ངན་ནག་སྟོབས་ཤུགས་སེལ་འཇོམས་བྱས་ཏེ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་བསྐྲུན་ནས། ཆབ་སྲིད་ཀྱི་འཚོ་བ་གཙང་སེལ་བྱེད་པ།
2019.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 114

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ལ་ཚུར་སྣང་ཆེན་པོ་བྱུང་།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས་རྗེས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ནན་ཏན་སྒོས་སྐུལ་སློང་ཚོགས་འདུའི་དགོངས་དོན་མགྱོགས་མྱུར་སྒོས་ལག་བསྟར་དངོས་འབེབ་བྱས། གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བལྟས་ན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐག་གཅོད་བྱས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ནག་འཇོམས་ངན་སེལ་གྱིས་སེལ་འཇོམས་བྱེད་དགོས་པ་ནི་ངན་ནག་སྟོབས་ཤུགས་ཡིན་ལ། བསྐྲུན་དགོས་པ་ནི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་ཡིན་པ་དང་། གཙང་སེལ་དགོས་པ་ནི་ཆབ་སྲིད་ཀྱི་འཚོ་བ་དང་། ཐོབ་དགོས་པ་ནི་ཏང་སེམས་དང་དམངས་སེམས་ཡིན་ལ། སྲིད་སྐྱོང་གི་རྨང་གཞི་བརྟན་པོ་བཅས་ཡིན་པས། དེ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་ལ། དེས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་ལྷིང་འཇགས་སྒྲིག་ཡོད། རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་ཡོང་བར་དོན་སྙིང་གལ་ཆེན་ལྡན།

“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ནི་དམག་འཐབ་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་དང་བླ་མེད་ཀྱི་སྙིང་སྟོབས་མཚོན་ཡོད། ང་ཚོས་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་གྱོད་དོན་ཁྱབ་བསྒྲགས། འདྲི་རྟོག་དབྱེ་ཞིབ། ཁུངས་སྣེ་གཅིག་བསྡུས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མངའ་ཁོངས་ཀྱི་ཏང་ཡོན་དང་མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། ཆེད་དོན་འཐབ་རྩོད་སྔར་ལས་གཏིང་ཟབ་དང་རྒྱ་ཁྱབ་ངང་སྤེལ་བར་ཁག་ཐེག་བྱས། ཐེངས་འདིའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་འབྱོར་བ་དེས། སྤྱི་ཚོགས་ཡུན་རིང་བདེ་འགོད་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པར་ངེས་པར་དུ་སྐུལ་འདེད་གཏོང་དགོས”ཞེས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཚང་མིན་སྲང་ལམ་གྱི་ཀྲུང་གོ་གུང་ཁྲན་ཏང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡང་ཡཱ་ཆིན་གྱིས་དེ་ལྟར་བཤད། “ཐེངས་འདིའི་ནག་འཇོམས་ངན་སེལ་བྱེད་ཤུགས་ཆེ་བ་དང་ཁྱབ་རྒྱ་ཆེ་བ། ཏང་དང་སྲིད་གཞུང་གིས་གཟབ་ནན་སྒོས་ངན་ནག་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་བཏང་སྟེ། ང་ཚོ་མང་ཚོགས་ལ་བདེ་འཇགས་ཀྱི་ཚོར་བ་སྔར་ལས་བཟང་བོ་བསྐྲུན”ཟེར།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཧྥུའུ་ལུའུ་སྲང་ལམ་ལྷོ་མའི་སྡོད་ཁུལ་གྱི་ཧྲུའུ་ཅི་ཧྥིན་ཅོན་ཧྥང་གིས་བཤད་རྒྱུར། “ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། ང་ཚོའི་སྡོད་ཁུལ་གྱིས་དུས་ཐོག་ཏུ་ནག་འཇོམས་ངན་སེལ་གྱི་བྱ་བའི་ཚན་ཆུང་བཙུགས་པ་དང་། མཉམ་འབྲེལ་འགོག་སྲུང་རུ་ཁག་བཙུགས་པ་དང་དང་བླངས་པ་སྐུལ་སློང་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་ནས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ག་ས་གང་དུ་ཁྱབ་དུ་བཅུག”ཟེར།

དམངས་ནི་རྒྱལ་ཁབ་ཀྱི་གཞི་རྩ་ཡིན་པས། དམངས་བརྟན་འཇགས་ཡིན་ན་རྒྱལ་ཁབ་བདེ་འཇགས་ཡིན་ངེས། ངན་ནག་གཙང་སེལ་མ་བྱས་ན། དམངས་སེམས་བདེ་ལ་འབབ་དཀའ། བསྟུད་མར་ཉིན་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱི་ཆུའུ་དང་རྫོང་སོ་སོའི་སྲང་ལམ་སོགས་ག་ས་གང་དུ་ནག་འཇོམས་ངན་སེལ་གྱི་བསྒྲགས་ཡིག་མཐོང་ཐུབ། མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཁུག་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཐེན་ལིན་ཧེ་ཡིས་བཤད་རྒྱུར། དམངས་ལ་འདོད་བློ་ཡོད་ཚེ། ངེས་པར་དུ་རེ་འདུན་བསྐང་དགོས། ནག་འཇོམས་ངན་སེལ་གྱིས་དམངས་ཀྱི་ཆེད་དུ་ངན་པ་རྩ་མེད་དུ་བཏང་བས། བློ་སེམས་བདེ་ལ་དགའ་འོས་པ་ཞིག་རེད། གཞི་རིམ་ཏང་རྩ་འཛུགས་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་སྐུལ་སློང་གྲོས་ཚོགས་ཀྱི་བླང་བྱ་ལྟར། སྤྱི་བདེ་ལས་ཁུངས་དང་གཞོགས་འདེགས་བྱས་ནས་རྒྱ་ཆེའི་མང་ཚོགས་དང་མཉམ་དུ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་ནས། མཉམ་འཛུགས་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་ནག་འཇོམས་ངན་སེལ་གྱི་སྣང་ཚུལ་བཟང་བོ་བསྐྲུན་རྒྱུར་སྐུལ་སློང་བྱེད་དགོས། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཞང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་ཞིང་སྡེའི་ཆུ་དཔོན་ལམ་ལུགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ནས། ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པར་རྩ་འཛུགས་བྱེད་པ་དང། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་ཁ་གསལ་བྱང་བུ་དང་ཤེས་དགོས་པའི་ནང་དོན་ལ་ཡང་བསྐྱར་སློབ་སྦྱོང་བྱེད་པ། སྡེ་བ་དང་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་དྲིལ་སྒྲོག་བཟང་བོ་བྱེད་པ་དམིགས་འབེན་དུ་བྱས་ཏེ། ཁོངས་གཏོགས་ས་ཁུལ་དུ་སོང་ནས་འཚམས་འདྲི་དྲིལ་སྒྲོག་དང་ཁུངས་སྣེ་འཚོལ་ཞིབ་ཀྱི་བྱ་བ་སྤེལ་རྒྱུ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་དང་སྤྱི་བདེ་ཅུའུ། ཞིབ་བཤེར་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་སྒོས་ཁྲིམས་ལུགས་སློབ་གྲྭར་བསྐྱོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་བདེ་འཇགས་སློབ་ར་མཉམ་འཛུགས་བྱེད་པའི་བྱ་འགུལ་སྤེལ་ནས། དགེ་སློབ་ཚོས་སྒྲིག་ཁྲིམས་བརྩི་སྲུང་དང་ངན་ནག་སྟོབས་ཤུགས་ལ་ངོ་རྒོལ་བྱེད་པར་སྐུལ་སློང་བྱས་པ་དང་། དགེ་སློབ་ཚོའི་ཁེ་དབང་དང་མི་ཚེའི་བདེ་འཇགས་ལ་འགན་སྲུང་བྱས། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་པེ་ཞའོ་ཆིན་གྱིས་བཤད་རྒྱུར། སློབ་གྲྭས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་དམིགས་ནས། ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ལག་བྲིས་བྱང་བུ་ལས་པ་སོགས་སློབ་སྦྱོང་བྱ་འགུལ་སྤེལ་བ་དང་། སློབ་མ་རྣམས་ལ་ནག་འཇོམས་ངན་སེལ་གྱི་ནང་དོན་དངོས་སུ་རྒྱུས་ལོན་བྱེད་དུ་བཅུག་ནས། ཁྲིམས་ཤེས་པ་དང་ཁྲིམས་བརྩི་བ། ཁྲིམས་བཀོལ་བའི་རྣམ་པ་ཆགས་སུ་བཅུག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ལིས་ཁྲིན་ཞང་གིས་བསྟན་དོན། སྐུལ་སློང་གྲོས་ཚོགས་བསྡུས་པ་དེས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་མཚོན་པར་བྱས་ཡོད་པས། ང་ཚོས་དེ་གོ་སྐབས་སུ་བརྩིས་ནས། ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། གནས་སྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་བ། གནས་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། གནས་སྐོར་ཚོང་རའི་ནག་འཇོམས་ངན་སེལ་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཟེར། ལིས་ཁྲིན་ཞང་གིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར་མཚོ་བྱང་ཁུལ་གྱིས་སྔ་རྗེས་སུ་སྐར་རིམ་མགྲོན་ཁང་དང་སྐར་རིམ་ཞིང་སྡེའི་གནས་སྐོར་སྣེ་ལེན་གནས། གནས་སྐོར་ལྗོངས་ཁུལ་དང་རིག་གནས་གླིང་སོགས་གཙོ་གནད་དུ་བཟུང་ནས་བྱ་བ་སྤེལ་བ་དང་། ཁེ་ལས་ཀྱིས་བདེ་འཇགས་གཙོ་བོའི་འགན་འཁྲིའི་ཆིངས་ཡིག་བཞག་ཡོད་མེད་དང་། གནས་སྐོར་ཁང་གིས་འོས་མཐུན་མིན་པའི་གནས་སྐོར་རིན་གོང་གི་བྱ་བ་ལས་ཡོད་མེད། འགྲུལ་སྐྱེལ་འཛིན་ཡིག་མེད་པ། ཡུལ་སྐོར་སྣེ་ཤན་པའི་ལག་རྟགས་མེད་པ། ཡུལ་སྐོར་པར་མགོ་སྐོར་གཏོང་བ་དང་བཙན་གྱིས་འཛད་སྤྱོད་བྱེད་དུ་འཇུག་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སོགས་ལ། རྫོང་སོ་སོ་དང་ཅུའུ་སོ་སོའི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བ་དོན་ཐོག་ཏུ་འཁྱོལ་ཡོད་མེད་སོགས་ཀྱི་ཐད་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་ཁྲོད་གནས་པའི་གནད་དོན་ལ། དག་ཐེར་ལེགས་བཅོས་ཀྱི་བྱེ་བྲག་གི་རེ་བ་བཏོན། ཀོང་ཀྲིག་ནས་གནས་སྐོར་དུ་ཡོང་བའི་མཱ་ཡོང་ཨན་གྱིས་བཤད་རྒྱུར། “ང་ཚོ་མཚོ་སྔོན་པོ་རུ་གནས་སྐོར་དུ་ཡོང་ནས། མགྲོན་ཁང་དང་ལྗོངས་ཁུལ་སོགས་ས་གནས་སུ། ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་སྦྱར་བྱང་མཐོང་ཐུབ་ལ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱིས་མི་ངན་དང་སྤྱོད་ངན་ལ་འཇིགས་སྣང་སྐྱེད་པ་དང་། ཡུལ་སྐོར་སྣེ་ཤན་པའི་ལག་རྟགས་མེད་པ་དང་དཔང་ཡིག་མེད་པའི་ལྗོངས་ཁུལ་བཅས་ལེགས་བཅོས་བྱས་རྗེས། གཡོ་སྒྱུ་ཁྲམ་གསུམ་གྱི་བྱ་བ་ཕལ་ཆེར་མཐོང་རྒྱུ་མེད་པ་དང་། ལྗོངས་ཁུལ་དང་མཁར་གྲོང་གི་ཁོར་ཡུག་གང་ཡིན་རུང་ཚང་མ་བདེ་འཇགས་སུ་གྱུར་ཡོད་ལ། ང་ཚོ་ཕྱི་རུ་གནས་སྐོར་དུ་འགྲོ་བར་སྔར་ལས་བློ་སེམས་བདེ་ལ་བབས་ཆོག”ཟེར།

“ལས་ཀ་ཡག་པོར་བསྒྲུབ་འདོད་ན། དང་ཐོག་ལག་ཆ་ཡག་པོ་དགོས།” སྐུལ་སློང་གྲོས་ཚོགས་བསྡུས་རྗེས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་གིས་མྱུར་དུ་བཀོད་སྒྲིག་བཟང་བོ་བྱས་ནས། ཁྲིམས་ཁང་གི་ཉེན་རྟོག་པ་ཡོངས་མྱུར་དུ་འགུལ་སྐྱོད་བྱེད་པ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། བློ་རྩ་བརྟན་པོ་དང་འགུལ་སྐྱོད་དྲག་པོས་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་གཙོ་ཤུགས་དམག་དཔུང་བྱེད་དགོས་པའི་རེ་བ་བཏོན། “ད་ལོའི་ཟླ་བཞི་བའི་ཟླ་དཀྱིལ་དུ། ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་གིས་མངོན་གསལ་སྒོས་སྟག་ཆེ་གེ་མོ་སོགས་མི་དགུ་ཡིས་གྲུབ་པའི“ཁ་འགོ་བའི”ངན་ཕྱོགས་སྟོབས་ཤུགས་ཀྱི་ཉེས་དོན་ཚོགས་པའི་གྱོད་དོན་ལ་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་། འདྲི་གཅོད་བྱེད་པའི་གོ་རིམ་ཁྲོད་མི་དམངས་ཁྲིམས་ཁང་གིས་མང་ཚོགས་ཀྱི་འཐུས་མི་ཟབ་ཞུགས་དང་ཟུར་ཉན་བྱེད་དུ་བཅུག་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་ཟབ་ཞུགས་བྱས་ལ། སྨྱན་བྱད་ཀྱིས་རྒྱ་ཁྱབ་ངང་སྤེལ་གཏོང་བྱས་པས། ཕན་ནུས་ལྡན་པའི་སྒོ་ནས་ཉེས་ཅན་ལ་འཇིགས་སྣང་སྐྱེད།”ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་སངས་རྒྱས་ཐར་གྱིས་བཤད་རྒྱུར། རྗེས་ཕྱོགས་མུ་མཐུད་དུ་འདྲི་གཅོད་འགན་ནུས་དང་བྱེད་ནུས་འདོན་སྤེལ་བྱས་ཏེ། ཁྲིམས་ལྟར་ངན་ནག་སྟོབས་ཤུགས་དང་ཁྲིམས་འགལ་ཉེས་དོན་སྣ་ཚོགས་ལ་ཉེས་ཆད་དྲག་པོ་བཅད་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་བདེ་སྐྱིད་ཀྱི་ཐད་གཡས་སྲུང་གཡོན་སྐྱོར་བྱེད་རྒྱུ་ཡིན་ཟེར།

སྐུལ་སློང་གྲོས་ཚོགས་བསྡུས་རྗེས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་ཁག་སོ་སོས་ལས་བྱེད་པ་རྩ་འཛུགས་བྱས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས། ཏང་ཡོན་གྱི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། བསམ་བློ་གཅིག་གྱུར་བྱེད་པ། རང་འགུལ་གྱིས་བྱ་བ་བསྒྲུབ་པ། ཁག་ཁུར་བྱེད་ཕོད་པར་བྱེད་དགོས་པའི་རེ་བ་བཏོན། ཚྭ་འདམ་གཞོང་གྲོང་རྡལ་ཏང་ཀྲི་པུའུ་ཧྲུའུ་ཅི་ནཱ་རིན་ཚེ་ཆིས་ཀི་ཡིས་ཚོར་སྣང་ཟབ་མོས་སྒོ་ནས་བཤད་རྒྱུར། “སྔོན་ཐོན་དཔེ་མཚོན་མིག་དཔེ་བྱེད་པ་དང་རུལ་སུངས་གྱོད་དོན་ཉེན་བརྡ་བྱེད་པ། དངོས་སྒྲུབ་སྤྱོད་གཙང་ཚད་གཞི་བྱས་ཏེ། ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་སྲིད་ཁྲིམས་གཟབ་ནན་སྒོས་བརྩི་སྲུང་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་གི་འགོག་ཐིག་བརྟན་པོ་བྱས་ནས། དུས་རྒྱུན་རང་གཅུན་གྱི་བསམ་བློ་ལྡན་དགོས་པ་དང་། ལྐོག་རྔན་གྱི་གནོད་པ་སེམས་སུ་བཅངས་ནས། རང་ཉིད་དང་ཁྱིམ་མིར་དོ་དམ་བཟང་བོ་བྱེད་དགོས། ཉེན་ཟོན་ཅོང་བརྡ་ནམ་རྒྱུན་གཏོང་བ་དང་། འགན་ཁུར་ཕོད་པ། མཁྲེགས་གཏོར་བྱེད་ཕོད་པ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་ཚྭ་འདམ་གསར་བ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་ཚོད་ཀྱིས་བྱས་རྗེས་འཇོག་དགོས” ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལེང་ཝེ་ཡིས་བཤད་རྒྱུར། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་མཁྲེགས་གཏོར་ལྟ་སྐུལ་མཛུབ་སྟོན་སྤེལ་བ་དེས། ཏང་ཀྲུང་དབྱང་གིས་ཆེད་དོན་འཐབ་རྩོད་སྤེལ་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པ་དང་། དེ་ནི་ནག་འཇོམས་ངན་སེལ་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་བརྟག་བཤེར་ཐེངས་གཅིག་དང་གནད་ལ་འཁེལ་བའི་ལྟ་སྐུལ་མཛུབ་སྟོན་བྱེད་ཐེངས་ཤིག་ཡིན། སྤྱི་ཚོགས་ཁོར་ཡུག་གི་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཆེད། འབྲི་སྟོད་རྫོང་གིས་རོང་འབྲོག་ཁུལ་གྱི་ཉེན་ཟོན་སྐོར་ཞིབ་རུ་ཁག་བཙུགས་ནས། གོང་རིམ་གྱི་བཀོད་སྒྲིག་ལྟར། ཞང་དང་གྲོང་རྡལ་གྱི་ཚོང་ར་དང་སྡོད་ཁུལ་དུ་ཡོངས་ཁེབས་ཉེན་ཟོན་སྐོར་ཞིབ་དང་ཁྱོན་ཡོངས་བརྟག་བཤེར་བྱས་པས། ཉེས་ཅན་ལ་འཇིགས་སྣང་བསྐྱེད་པ་དང་། ཞང་ཡོངས་ཀྱི་སྤྱི་ཚོགས་བདེ་སྐྱོང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས། སྐོར་ཞིབ་རུ་ཁག་གིས་དུས་མཉམ་དུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ངན་ནག་སྟོབས་ཤུགས་ཀྱི་ཁུངས་སྣེ་བསྡུ་རུབ་དང་འཚོལ་བཤེར་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བརྟན་བརླིང་ངང་སྤེལ་བར་ཁག་ཐེག་བྱས་པ་དང་། མང་ཚོགས་ཀྱིས་མཐོང་ཐུབ་པར་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་འགལ་རྩོད་དོན་རྐྱེན་བྱུང་ཚད་མང་བའི་ས་ཆར་མངག་སྟེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་དུ་བཏང་། རྫོང་སྤྱི་བདེ་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཅི་པེན་གྱིས་བཤད་རྒྱུར། གཅིག་བསྡུས་སྒྲོག་འགྲེལ་དང་ཁ་གཏད་འགྲེལ་བཤད་བྱས་པ་བརྒྱུད་དེ། འབྲོག་པ་མང་ཚོགས་ཀྱིས་ཁུངས་སྣེ་འཚོལ་བ་དང་ཞུ་གཏུག་བྱེད་པར་སྐུལ་སློང་བྱས་པ་དང་། དེ་དང་མཉམ་དུ་འབྲོག་ཁུལ་གྱི་དབྱར་རྩྭ་དགུན་འབུ་ཉོ་འཚོང་ཚོང་ར་སོགས་ནས་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་ནས། ངན་ནག་སྟོབས་ཤུགས་འཚར་ལོངས་འབྱུང་བར་གཏན་འགོག་བྱས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།