རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ངན་ནག་སྟོབས་ཤུགས་ཀྱི་གྱོད་དོན་ཞིབ་གཅོད་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས།
2019.06.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྨ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ངན་ནག་སྟོབས་ཤུགས་གྱོད་དོན་ཞིབ་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཁུལ་དམངས་ཆེན་གྱི་འཐུས་མི་དང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁུལ་སྤྱི་བདེ་ཅུའུ། ཁུལ་ཞིབ་དཔྱོད་ཁང་། ཁུལ་ཁྲིམས་འཛིན་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

སྒྲོག་སྤེལ་ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ་བླངས་པའི་འཕེལ་རིམ་མཚམས་སྦྱོར་མདོར་བསྡུས་བྱས་པ་དང་། ངན་ནག་སྟོབས་ཤུགས་ཀྱིས་ནག་ཉེས་བཟོས་པའི་གྱོད་དོན་གཉིས་ཁྱབ་སྒྲོག་བྱས། གྱོད་དོན་དང་པོ་ལས་ཐུན་རིན་རྫོང་རོང་བོ་གྲོང་རྡལ་ཧོར་རྒྱ་སྡེ་བའི་ཁ་འགོ་བ་ཁྲིམས་འགལ་རྩ་འཛུགས་ཀྱི་ཁོངས་མི་སྟག་བྷ་སོགས་མི་དགུས་ཁྲིམས་དང་འགལ་ནས་སྡེ་བ་རིམ་པའི་ལམ་ལུགས་གཏན་འབེབས་བཟོས་པ་དང་། སྡེ་བ་ནང་ཁུལ་གྱི་མཐུན་སྒྲིལ་ལ་བསམ་གཟས་ནས་གཏོར་བརླགས་བྱས་ལ། དམངས་སྲོལ་བྱ་འགུལ་བཙན་གྱིས་མེད་པར་བཏང་བ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ལག་བསྟར་བྱེད་འོས་པའི་འགན་ནུས་ཀྱི་ཚབ་བྱས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་དངོས་སུ་དབང་དུ་བཟུང་བ་དང་། གཞི་རིམ་སྲིད་དབང་ཧམ་བཟུང་བྱས། འཇིགས་སྣང་སྐུལ་བ་དང་ཟིང་ཆ་སློང་བ་སོགས་ལ་བརྟེན་ནས་གླ་ཆ་བཙན་གྱིས་གཏད་ནས་བཙན་གྱིས་ཉོ་འཚོང་བྱེད་དུ་བཅུག་པ་དང་། གླ་དངུལ་བཙན་གྱིས་བླངས་ནས་གཞན་རྒྱུ་གཡོ་འཕྲོག་བྱས་པ། མི་མང་དཔུང་བསྡེབས་ཀྱིས་སྲིད་གཞུང་གི་ས་བསྡུའི་བྱ་བར་བར་ཆད་བཟོས་པ་སོགས་ལས་བཙན་གྱིས་ཉོ་འཚོང་བྱེད་དུ་བཅུག་པའི་ནག་ཉེས་དང་། གཞན་རྒྱུ་གཡོ་འཕྲོག་བྱས་པའི་ནག་ཉེས། མི་མང་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླགས་བྱས་པའི་ནག་ཉེས་བཅས་གྲུབ་ཡོད། ཉེས་ཅན་རྩ་འཛུགས་དེའི་ཁོངས་མི་གཙོ་བོ་ཕལ་ཆེར་གཏན་འཇགས་ཡིན་པ་དང་སྒྲིག་གཞི་དམ་ཞིང་། ལས་བགོས་མངོན་གསལ་ཡིན་པར་མ་ཟད། ཐུན་མོང་གིས་ནག་ཉེས་བཟོས་པའི་བསམ་ངན་ཡོད་པས། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱི་མཛུབ་སྟོན་བསམ་འཆར་ཁྲོད་བཀོད་པའི་ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་པའི་གཏན་འཁེལ་ཚད་གཞི་དང་མཐུན།

ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་གྱོད་དོན་དེར་ཁྲིམས་ཁང་ནས་ཡོངས་བསྒྲགས་ཞིབ་གཅོད་བྱས་པར་མ་ཟད་ཁྲིམས་ཐག་བཅད་དེ། ཞུ་སྦྱོར་ཕྱི་མ་བ་སྟག་བྷ་སོགས་མི་དགུ་ལ་ཁྲིམས་ལྟར་ལོ་གསུམ་དང་ལོ་བདུན་བར་གྱི་ཚད་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་པར་མ་ཟད། སྒོར་སྟོང་བརྒྱད་ཀྱི་དངུལ་ཆད་བཅད་པ་དང་། ཁ་འགོ་བ་རྩ་འཛུགས་ཀྱི་ཁྲིམས་འགལ་ཡོང་སྒོ་ཁྲིམས་ལྟར་བདའ་ལེན་བྱས།

གྱོད་དོན་གཉིས་པ་ལས་མཱ་མུའུ་ཧ་མའེ་དང་། ཀྲིག་ཀྲིན་ཅུན། མཱ་དབྱི་པུའུ་ལཱ་བཅས་གཙོ་བྱས་པའི་ངན་འབྲེལ་ཚོགས་པས་རྒྱུན་དུ་གཅན་ཚ་རྫོང་གི་ཁང་དབྱང་དང་དཔའ་ལུང་རྫོང་གི་ཡར་ག་ས་ཆ་ནས་འཇིགས་སྣང་སྐུལ་བ་དང་ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་ཁུལ་ཁོངས་ངེས་ཅན་ནས་ཁྲིམས་འགལ་ནག་ཉེས་ཐེངས་མང་བཟོས་པ་ལས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླགས་བྱས་པ་དང་། ངན་ནག་སྟོབས་ཤུགས་ཀྱི་ནག་ཉེས་ཚོགས་པ་གྲུབ། མཱ་མུའུ་ཧ་མའེ་དང་ཀྲིག་ཀྲིན་ཅུན། མཱ་དབྱི་པུའུ་ལཱ། དཔལ་ལྡན། མཱ་ན་གོ ཧན་ལུང་། མཱ་སོ་ནང་ནའེ། ཧན་ཧྥུའུ་ཚའེ། མཱ་ལའེ་ཧྲ། འབྲུག་ལྷ་ཐར་བཅས་མི་བཅུས་མཉམ་དུ་ཤོ་རྒྱག་ཁང་ཕྱེས་ཏེ། ཅིན་ཧྭ་དང་ཨར་པ་ཀང་སོགས་རྩེ་རུ་བཅུག་པས་ཤོ་ཁང་ཕྱེས་པའི་ནག་ཉེས་བསགས་ཡོད། མཱ་མུའུ་ཧ་མའེ་དང་ཀྲིག་ཀྲིན་ཅུན། ཡེ་ཧྲུའུ་ཏི་བཅས་མི་གསུམ་གྱིས་སྐྱེད་ཀ་མཐོ་བའི་དངུལ་བུན་ལེན་ཆེད། མི་གཞན་བཙན་ཉར་དང་བཀག་སྐྱིལ་བྱས་ཏེ། མི་གཞན་གྱི་མི་ལུས་རང་དབང་ལ་གནོད་བསྐྱལ་བས། ཁྲིམས་འགལ་གྱིས་བཀག་སྐྱིལ་བྱས་པའི་ནག་ཉེས་བསགས་ཡོད། མཱ་མུའུ་ཧ་མའེ་དང་ཀྲིག་ཀྲིན་ཅུན། མཱ་དབྱི་པུའུ་ལཱ་བཅས་ཀྱིས་ཁྲིམས་དང་འགལ་ནས་བདག་འཛིན་བྱེད་པར་དམིགས་ཏེ་གཞན་གྱི་རྒྱུ་ནོར་གཡོ་འཕྲོག་བྱས་པའི་གྲངས་འབོར་ཅུང་ཆེ་བས། རྒྱུ་ནོར་གཡོ་འཕྲོག་གི་ནག་ཉེས་བསགས་ཡོད། དཔལ་ལྡན་གྱིས་སྨད་འཚོང་མ་རྩ་འཛུགས་བྱས་པས་སྨད་འཚོང་རྩ་འཛུགས་ཀྱི་ནག་ཉེས་བསགས་ཡོད།

གཅན་ཚ་རྫོང་མི་དམངས་ཁྲིམས་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱོད་དོན་དེར་ཁྲིམས་ཁང་ནས་ཡོངས་བསྒྲགས་ཞིབ་གཅོད་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་ཡོངས་བསྒྲགས་ཀྱིས་ཁྲིམས་ཐག་བཅད། ཞུ་སྦྱོར་ཕྱི་མ་བ་མཱ་མུའུ་ཧ་མའེ་སོགས་མི་བཅུ་ལ་ལོ་གཅིག་ནས་ལོ་དྲུག་བར་ཚད་མི་འདྲ་བའི་བཙོན་འཇུག་གི་ཁྲིམས་ཆད་བཅད་པ་དང་། ཞུ་སྦྱོར་ཕྱི་མ་བ་ཡེ་ཧྲུའུ་ཏི་ལས་གཞན་པའི་ཞུ་སྦྱོར་ཕྱི་མ་བ་བཅུ་ལ་སྒོར་ཉིས་སྟོང་དང་ཆིག་ཁྲི་ལྔ་སྟོང་བར་ཚད་མི་འདྲ་བའི་དངུལ་ཆད་བཅད། དེ་དང་མཉམ་དུ་ངན་ནག་སྟོབས་ཤུགས་ཚོགས་པ་དེས་ནག་ཉེས་ལས་ཐོབ་པའི་ཁྲིམས་འགལ་ཡོང་སྒོ་དང་ཁྲིམས་འགལ་ལག་ཆ་རྣམས་ཁྲིམས་ལྟར་བདའ་ལེན་དང་གཞུང་བཞེས་བྱས། གྱོད་དོན་དེའི་ཁྲོད་ཀྱི་ཉེས་ཅན་མཱ་ཨར་སི་མང་ནའེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་འཛིན་བཟུང་བྱས་རྗེས། གཅན་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཤོ་རྒྱག་ཁང་ཕྱེས་པའི་ཉེས་མིང་གིས་གཞུང་གཏུག་བྱས་པ་དང་། གཅན་ཚ་རྫོང་མི་དམངས་ཁྲིམས་ཁང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་མཱ་ཨར་སི་མང་ནའེ་ཡིས་ཤོ་ཁང་ཕྱེས་པའི་ནག་ཉེས་བསགས་པར་ལོ་གཉིས་ལ་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་པར་མ་ཟད། སྒོར་སྟོང་བརྒྱད་ཀྱི་དངུལ་ཆད་བཅད།

                                                                                                              

 ལོ་ཙཱ། ཚེ་རིང་སྒྲོལ་མ།