ་སོགས་ཀྱི་གྱོད་གཞི་འདི་རྩ་བ་སློགས་ཤིང་རྩེ་མོ་བཅད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དུ་བྱུང་བའི་གྱོད་གཞིའི་ཚབ་རྟགས3.20ཅན་གྱི་ཆེད་དོན་གྱོད་གཞི་དེ་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་བཀོད་སྒྲིག་བྱས་འོག རིམ་པ་སོ་སོའི་སྤྱི་བདེ་སྡེ་ཁག་གིས་ཟླ་ངོ་དུ་མའི་རིང་ལ་དཀའ་སྤྱད་ཀྱིས་མྱུལ་ཞིབ་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཉིས་མཉམ་གཅིག་ཏུ་ཆེད་དོན་ཚན་ཁག་ཏུ་བཅའ་སྡོད་བྱས་ཏེ། གྱོད་གཞི་དེར་འབྲེལ་བའི་མི་སྣའི་ལས་ཐོག་ནག་ཉེས་གནས་ཚུལ་རྩད་ཆོད་མཐའ་གསལ་བྱས་པ་དང་། ཞིབ་དཔྱོད་སྡེ་ཁག་སྔ་མོ་ནས་གྱོད་གཞིའི་ནང་ཞུགས་ཏེ་མྱུལ་ཞིབ་བྱས་ནས་བདེན་དཔང་ལེན་པར་མཛུབ་སྟོན་དང་སྣེ་ཁྲིད་བྱས་པར་མ་ཟད། རིམ་པ་སོ་སོའི་ཞིབ་དཔྱོད་སྡེ་ཁག་གིས་ཉིན་ཞེ་བརྒྱད་རིང་ལ་གཉིད་བཅགས་ཟས་བརྗེད་སྒོས་ཞིབ་བཤེར་ནན་མོ་བྱས་པ་དང་། མི་དམངས་ཁྲིམས་ཁང་གིས་ཉིན་བདུན་ཅུ་ལྷག་གི་རིང་ལ་འདྲི་གཅོད་བྱས་པ་སོགས་ཕྱོགས་མང་པོའི་ཐུན་མོང་གིས་འབད་བརྩོན་དང་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འཐབ་བྱས་མཐར། ས་ཕྱར་ན་རྡོ་ལྷང་ལ་འབུད་ཞེས་པའི་དཔེ་ལྟར་གྱོད་གཞི་དེའི་གནས་ཚུལ་ངོ་མ་གསལ་བོར་མངོན་བྱུང་།

 བསམ་སྦྱོར་ངན་པས་ས་གནས་མང་ཚོགས་ལ་གནོད་འཚེ་བཏང་། 

ནག་ཚོགས་ཀྱི་གཏེ་བོ་ཡིན་བཞིན་དུ། ཚོང་བ་ཆེན་མོའི་རྟུལ་ཞུགས་བཟུང་སྟེ། དུས་ཡུན་རིང་བོར་ས་གནས་མང་ཚོགས་ལ་བཙན་གནོན་བྱས་ཀྱང་ཁྲིམས་ལ་མི་སྦྱོར་བར། སྤྱི་པའི་དབང་ཆ་ནོར་གྱིས་བསླུས་ཏེ་མི་ངན་འགེབ་པའི་སྤྱིལ་བུར་གྱུར། ཚོང་ལ་བརྟེན་ནས་ནག་ཚོང་གསོས་ཤིང་། ནག་ཚོགས་ལ་བརྟེན་ནས་ཚོང་ལས་སྤེལ། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་མི་སྣ་ཡིས་ཁུང་ཆེ་གེ་མོས་སྐྱེད་ཀ་མཐོ་བའི་དངུལ་བུན་བསྐྱི་བའི་གྱོད་དོན་དང་ལེན་བྱེད་སྐབས། ཁུང་ཆེ་གེ་མོ་མགོ་བ་ཡིན་པའི་ཁྲིམས་འགལ་ཚོགས་པ་དེ་མིན་ཡོན་རྫོང་དང་དེའི་ཉེ་འཁོར་དུ་རྒྱུན་སྡོད་བྱས་ཡོད་ཅིང་། རྒྱན་འཇོག་ཁང་ཕྱེས་པར་བརྟེན་ནས་སྐྱེད་ཀ་མཐོ་བའི་སྒོར་མོ་བསྐྱི་བ་སོགས་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ་བརྒྱུད་དཔལ་འབྱོར་གྱི་ཁེ་སྤོགས་མང་པོ་ལེན་བཞིན་ཡོད་པ་དང་། སྤྱི་ཚོགས་སྟེང་གི་འཁྱམ་པོ་དང་ས་གནས་ཁེ་ལས་ཀྱི་སྦྱིན་བདག  རྒྱལ་ཁབ་ཀྱི་གཞུང་ཞབས་པ་སོགས་མི་མང་པོ་ཞིག་དེའི་ནང་དུ་འདུས་ཡོད་པ་ཤེས།

གྱོད་དོན་དེར་སྤྱི་ཚོགས་སྟེང་ཤན་ཤུགས་ཆེ་ཞིང་གྱོད་དོན་གྱི་གནས་ཚུལ་རྙོག་འཛིང་ཆེ་བ། ངོ་བོ་ངན་པ། བདེན་དཔང་འཚོལ་དཀའ་བ་བཅས་ལ་གཞིགས་ནས། ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན། མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་གྱོད་དོན་དེ་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ནག་འཇོམས་གཞུང་སྒྲུབ་ཁང་ལ་སྤྲད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་མཐོང་ཆེན་བྱས་ནས། ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྣེ་ཁྲིད་དེ 3.20 གྱོད་གཞིའི་ཆེད་དོན་ཚན་ཁག་བཙུགས།

ཞིང་ཆེན་སྤྱི་བདེ་ཐིན་གྱིས་དེ་མ་ཐག་ཐིན་ལས་ཁུངས་དང་ཁུལ་རིམ་པའི་སྤྱི་བདེ་ལས་ཁུངས་ནས་ཉེན་རྟོག་པ་བཞི་བཅུ་བདམས་ནས་ཁུང་ཆེ་གེ་མོའི་རྩ་འཛུགས་དང་མགོ་ཁྲིད། ནག་ཚོགས་ཀྱི་རང་བཞིན་ལྡན་པའི་རྩ་འཛུགས་ནང་ཞུགས་པའི་ཁྲིམས་འགལ་གྱོད་དོན་ལ་མྱུལ་ཞིབ་བྱས།

ཞིང་ཆེན་སྒྲིག་ཁྲིམས་ཞེབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱོད་ཚན་ཁག་གྱོད་གཞིའི་ཆེད་དོན་ཚན་ཁག་དུ་བཅའ་སྡོད་བྱས་ཏེ་རྒྱུས་ལོན་བྱས་པ་བརྒྱུད་ནས་གྱོད་འབྲེལ་མི་སྣའི་གོ་གནས་ལ་བརྟེན་ནས་ཁྲིམས་འགལ་ཉེས་བསགས་ཀྱི་དོན་དངོས་རྩད་ཆོད་པར་མ་ཟད། རྟོག་ཞིབ་བྱས་པ་བརྒྱུད་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་དང་རྩ་འཛུགས་དེའི་ཁྲིམས་འགལ་དོགས་ཡོད་མི་སྣའི་བར་གྱི་མ་དངུལ་གྱི་འགྲོ་འོང་དང་། ཁེ་ཕན་ལེན་པ་སོགས་ཚོང་དཔོན་ངན་འབྲེལ་བྱས་པའི་ཁྲིམས་འགལ་དོན་དངོས་རྩད་ཆོད།

ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་སྔོན་དུ་བར་འཇུག་བྱས་པ་དང་སྤྱི་བདེ་ལས་ཁུངས་དང་འབྲེལ་འདྲིས་བྱས་ནས་ཆ་འཕྲིན་གྱི་འབྲེལ་ལམ་བཙུགས་པ་དང་། ཚབས་ཆེ་བ་དང་རྙོག་འཛིང་ཆེ་བའི་ནག་ཚོགས་དང་འབྲེལ་བའི་གྱོད་དོན་ལ་དུས་ཐོག་ཏུ་རྐང་འཛིན་མི་སྣ་སྔོན་ལ་བར་འཇུག་བྱེད་པ་དང་། མྱུལ་ཞིབ་དང་བདེན་དཔང་ལེན་པར་སྣེ་ཁྲིད་པ་བཅས་བྱས་ནས་རྡུང་རྡེག་བྱེད་པའི་ཕན་འབྲས་ལ་འགན་སྲུང་བྱས།

དེ་དང་མཉམ་དུ། མྱུལ་ཞིབ་བྱེད་པའི་ཁྲོད་དུ་རྒྱལ་ཁབ་ཀྱི་གནས་སྤོར་ཁ་གསབ་རོགས་དངུལ་ལྐོག་ལེན་བྱས་པའི་དོགས་ཡོད་གྱོད་དོན་ཞིག་རྩད་ཆོད་པ་དང་། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་མགོ་ཁྲིད་ཚན་ཆུང་ལ་ཡར་ཞུ་བྱས་ནས་ཡིད་འཐད་བྱུང་བ་བརྒྱུད།  ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རམ་འདེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིང་ཨུ་ཡོན་ལྷན་ཁང་། སྤྱི་བདེ། ཞིབ་དཔྱོད་ལས་ཁུངས་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། སྡོད་ཁང་འཛུགས་སྐྲུན། ཚོང་འགུག་དང་སྡོམ་རྩིས་སོགས་སྡེ་ཁག་ནས་ཆེད་ལས་མི་སྣ་བཞི་བཅུ་ལྷག་བདམས་ནས། སྔར་ཡོད་ཀྱི 3.20 གྱོད་གཞིའི་ཆེད་དོན་ཚན་ཁག་གི་རྨང་གཞིའི་སྟེང་5.30 གྱོད་གཞིའི་ཆེད་དོན་ཚན་ཁག་བཙུགས་ནས་གཅིག་བསྡུས་སྒོས་གྱོད་དོན་སྒྲུབ་པ་ལག་བསྟར་བྱས།

ཆེད་དོན་ཚན་ཁག་གིས་ཐོག་མར་མྱུལ་ཞིབ་བྱས་པ་བརྒྱུད་ནས་ཞེ་ཆེ་གེ་མོ་དང་ཁུང་ཆེ་གེ་མོ་གཉིས་མགོ་བ་ཡིན་པའི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱིས་ཁྲིམས་དང་མི་མཐུན་པའི་ཁེ་ཕན་རེག་པར་མིན་ཡོན་རྫོང་གི་སྤྱི་ཚོགས་སྟེང་གི་མི་སྣའི་ཁྲོད་དུ་ཅུང་གཏན་འཇགས་ཀྱི་ཁྲིམས་འགལ་རྩ་འཛུགས་བཙུགས་པ་དང་། འགེབ་སྲུང་མི་སྣས་འགེབ་སྲུང་འོག་ཏུ། དུས་ཡུན་རིང་བོར་མིན་ཡོན་དང་ཟི་ལིང་སོགས་ས་ཁུལ་དུ་རྒྱན་འཇོག་ཁང་ཕྱེས་པ་དང་། སྐབས་བསྟུན་ཁེ་གཉེར་དང་ཁྲིམས་འགལ་གྱི་སྐྱེད་ཀ་མཐོ་བའི་དངུན་བུན་བསྐྱིས་པར་མ་ཟད་བཙན་ཤེད་ཀྱིས་ལོག་འདེད་བྱེད་ཀྱིན་ཡོད། ཆེད་དོན་ཚན་ཁག་གིས་རྟོག་ཞིབ་བྱས་པ་བརྒྱུད་རྩ་འཛུགས་དེས་ཐེངས་མང་པོར་བསམ་བཞིན་དུ་གཞན་ལ་རྨས་སྐྱོན་བཟོ་བ་དང་ལྐོག་མཐུན་འོས་སྐུལ། ཁྲིམས་འགལ་གྱིས་གཏེར་ཁ་སྔོག་པ་སོགས་ཁྲིམས་འགལ་གྱི་ཉེས་པ་བསགས་ཡོད་པས་མང་ཚོགས་མང་པོ་ཞིག་ལ་གནོད་འཚེ་བཟོས་པ་དང་། ཁྲིམས་འགལ་གྱི་སྒོ་ནས་ཁེ་སྤོགས་ཆེན་པོ་ལེན་བཞིན་ཡོད། ཆེད་དོན་རུ་ཁག་གིས་རྟོག་ཞིབ་བྱེད་པའི་ཁྲོད་དུ་བསྡོམས་པས་གྱོད་གཞི་དང་འབྲེལ་བ་ཡོད་པའི་རླངས་འཁོར་ཞིག་དང་། ཁང་བདག་ཞིག མ་དངུལ་སོགས་ནོར་རྫས་ཁྱོན་བསྡོམས་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་འབུམ་བཞི་བཀག་ཉར་བྱས། ཞེ་ཆེ་གེ་མོ་དང་ཁུང་ཆེ་གེ་མོ་བཅས་གཙོ་བྱས་པའི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱིས་མིན་ཡོན་རྫོང་དུ་ཕ་རོལ་པར་བཙན་སྐུལ་བྱས་ཏེ་ནག་ཚོགས་སྟོབས་ཤུགས་ངོམས་པ་དང་། རྒྱབ་རྩ་བརྟན་པས་གང་ལའང་མི་སྐྲག་པའི་བྱ་སྤྱོད་དེས་ས་གནས་མང་ཚོགས་ཀྱི་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་དང་སྲིད་གཞུང་གི་སྤྱི་བའི་མཚན་སྙན་ལ་གནོད་པ་བཟོས་ཤིང་། ས་གནས་མང་ཚོགས་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་པ་དང་སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས།  

རྒྱལ་ཁྲིམས་རྣོ་དབལ་རལ་གྲིས་གཤེད་མ་ཚར་དུ་བཅད།

དམངས་ཀྱི་ཞེ་འཁོན་རལ་གྲིའི་སོ་ཁ་ཕྱོགས།  གྱོད་གཞི་འདི་ནི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ནག་ཚོགས་ཀྱི་རང་བཞིན་ལྡན་པའི་རྩ་འཛུགས་ཀྱིས་ནག་ཉེས་བསགས་པའི་གྱོད་གཞི་ཐོག་མ་རེད། སྤྱི་བདེ་པུའུ་དང་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་ལྟ་སྐུལ་མཛུབ་སྟོན་བྱས་པའི་གྱོད་གཞི་ཞིག་ཀྱང་རེད།  ཆེད་དོན་རུ་ཁག་གིས་སྔ་རྗེས་སུ་ཞིན་ཅང་དང་ནང་སོག ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་བཅས་ཞིང་ཆེན་བཅུ་ལྷག་དང་། གྲོང་ཁྱེར། ཆུའུ་བཅས་སུ་མི་སྣ་མང་པོ་མངགས་ནས། རྟོག་ཞིབ་དང་བདེན་དཔང་འཚོལ་བའི་བྱ་བ་རྒྱ་ཆེར་སྤེལ་བས། ཚོགས་ཁག་དེའི་ཁྲིམས་འགལ་ནག་ཉེས་དང་དེར་འགེབ་སྲུང་བྱེད་མཁན་གྱི་གནས་ཚུལ་ལ་རྩད་གཅོད་གསལ་བོ་བྱས།  ཞེ་ཆེ་གེ་མོ་1973ལོར་སྐྱེས་པ་དང་། ཁུང་ཆེ་གེ་མོ་ནི་1981ལོའི་ཟླ་10བར་སྐྱེས་ཤིང་། མིན་ཡོན་རྫོང་གི་ནག་ཚོགས་དང་འབྲེལ་བ་ཡོད་པའི་རྩ་འཛུགས་ཀྱི་མགོ་གཙོ་གཉིས་ཡིན། ཁོ་གཉིས་ནི་རྩ་འཛུགས་དེའི་མི་སྣ་གཙོ་བོ་ཡིན་ཕྱིན།རྩ་འཛུགས་དེའི་འཕེལ་རྒྱས་དང་འབྲེལ་བ་ཆེ་ཆེར་ལྡན།   ཉིས་སྟོང་བརྒྱད་ལོར། ཁོ་གཉིས་ཀྱི་ཕན་ཚུན་ངོ་ཤེས་ནས་ཁུང་ཆེ་གེ་མོ་དེ་ཞེ་ཆེ་གེ་མོའི་རླངས་འཁོར་ཁ་ལོ་བ་བྱས་ནས་ཞེ་ཆེ་གེ་མོ་དང་འགྲོགས་ནས་རྒྱན་འཇོག་ཁང་ཕྱེས་ཤིང་དེའི་ཁྲོད་ཀྱི་ཁེ་སྤོགས་བླངས། མིན་ཡོན་རྫོང་གི་ས་ཁུལ་དུ་ཁུང་ཆེ་གེ་མོ་དང་ཁོའི་ལག་འོག་གི་མི་སྣ་རྣམས་ཀྱིས་ཁེ་སྤོགས་ལོན་པའི་ཐོན་ལས་རེ་རེར་ལག་བསྲིངས་ནས་རྒྱུ་ནོར་གཡོ་ལེན་བྱེད་བཞིན་ཡོད་པ་དང་། མིན་ཡོན་རྫོང་གི་མི་མང་པོ་ཞིག་ལ་ང་ནི་ནག་ཚོགས་ཀྱི་མགོ་བ་ཡིན་ཞེས་བཤད་ཀྱིན་ཡོད།  ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གི་མཉམ་གྲོས་ཁྲིམས་ཁང་གི་ཁོངས་མིས་གསར་འགོར་པར་བཤད་རྒྱུར། ཞེ་ཆེ་གེ་མོ་དང་ཁུང་ཆེ་གེ་མོས་སྣེ་ཁྲིད་པའི་ནག་ཚོགས་རྩ་འཛུགས་དེ་མིན་ཡོན་རྫོང་དང་དེའི་མཐའ་འཁོར་དུ་ལོ་བཅུ་ལྷག་ལ་བསྡད་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་ཉེར་དགུ་རིམ་པ་གསུམ་པའི་སྒྲོམ་གཞི་རུ་ཚུད་ཡོད། མི་སྣ་གཙོ་བོ་ཕལ་ཆེར་གཏན་འཇགས་བྱུང་ཡོད་པ་དང་ལས་བགོས་མངོན་གསལ་རེད། ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ཕལ་ཆེར་ཞེ་ཆེ་གེ་མོ་དང་ཁུང་ཆེ་གེ་མོ་གཉིས་ཡིད་འཐད་བྱུང་བ་དང་ཡང་ན་ཁོ་གཉིས་ཞུགས་ནས་ལག་བསྟར་བྱེད་བཞིན་ཡོད། རྩ་འཛུགས་འདིས་དང་ཐོག་མང་ཚོགས་ལ་བཙན་སྐུལ་དང་འཇིག་སྐུལ་བ་དང་། རྗེས་སུ་ནག་ཚོགས་ཀྱིས་ཚོང་ལས་ལ་རོགས་སྐྱོར་བྱེད་ཅིང་། ཚོང་ལས་ཀྱིས་ནག་ཚོགས་གསོ་བའི་འབྲེལ་བ་བཙུགས།  ཚོགས་ཁག་འདིས་བཙན་ཤེད་ལ་བརྟེན་ནས་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། ཁྲིམས་ཁང་གི་འདྲི་གཅོད་གསལ་བོ་བྱས་པ་བརྒྱུད། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བའི་ནང་དུ། ཚོགས་ཁག་འདིས་མིན་ཡོན་རྫོང་ཁ་བ་གྲང་ས་ཁུལ་དུ་ཉིན་མཚན་བདུན་ལྷག་གི་རིང་ལ་བསྟུད་མར་རྡོ་སོལ་གྱི་གཏེར་ཁ་རྐུ་སྔོག་བྱས་ཤིང་། སྐྱེལ་འདྲེན་རླངས་འཁོར་དྲུག་བཅུ་ལྷག་གླས་ཏེ་རྡོ་སོལ་ཏུན་སྟོང་བདུན་དང་ཉིས་བརྒྱ་ལྷག་ཆོམ་རྐུན་བྱས་ནས་རང་དགར་གྱིས་ཕྱི་བཙོང་བྱས་ཏེ། ཁྲིམས་འགལ་གྱིས་སྒོར་ཁྲི་ལྔ་བཅུ་ལྷག་གི་ཁེ་སྤོགས་ཐོབ་པ་རེད།  ཉིས་སྟོང་བཅུ་གཅིག་ལོར། རྩ་འཛུགས་དེས་ཁྲིམས་འགལ་གྱི་སྒོ་ནས་རྡོ་ཟེགས་སྔོག་འདོན་ཆོག་པའི་འགྲོ་ལུགས་བསྒྲུབས་རྗེས།  རྡོ་ཟེགས་བརྐོ་བའི་མིང་ཐོག་ནས་མིན་ཡོན་རྫོང་སུའུ་ཅི་ཐན་ཞང་་གྲ་མ་ཐུའུ་སྡེ་བ་རུ་གསེར་རྡོ་སྤྱི་རྒྱ་བརྒྱ་དང་བདུན་བཅུ་ལྷག་བརྐུས་སྔོག་བྱས་ཏེ། ཁེ་སྤོགས་སྒོར་བྱེ་བ་བཞི་ལྷག་བླངས།

དུས་སྐབས་དེར། རྩ་འཛུགས་དེས་ས་གནས་ཐོན་ཁུངས་བེད་སྤྱད་དེ་རྡོ་སོལ་གྱི་ལོག་ཚོང་རྒྱག་པ་དང་།  དབོར་འདྲེན་བྱེད་པའི་ཡུན་རིང་གི“ཕྱུག་འགྱུར”ལམ་བུ་ཞིག་རྙེད། བགོ་བྱའི་ཆེད་དུ་ཁུང་ཆེ་གེ་མོས་ས་དེའི་རླངས་འཁོར་སྐྱེལ་འདྲེན་རུ་ཁག་གི་སྦྱིན་བདག  ཞུ་སྦྱོར་ཕྱི་མ་ཀྲང་ག་གེ་མོ་དང་མཉམ་ལས་གྲོས་མོལ་བྱེད་སྐབས།  ཀྲང་ཆེ་གེ་མོས་ཁོ་ཚོའི་བསམ་ཚུལ་དང་ལེན་མ་བྱས་པས།  ཀྲང་ཆེ་གེ་མོའི་ལུས་སྨད་ལ་གྲིས་བསྣུན་ཏེ་འཇིགས་སྐུལ་བ་དང་། ཀྲང་ཆེ་གེ་མོས་འཇིགས་སྣང་དང་གཅར་རྡུང་མ་བཟོད་པར་མཉམ་ལས་བྱེད་པར་ཡིད་འཐད་བྱུང་། ཁུང་ཆེ་གེ་མོས་མུ་མཐུད་དུ་ཚོགས་མི་བསྡུས་ཏེ་ཚོགས་པའི་སྟོབས་ཤུགས་ཇེ་ཆེར་བཏང་། དོན་དག་དེའི་རྗེས་སུ། ལམ་ཐག་རིང་བའི་དབོར་འདྲེན་ཚོང་རའི་སྒྲིག་ལམ་ལ་ཚོགས་པ་དེས་བར་ཆད་གཏོང་བཞིན་ཡོད། ཁུང་ཆེ་གེ་མོའི་བདག་དོམ་བྱེད་པའི་རླངས་འཁོར་རུ་ཁག་གི་རླངས་འཁོར་དག་གིས་དངོས་ཟོང་བོངས་ཚད་ལས་བརྒལ་བ་དང་ལྗིད་ཚད་ལས་བརྒལ་བ། བཙན་ཤེད་ཀྱི་འགོག་སྒོ་ལས་བརྒལ་བ་སོགས་ཁྲིམས་འགལ་བྱ་སྤྱོད་མང་དུ་སྤེལ། ཚོགས་པ་དེའི་ནག་ཉེས་བཟོས་པའི་དོན་དངོས་ལྟར་ཆེད་དོན་རུ་ཁག་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་བཅུ་ཉིན།  ཉེན་རྟོག་པ་བརྒྱ་ལྷག་ཟི་ལིང་དང་མིན་ཡོན་ས་གནས་གཉིས་སུ་སོང་ནས་འཛིན་བཟུང་བྱ་སྤྱོད་སྤེལ། དུས་ཚོད་ཉེར་བཞིའི་ནང་དུ་ཁུང་ཆེ་གེ་མོ་དང་ཞེ་ཆེ་གེ་མོ་གཉིས་ཚུད་པའི་དོགས་ཡོད་ཉེས་ཅན་གྱི་མི་བཅུ་དྲུག་ལྷག་འཛིན་བཟུང་བྱས།  ཡང་དང་བསྐྱར་དུ་འདྲི་གཅོད་བྱས་པ་བརྒྱུད་སླར་ཡང་ཞིན་ཅང་དང་ཀོང་ཏུང་སོགས་ས་གནས་སུ་སོང་སྟེ། དོགས་ཡོད་ཉེས་ཅན་མི་གསུམ་འཛིན་བཟུང་བྱས། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་བར་དུ་ཆེད་དོན་རུ་ཁག་གིས་བསྡོམས་པས་དོགས་ཡོད་ཉེས་ཅན་ཉེར་དགུ་འཛིན་བཟུང་བྱས། ཞིབ་བཤེར་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པ་ལྟར་ན། ཆེད་དོན་རུ་ཁག་གིས་དོགས་ཡོད་ཉེས་ཅན་དང་འབྲེལ་བ་ཡོད་པའི་མི་སྣ་སོ་སོར་འཛིན་བཟུང་བྱེད་པའི་བྱ་བ་ལག་བསྟར་བྱས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གྱོད་དོན་དེའི་ཁྲོད་དུ་གཞུང་ཞབས་པ་མང་པོ་ཞིག་ལ་རྩ་འཛུགས་དེས་བསླུ་བྲིད་ཐེབས་ཡོད་པར་མ་ཟད། མི་སྒེར་གྱི་ཁེ་ཕན་གྱི་འགེབ་སྲུང་མཁན་དུ་གྱུར་ཡོད།  གྱོད་དོན་སྒྲུབ་མཁན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐོག་དང་པོར་རྟོག་ཞིབ་བྱས་པའི་ཁྲོད་དུ་གཞུང་ཞབས་པ་ལ་ལ་ཞིག་གིས་གསང་བ་བརྟོལ་བ་དང་། ཚོགས་ཁག་གི་ཆེད་དུ་ཐབས་ཇུས་འཐེན་པས། འཛིན་བྱའི་མི་སྣ་གཙོ་བོས་གྱོད་གཞིའི་ཆེད་དོན་རུ་ཁག་གི་རྟོག་ཞིབ་ཁ་ཕྱོགས་ཤེས་པ་དང་། ཁོ་ཚོས་ལྐོག་ཇུས་འཐེན་ནས་ཚོགས་ཁག་ལ་སྲུང་སྐྱོབ་བྱས་ཤིང་།  སྔར་ཡོད་ཀྱི་བདེན་དཔང་མང་པོ་ཞིག་མེད་པར་བཟོས་པས། གྱོད་དོན་མྱུལ་ཞིབ་ཀྱི་ལས་ཀ་ཇེ་དཀའ་རུ་བཏང་།  ཉིས་སྟོང་བཅོ་རྒྱད་ལོའི་ཟླ་བཞི་བའི་ནང་དུ། ཆེད་དོན་རུ་ཁག་གིས་སྔོན་ཆད་ཚོགས་པ་དེས་བསྙད་འདོགས་རྒྱུ་ལེན་དང་། འཇིགས་སྐུལ། བཙན་སྐུལ། བསྐྱིས་དངུལ་ལ་ལོག་བླངས་པའི་གནོད་ཐེབས་པ་ཞིག་གིས་གམ་ནས་བདེན་དཔང་ལེན་སྐབས། གནོད་ཐེབས་པ་དེས་དང་ཐོག་སྤྱི་བདེ་ཉེན་རྟོག་པའི་ཁ་པར་ལེན་མི་ཕོད་པ་དང་། ཡང་ཡང་སློབ་གསོ་བཏང་མཐར་ད་གཟོད་ཚོགས་པ་དེས་བསགས་ཉེས་མཐར་འདོན་བྱས་པ་དང་། རང་ལ་བརྙས་བཅོས་ཐེབས་པའི་སྐོར་བཤད་སྐབས་ཁོའི་མིག་ཀོང་གི་མཆི་མ་དབང་མེད་བཞུར་འོངས།

གྱོད་དོན་རྩད་ཆོད་པའི་རྗེས་སུ། གནོད་འཚེ་ཐེབས་མཁན་དེས་ཉེན་རྟོག་པར་སྐད་འཕྲིན་བཏང་ནས་ཆེད་དོན་རུ་ཁག་གི་མི་སྣར་བཀའ་དྲིན་ཞུས། “ངས་མཚོ་སྔོན་དུ་ལོ་ངོ་བཅུ་ཕྲག་རིང་བསགས་པའི་རྒྱུ་ནོར་ཡོད་ཚད་ཆུའི་ནང་ལྷུང་རྡོའི་རྗེས་སོང་བ་རེད་སྙམ་ཏེ། རེ་ཐག་ཆད་པ་དང་ཡིད་སྐྱོ་བའི་སྐབས་སུ་ཁྱེད་ཚོས་ད་གཟོད་ང་ལ་རེ་བ་མཐོང་དུ་བཅུག་སོང་། ཁྱེད་ཚོ་ནི་ངའི་དྲིན་ཆེན་ཡིན།”

ནག་ཚོགས་རང་བཞིན་གྱི་རྩ་འཛུགས་དེར་ཁྲིམས་ཆད་གཅོད་པའི་སྐབས་སུ། ཁོས་ཡང་བསྐྱར་ཆེད་དོན་རུ་ཁག་གི་མི་དམངས་ཉེན་རྟོག་པར་འཕྲིན་ཐུང་བསྐུར་ནས།  “ ཆེད་དོན་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་དཀའ་སྡུག་གང་མང་མྱངས་པ་དེ་ནི་མི་དམངས་ཀྱི་ཆེད་དུ་གནོད་པ་སེལ་ཏེ། མི་དམངས་ལ་བདེ་སྡོད་ལས་བརྩོན་གྱི་འཚོ་བ་ཞིག་རོལ་དུ་འཇུག་ཆེད་རེད།”ཅེས་བཀའ་དྲིན་ཞུ།

དྲང་བདེན་འདྲི་གཅོད་ཀྱིས་ནག་པོས་ཚོགས་པ་བཅོམ་ཞིང་གཤེད་ངན་སེལ།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་སྤྱི་བདེ་ཐིན་གྱིས3.20 གྱོད་གཞིའི་ཆོད་དོན་ཚན་ཁག་གི་ཐུན་མོང་གཉིས་དང་ཉེན་རྟོག་པ་ཉེར་གསུམ་ལ་བྱས་རྗེས་འགོད་པའི་བྱ་དགའ་བྱིན། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། པེ་ཅིན་ནས་གཏམ་བཟང་འབྱོར་ཏེ་རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁུག་ཀྲི་ཡིས་བཀའ་རྒྱར་མིང་རྟགས་བཀོད་དེ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱི་3.20གྱི་ནག་འཇོམས་ངན་སེལ་ཆེད་དོན་གྱོད་གཞི་ཚན་ཁག་ལ་ཐུན་མོང་གི་བྱ་དགའ་རིམ་པ་དང་པོ་བསྩལ།

གཟེངས་རྟགས་དེ་འདྲ་ཐོབ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཞིང་འཕྲིན་བཟང་དེ་བསྒྲགས་རྗེས། ཚང་མའི་སེམས་སུ་སྤྲོ་སྣང་རྒྱས་ཤིང་ངར་ཤུགས་རབ་ཏུ་འཕེལ། དེ་བས་ཀྱང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཡིད་ཆེས་དང་རེ་བ་སྔར་ལས་ཇེ་བརྟན་དུ་གྱུར།

“གྱོད་གཞི་རྩད་ཆོད་པ་ནི་གཙོ་བོ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཁག་ཆུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་དང་མཛུབ་སྟོན་ཞིབ་རྒྱས་ལས་ཐོབ་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་སོགས་སྡེ་ཁག་གི་མཉམ་ལས་རོགས་རེས་དང་ཆེད་དོན་ཚན་ཁག་གི་ཁོངས་མི་རྣམས་ཀྱི་བརྩོན་པ་བཅས་ལ་བརྟེན་ནས་བྱུང་བ་རེད།”ཅེས་3.20 གྱོད་གཞིའི་ཆེད་དོན་ཚན་ཁག་གི་མྱུལ་ཞིབ་བྱ་བའི་འགན་ཁུར་མི་སྣས་བཤད། གྱོད་དོན་དེ་ནི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་མཚོ་སྔོན་ཞིང་ཆེན་དུ་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་ཁྲིམས་འགལ་གྱོད་གཞི་ཐོག་མ་ཡིན་པ་དང་ཆེད་དོན་བྱ་བ་དེ་ཕྱོགས་དུ་མའི་མ་དཔེ་གསར་བ་བསྐྲུན།

འགན་ཁུར་མི་སྣ་དེས་བསྟན་དོན། 3.20 གྱོད་དོན་དེས་གྱོད་གཞི་གཅིག་ལ་ཕྱོགས་གསུམ་ནས་རྟོག་དཔྱོད་བྱེད་པའི་ངན་ནག་གི་གྱོད་གཞི་ལྟར། ཁྲིམས་འགལ་གྱི་དོན་དངོས་ལ་རྟོག་ཞིབ་བྱེད་པ་དང་གཞུང་ཞབས་པའི་ཁྲིམས་འགལ་གྱི་གནད་དོན་ལ་རྟོག་ཞིབ་བྱེད་པ། ལྟ་ཞིབ་དོ་དམ་སྡེ་ཁག་གི་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་བཅས་ལག་བསྟར་བྱས།

སྤྱི་བདེ་ལས་ཁུངས་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་གྱོད་གཞིར་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ་བརྒྱད་རྩད་ཆོད་པར་མ་ཟད། གྱོད་དོན་མྱུལ་ཞིབ་བྱེད་པའི་བྱ་བའི་ཁྲོད་དུ་གཞུང་ཞབས་པ་སྐོར་ཞིག་གི་ཁྲིམས་འགལ་ཉེས་བསགས་ཀྱི་ཁུངས་སྣེ་རྙེད། ཆེད་དོན་ཚན་ཁག་གིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལ་ཁུངས་སྣེ་འདོན་སྤྲོད་བྱས་པ་ལས་གཞན་སྲིད་གཞུང་འགན་ནུས་སྡེ་ཁག་དང་ཟི་ལིང་། མཚོ་ཤར་ས་ཁུལ་གྱི་སྤྱི་བདེ་སྡེ་ཁག་བཅས་ལ་ཁུངས་སྣེ་མང་པོ་འདོན་སྤྲོད་བྱས།

གྱོད་དོན་དེ་གླེང་བའི་སྐབས་སུ། ཞིབ་དཔྱོད་ལས་ཁུངས་ཀྱི་གྱོད་སྒྲུབ་མི་སྣས་བསྟན་དོན། གྱོད་དོན་དེ་ནི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་རིང་ལ་མཚོ་སྔོན་ཞིང་ཆེན་ནས་ཐོག་དང་པོར་ཞིབ་དཔྱོད་སྡེ་ཁག་ལ་ཞིབ་བཤེར་ཞུ་གཏུག་བྱེད་པར་སྤྲད་པའི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་ཁྲིམས་འགལ་གྱོད་དོན་ཐོག་མ་རེད། གྱོད་དོན་དེ་བདག་སྤྲོད་བྱས་རྗེས་སུ་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གིས་མཐོང་ཆེན་ཚད་མཐོན་པོ་བྱས། གྱོད་དོན་སྔོན་ལ་བར་འཇུག་བྱེད་པ་དང་གཞུང་གཏུག་སོགས་བྱ་བ་གཙོ་བོ་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ་དང་འགན་འཁྲིའི་ལས་བགོས་གསལ་བོ་ཡིན། ཉིན་ཞེ་བརྒྱད་རིང་གི་དུས་ཚོད་བརྒྱུད་ནས་བྲེལ་འཚུབ་ཆེ་བའི་སྒོ་ནས་ཞིབ་བཤེར་བྱ་བ་སྤེལ་བ་དང་། གྱོད་དོན་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ཁྲིམས་ལྟར་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས། མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་མངོན་གསལ་སྒོས་ཁྲིམས་ཚོགས་ཞིབ་གཅོད་བྱས་པ་བརྒྱུད་ནས་ཁྲིམས་སྦྱོར་ཞུ་ཡིག་ནང་སྐྱོན་འདོན་ཞུ་གཏུག་བྱས་པའི་ཁྲིམས་འགལ་དོན་དངོས་དང་ཉེས་མིང་ཁྲིམས་ལྟར་ངོས་འཛིན་བྱས་པར་མ་ཟད། ཞུ་སྦྱོར་ཕྱི་མ་ཉེར་དགུ་བོར་ཆ་སྙོམས་ཀྱིས་ཁྲིམས་ཐག་བཅད་དེ། ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། བཅའ་ཁྲིམས་ཀྱི་ཕན་འབྲས་བཟང་བོ་ཐོབ།

ནག་ཚོགས་རང་བཞིན་གྱི་གྱོད་དོན་དེ་དུས་ཚོད་ཀྱི་བར་བརྒལ་རིང་བ་དང་གྱོད་འབྲེལ་མི་སྣ་མང་པ།  གྱོད་དོན་གྱི་གནས་ཚུལ་རྙོག་འཛིང་ཡིན་པས་ཞིབ་བཤེར་བྱ་བར་ཧ་ཅང་དཀའ་ཁག་ཆེ། དཔེར་ན་ལྐོག་མཐུན་གྱིས་གཉེར་འགན་ལེན་པའི་ནག་ཉེས་ཁྲོད་ཁྲིམས་དང་མི་མཐུན་པའི་སྒོ་ནས་ཁེ་ཕན་ལེན་པའི་དོན་དག་དེ་དྲང་བདེན་སྒོས་ཐག་གཅོད་པར་འདྲི་གཅོད་པས་ཉིན་མཚན་མང་པོར་བདེན་དཔང་འཚོལ་དགོས་པ་རེད། གྱོད་དོན་དེའི་འདྲི་གཅོད་པས་བཤད་རྒྱུར། 3.20གྱི་ཆེད་དོན་ནི་ཉིས་སྟོང་བཅོ་བརྒྱད་ལོར་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་རིང་ལ་མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གིས་དང་ལེན་བྱས་པའི་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་གྱོད་དོན་ཞིག་རེད། གྱོད་དོན་དེའི་འདྲི་གཅོད་ཀྱིས་ཞིང་ཆེན་ཡོངས་ཀྱི་ངན་ནག་སྟོབས་ཤུགས་གྱོད་དོན་བསྒྲུབ་པར་ཚབ་མཚོན་རང་བཞིན་གྱི་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། འདྲི་གཅོད་ཀྱི་ཕན་འབྲས་ལ་ཁག་ཐེག་བྱེད་ཆེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གི་མངའ་འོག་ཏུ་གཏན་ལ་ཕབ་པ་དང་། མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་མྱུར་དུ་3.20གྱི་གྱོད་དོན་མགོ་ཁྲིད་ཚན་ཆུང་བཙུགས་ནས། ཉིན་མཚན་མེད་པར་གྱོད་དོན་ཞིབ་བཤེར་བྱ་བ་སྤེལ་ནས་ཆེད་དོན་ཆེད་སྒྲུབ་ལ་ཁག་ཐེག་བྱས་པར་མ་ཟད། སྤྱི་བདེ་ཁང་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱིས་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ཏེ། འདྲི་གཅོད་བྱེད་པའི་དུས་སྐབས་སུ་བསྡོམས་པས་ཕྱི་སྦྱོར་ཕྱི་མ་ཉེར་དགུ་དང་དག་འབུད་བྱེད་མཁན་སོ་བརྒྱད་། གཞུང་གཏུག་བྱེད་མཁན་སོགས་བསྡུ་ལེན་བྱས་ནས་ཁྲིམས་ཚོགས་སྔོན་གྱི་ཚོགས་འདུ་ཐེངས་མང་བསྡུས།

མཇུག་མཐར། ཉིན་གྲངས་བདུན་ཅུ་ལ་བྱ་བ་བསྒྲུབས་པ་དང་ཉིན་གསུམ་གྱི་ཁྲིམས་སའི་འདྲི་གཅོད་བརྒྱུད་ནས། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། ཕྱི་སྦྱོར་ཕྱི་མ་ཞའེ་ཆེ་གེ་མོ་ལ་རྩ་འཛུགས་ཡོད་པ་དང་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་མགོ་ཁྲིད་པའི་ཉེས་པ་དང་རྒྱན་འཇོག་ཁང་ཕྱེས་པའི་ཉེས་པ། བརྙད་རྐོ་ཟིང་སློང་གི་ཉེས་པ། བསྙད་འདོགས་རྒྱུ་ལེན་གྱི་ཉེས་པ། ཁྲིམས་འགལ་གྱི་གཏེར་ཁུངས་སྔོགས་པ་སོགས་ཉེས་མིང་བཅུ་གཅིག་གིས་དུས་བཀག་བཙོན་འཇུག་ལོ་ཉེར་ལྔ་བྱས་པར་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་གཞེས་བྱས་པ་དང་། ལོ་གསུམ་གྱི་ཆབ་སྲིད་ཀྱི་ཁེ་དབང་བླངས། ཕྱི་སྦྱོར་ཕྱི་མ་ཁུང་ཆེ་གེ་མོ་ལ་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་མགོ་ཁྲིད་པ་དང་རྒྱན་འཇོག་ཁང་ཕྱེས་པ། བརྙད་རྐོ་ཟིང་སློང་གི་ཉེས་པ། བསྙད་འདོགས་རྒྱུ་ལེན་གྱི་ཉེས་པ། ཁྲིམས་འགལ་གྱིས་གཏེར་ཁུངས་སྔོགས་པ་སོགས་ཀྱི་ཉེས་མིང་བཅུ་གཉིས་ཀྱི་བྱས་ཉེས་བསགས་པར་ཉེས་ཆད་སྡེབ་གཅོད་ཀྱིས་དུས་བཀག་བཙོན་འཇུག་ལོ་ཉེར་ལྔར་བྱས་པ་དང་མི་སྒེར་གྱི་རྒྱུ་ནོར་ཡོད་ཚད་གཞུང་བཞེས་དང་། ལོ་གསུམ་གྱི་ཆབ་སྲིད་ཀྱི་ཁེ་དབང་བླངས།ཕྱི་སྦྱོར་ཕྱི་མ་ལེང་ཆེ་གེ་མོ་དང་ཁུང་ཆེ་གེ་མོ། མྰ་ཆེ་གེ་མོ། ཀྲང་ཆེ་གེ་མོ། ལིས་ཆེ་གེ་མོ། ཝང་ཆེ་གེ་མོ། ཆིས་ཆེ་གེ་མོ་སོགས་སོ་སོར་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་ཞུགས་པའི་ཉེས་མིང་གིས་ལོ་གཅིག་ཅན་དང་ལོ་ཉི་ཤུ་ཅན་སོགས་དུས་ཚོད་མི་འདྲ་བའི་སྒོ་ནས་ཁྲིམས་ཐག་བཅད། ཕྱི་སྦྱོར་ཕྱི་མ་མྰ་ཆེ་གེ་མོ་སོགས་མི་གསུམ་གྱིས་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ལ་འགེབ་སྲུང་བྱས་པའི་ཉེས་མིང་གིས་ལོ་བདུན་དང་ལོ་གསུམ་བཅས་དུས་ཡུན་མི་འདྲ་བར་དུས་བཀག་བཙོན་འཇུག་བྱས། དེ་མིན་ཕྱི་སྦྱོར་ཕྱི་མ་མྰ་ཆེ་གེ་མོ་དང་ལིས་ཆེ་གེ་མོ། ཁུང་ཆེ་གེ་མོ་བཅས་ལ་ལྐོག་མཐུན་འོས་སྐུལ་གྱི་ཉེས་མིང་གིས་སོ་སོར་ལོ་དྲུག་དང་ལོ་གཅིག་ཅན་གྱི་དུས་ཡུན་མི་འདྲ་བའི་དུས་བཀག་བཙོན་འཇུག་བྱས།

ཁྲིམས་ཁང་གིས་བལྟས་ན། རྩ་འཛུགས་དེ་ནི་ཞའེ་ཆེ་གེ་མོ་དང་ཁུང་ཆེ་གེ་མོས་མགོ་ཁྲིད་པ་ཞིག་ཡིན་པ་དང་ཁུང་ཆེ་གེ་མོ་སོགས་མི་མང་པོ་ཞིག་ཀྱང་ནང་དུ་ཞུགས་ཡོད་པས་གཞི་ཁྱོན་ངེས་ཅན་ཞིག་ཡོད་ལ་རིམ་པ་གསལ་ཞིང་སྒྲིག་གཞི་བརྟན་འཇགས་རེད། ཁྲིམས་འགལ་གྱི་བྱ་འགུལ་དང་བྱེད་ཐབས་གཞན་དག་བརྒྱུད་ནས་རྩ་འཛུགས་བྱ་འགུལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པ་དང་། དྲག་ཤུགས་དང་བཙན་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དུས་ཡུན་རིང་བོར་མིན་ཡོན་རྫོང་གི་རྒྱན་འགྱེད་ལས་རིགས་ལ་ཚོད་འཛིན་བྱས་ཡོད་ཅིང་། རྒྱན་དངུལ་བཙན་འཇལ་དང་སྐྱེད་ཀ་མཐོ་བའི་དངུལ་བུན་བསྐྱི་བ། བརྙད་རྐོ་ཟིང་སློང་དང་བསྙད་འདོགས་རྒྱུ་ལེན་སོགས་ཀྱི་བྱ་སྤྱོད་ཀྱིས་མི་དམངས་མང་ཚོགས་ཀྱི་འཚོ་བར་གནོད་འཚེ་བཟོས་ནས་ས་གནས་ཀྱི་སྤྱི་ཚོགས་སྒྲིག་ཁྲིམས་ལ་གཏོར་བརླགས་གཏོང་བཞིན་ཡོད། རྩ་འཛུགས་དེས་ད་དུང་ས་གནས་ཀྱི་རུལ་སུངས་གཞུང་ཞབས་པར་ངན་འབྲེལ་བྱས་ཏེ་སྲུང་སྐྱོབ་བྱེད་དུ་བཅུག་ནས་ཁྲིམས་འགལ་གྱི་བྱ་འགུལ་སྤེལ། མིན་ཡོན་རྫོང་དུ་ཁྲིམས་འགལ་གྱི་ཚོད་འཛིན་དང་ཤུགས་རྐྱེན་ངན་པ་བཟོས་པས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླགས་ཆེན་པོ་བཟོས། ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་ཁྱད་རྟགས་དང་བྱ་བྱེད་ཀྱི་ཁྱད་རྟགས། དཔལ་འབྱོར་གྱི་ཁྱད་རྟགས། གནོད་འཚེ་རང་བཞིན་གྱི་ཁྱད་རྟགས་དང་སྒྲིག་གཞིའི་རྩ་འཛུགས་དང་མགོ་ཁྲིད། ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ཀྱི་ཁྲིམས་འགལ་རང་བཞིན་བཅས་འཛོམས།

ཆེད་དོན་ཚན་ཁག་བཙུགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་གྱི་མགོ་ཁྲིད་དང་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། ཞིབ་དཔྱོད་ཁང་དང་ཁྲིམས་ཁང་སོགས་སྡེ་ཁག་གི་རོགས་རེས་མཉམ་ལས་འོག འཐབ་རྩོད་ལ་ཞུགས་པའི་མི་སྣ་རྣམས་ཀྱིས་འགན་འཁྲི་ལྕི་མོ་ཁུར་དུ་བླངས་ཏེ། གྱོད་དོན་གྱི་བར་བརྒལ་དུས་ཡུན་རིང་བ་དང་གྱོད་འབྲེལ་གྱི་མི་སྣ་མང་པ། བདེན་དཔང་འཚོལ་བར་དཀའ་ཁག་ཆེ་བ་སོགས་ཀྱི་དོན་དངོས་ཀྱི་དཀའ་ཁག་སྣ་ཚོགས་བཟོད་བསྲན་བྱས་ནས།ངན་ནག་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བའི་རྣམ་འགྱུར་གསལ་བོར་བསྟན་ནས་ནག་འཇོམས་ངན་སེལ་བྱེད་པའི་བློ་ཐག་རྦད་ཆོད་བྱས། ཆེད་དོན་འཐབ་རྩོད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་པ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཆབ་སྲིད་དང་དམངས་སེམས། མཁྲེགས་གཏོར་བཅས་ཀྱི་འཐབ་རྩོད་འདི་ལ་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད།

                                                                                          ལོ་ཙཱ་བ། གཡང་འབུམ་རྒྱལ། སྐར་མ་མཚོ།