ཆོད་སེམས་བརྟན་པོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲག་པོ་ལ་རྒྱལ་ཁ་ལེན་དགོས།
2019.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 76

 ——ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་གྱི་བྱ་བ་ལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ཚོགས་པར་མཚོ་ནུབ་ཁུལ་ཏུ་གྲགས་འགུལ་ཆེན་པོ་བྱུང་།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་གྱི་བྱ་བ་ལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་དེ་ཟི་ལིང་ནས་ཚོགས་རྗེས། མཚོ་ནུབ་ཁུལ་གྱི་ཁེ་ལས་དང་ཚོང་བས་ཧུར་བརྩོན་སྒོས་དང་ལེན་བྱས་ཏེ། མགྱོགས་མྱུར་ངང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲིལ་སྒྲོག་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་བསྟར་དངོས་འབེབ་བྱས་ནས།  ཧུར་བརྩོན་ཆེན་པོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པ་དང་། བདེ་འཇགས་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་པ་བསྟན།

དམངས་ནི་རྒྱལ་ཁབ་ཀྱི་གཞི་རྩ་ཡིན་པ་དང་། རྩ་བ་བརྟན་ན་རྒྱལ་ཁབ་བདེ། ངན་ནག་མ་བཅོམ་ན། དམངས་སེམས་མི་བདེ། ཉིན་དུ་མའི་རིང་ལ། མཚོ་ནུབ་ཁུལ་གྱི་སྲང་ལམ་ཆེ་ཆུང་སོགས་ག་ས་གང་དུ་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་སྦྱར་བྱང་མཐོང་ཐུབ། གོར་མོ་གྲོང་ཁྱེར་གོ་ལི་མུའུ་ཏི་གྲོང་རྡལ་ལིག་སྡེ་བའི་རིན་ཏ་མཉམ་ལས་ཁང་གི་ལས་འཛིན་པ་ལིས་གོ་ཧྲན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱིས་བཏོན་པའི་བྱེད་ཐབས་སྣ་ཚོགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། “དམངས་ལ་རེ་བ་ཡོད་ཚེ། ངེས་པར་དུ་ཁ་གཏད་མཇལ་དགོས། ནག་འཇོམས་ངན་སེལ་ནི་དམངས་ཀྱི་དོན་དུ་གནོད་འཚེ་སེལ་བ་ཡིན་པས་ཧ་ཅང་དགའ་འོས་པའི་དོན་ཞིག་རེད། མཉམ་ལས་ཁང་གི་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་སྐུལ་སློང་ཚོགས་འདུའི་བླང་བྱ་ལྟར་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། རྒྱ་ཆེ་བའི་རུ་མི་རྣམས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་པ་དང་། མཉམ་ལས་ཁང་གི་རུ་མི་རྣམས་ཀྱིས་བདེན་རྫུན་གྱི་དབྱེ་བ་འབྱེད་ཤེས་པ་དང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ངོས་ཟིན་མཐོར་འདེགས་སུ་བཏང་སྟེ། ཐུན་མོང་གིས་མཉམ་འཛུགས་དང་མཉམ་བཅོས། མཉམ་སྤྱོད་བཅས་ཡིན་པའི་ནག་འཇོམས་ངན་སེལ་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།”ཟེར།

མཚོ་ནུབ་ཁུལ་རྒྱལ་གཉེར་མ་རྐང་དངུལ་གཏོང་འཁོར་སྐྱོད་ཚད་ཡོད་ཀུང་ཟི་ཡིས་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཉེ་ལམ་ཀུང་ཟི་དེའི་སྡེ་ཁག་སོ་སོ་དང་ཁོངས་གཏོགས་ཀྱི་ཀུང་ཟི་དག་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་འགུལ་མྱུར་དུ་སྤེལ། བཅར་འདྲི་དང་རྟོག་ཞིབ་བྱས་པ་བརྒྱུད་ནས། ཁེ་ལས་ཀྱིས་དོན་དངོས་ཀྱི་འཁོར་སྐྱོད་བརྒྱུད་རིམ་ཁྲོད་དུ་ནག་ཚོགས་སྟོབས་ཤུགས་ལ་ཅི་ལྟར་ངོས་འཛིན་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་ནག་ཚོགས་ཀྱི་སྟོབས་ཤུགས་ལ་འཕྲད་པ་དང་ཡང་ན“འགེབ་སྲུང་མཁན”སོགས་ཀྱི་དོན་རྐྱེན་ལ་འཕྲད་ཚེ། ཁེ་ལས་སོ་སོའི་འགན་ཁུར་པར་རང་འགུལ་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་སྐུལ་མ་བཏང་། དེ་དང་མཉམ་དུ། ནག་འཇོམས་ངན་སེལ་གྱི་ཤེས་བྱ་དང་དྲིས་ལན་ཁྱབ་གདལ་དུ་བཏང་བ་དང་དྲིལ་སྒྲོག་བྱང་བུ་ལས་པ། 《ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་ལག་དེབ》འགྲེམ་སྤེལ་བྱེད་པ་སོགས་ཀྱི་དྲིལ་སྒྲོག་བྱེད་ཐབས་སྣ་མང་སྤྱད་ནས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དྲིལ་སྒྲོག་བྱས་ཏེ། ཀུང་ཟིའི་ལས་བཟོ་བ་ཡོད་ཚད་ཧུར་བརྩོན་ཆེན་པོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། ནག་འཇོམས་ངན་སེལ་གྱི་སྟོབས་ཤུགས་ཆེ་རུ་བསྐྱེད་པ་དང་དྲིལ་སྒྲོག་བྱ་འགུལ་མཐའ་འཁྱོལ་བྱས་ནས་ལས་བཟོ་བ་ཡོངས་ལ་གོ་བ་དཔྱིས་ཕྱིན་པ་ལོན་པར་བྱས་ཤིང་། བཅའ་ཁྲིམས་གྱི་ལག་ཆ་བཀོལ་སྤྱོད་བྱས་ཏེ་དབང་ཆ་སྲུང་འཛིན་བྱས་ནས་ཀུང་ཟིའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོར་བདེ་འཇགས་དང་བརྟན་བརླིང་གི་ཁོར་ཡུག་ཅིག་བསྐྲུན་དགོས།

“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ནི་དེང་ཕྱིན་གྱི་དུས་སྐབས་ཤིག་གི་བྱ་བ་གཙོ་བོ་ཞིག་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན། རྣམ་པ་དང་བྱེད་ཐབས་མང་པོའི་དྲིལ་སྒྲོག་བྱེད་སྟངས་བརྒྱུད་ནས། ཁེ་ལས་ཀྱི་ལས་བཟོ་བ་རྣམས་ཧུར་བརྩོན་ཆེན་པོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པའི་འདུ་ཤེས་མཐོར་འདེགས་འབྱུང་ཐུབ་པར་ང་ཚོར་ཡིད་ཆེས་ཡོད། གོ་རིམ་རྗེས་མར། ང་ཚོས་དྲིལ་སྒྲོག་བྱ་བ་དེ་ཁེ་ལས་ཀྱི་བྱེད་སྒོ་གཙོ་བོའི་ཁྱབ་ཁོངས་ཡོངས་ལ་ཁྱབ་པར་བྱེད་དགོས”ཞེས་མཚོ་ནུབ་ཁུལ་རྒྱལ་གཉེར་མ་རྐང་དངུལ་གཏོང་འཁོར་སྐྱོད་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་ལས་འཛིན་པ་ཆིས་ཧེ་ཀྲན་གྱིས་བཤད།

“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་རིང་ལ་ང་ཚོ་རླངས་འཁོར་ཁ་ལོ་པའི་སློབ་གྲྭ་ཧུར་བརྩོན་ཆེན་པོས་དེའི་ཁྲོད་དུ་ཞུགས་ཤིང་། དུས་སྐབས་དང་པོའི་ནང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རླངས་འཁོར་ཁ་ལོ་བའི་སློབ་གྲྭར་མི་མང་པའི་ཁྱད་ཆོས་ལ་གཞིགས་ཏེ། གཟའ་འཁོར་རེ་རེར་ཁ་ལོ་བའི་དགེ་རྒན་དང་སློབ་མ་རྣམས་ཀྱིས་ནག་འཇོམས་ངན་སེལ་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་དང་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེ་རང་བཞིན་དྲིལ་སྒྲོག་བྱས་ཏེ། དགེ་སློབ་ཡོངས་ལ་ནག་འཇོམས་ངན་སེལ་གྱི་བྱ་བ་སེམས་ལ་ངེས་པར་བྱས་ནས། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ངན་ནག་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་བྱ་བ་ཞུ་གཏུག་བྱེད་ཕོད་པར་སློབ་སྟོན་དང་སྣེ་ཁྲིད་བྱས་ནས་ཉེ་འགྲམ་གྱི་ངན་ནག་སྟོབས་ཤུགས་ཐེར་འདོན་བྱེད་དགོས། དེ་དང་མཉམ་དུ། ཁ་ལོ་བའི་སློབ་གྲྭས་འཕྲེད་བྱང་འགེལ་བ་དང་བརྡ་ཁྱབ་སྦྱོར་བ། ཞུ་གཏུག་ཡིག་སྒམ་བཟོ་བ་སོགས་དྲིལ་སྒྲོག་བྱེད་ཐབས་སྤྱད་དེ། ནག་འཇོམས་ངན་སེལ་གྱི་བྱ་འགུལ་གྱིས་སློབ་ར་ཡོངས་ལ་ཁྱབ་པར་བྱས་པ་ཡིན།”ཞེས་མཚོ་ནུབ་ཁུལ་ཅིག་དྲུག་རླངས་འཁོར་ཁ་ལོ་བའི་སློབ་གྲྭའི་སློབ་གཙོ་གཞོན་པ་ཝང་ཨན་བུན་གྱིས་བཤད། ནག་འཇོམས་ངན་སེལ་ནི་སྲིད་ཁྲིམས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བ་ཁོ་ན་ཞིག་མ་ཡིན་པར་ཁེ་ལས་བྱ་བ་གཉེར་མཁན་ཡང་དེའི་ཁྲོད་དུ་ཧུར་བརྩོན་སྒོས་ཞུགས་དགོས་པ་དང་། མང་ཚོགས་སྐུལ་སློང་བྱེད་པ་དང་ཁུངས་སྣེ་ཞུ་གཏུག་བྱས་ཏེ་ངན་ནག་སྟོབས་ཤུགས་གཏན་ནས་འདུག་ཐབས་མེད་པ་བྱེད་དགོས།

ལུའུ་ཅན་ཀང་ནི་བུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་མཁའ་ལམ་དང་པོ་མཛེས་ལྗོངས་ཁུལ་གྱི་སྤྱི་གཉེར་བ་གཞོན་པ་རེད། ཉེ་ལམ་ཁོས་ལྗོངས་ཁུལ་དུ་དྲིལ་སྒྲོག་ལག་དེབ་སྟེར་བ་དང་རྒྱ་ཁྱབ་བརྡ་སྦྱོར་སྦྱར་ནས་ཧུར་ཐག་སྒོས་ཡུལ་སྐོར་བ་རེ་རེ་དང་ལས་བཟོ་བ་ཚང་མར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཤེས་བྱར་རྒྱུས་ལོན་བྱེད་དུ་བཅུག  ལུའུ་ཅན་ཀང་གིས་བཤད་རྒྱུར།“ད་ལྟ་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དང་། དྲང་བདེན། བདེ་འཇགས་བཅས་ཕྱོགས་ཀྱི་རེ་བ་སྔར་ལས་ཇེ་མཐོ་རུ་སོང་ཡོད་པ་དང་། མི་འགྱངས་པར་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་དེས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་མཐོར་འདེགས་སུ་བཏང་། ལྗོངས་ཁུལ་གྱི་འགན་ཁུར་བ་ཞིག་ཡིན་པའི་ཆ་ནས་ཧུར་ཐག་སྒོས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས་ཏན་ཏན་ཏིག་ཏིག་སྒོས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱེད་ཐབས་མང་པོ་གཏིང་ཟབ་སྒོས་སྤེལ་ནས། ཡུལ་སྐོར་བ་དང་ལས་བཟོ་བར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཕྱོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས་ཡུལ་སྐོར་བ་དང་ལས་བཟོ་བའི་ཤེས་ཚད་མཐོར་འདེགས་སུ་བཏང་། ཧུར་ཐག་སྒོས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་ནས་མཉམ་དུ་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། རྗེས་མར་ལྗོངས་ཁུལ་གྱིས་མི་འགྱངས་པར་དྲིལ་སྒྲོག་དང་བརྟག་དཔྱད་ཤུགས་ཚད་ལ་ཤུགས་བསྣན་ནས། ནུས་ཤུགས་ཡོད་དགུས་ཡུལ་སྐོར་བའི་ཆེད་དུ་བདེ་འཇགས་དང་བརྟན་བརླིང་གི་ལྗོངས་རྒྱུའི་སྒྲིག་ལམ་ཞིག་གསར་དུ་བཟོས་ནས་ལྗོངས་ཁུལ་གྱི་ཆེད་དུ་འཆམ་མཐུན་དང་བདེ་སྐྱིད་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།”
     “ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་རུ་ཁག་མཚོ་སྔོན་དུ་ཡོང་ནས་མཁྲེགས་གཏོར་ལྟ་སྐུལ་མཛུབ་སྟོན་སྤེལ་བ་དེས་ཏང་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཆོད་སེམས་བརྟན་པོར་སྐུལ་འདེད་བཏང་བ་མཚོན་ཡོད་ལ། དེ་ནི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་དང་ནད་ཐོག་སྨན་བཅོས་ཐེངས་ཤིག་བྱས་པ་ཞིག་ཀྱང་ཡིན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནི་མང་ཚོགས་ལ་སྲུང་སྐྱོབ་བྱེད་པའི་དོན་བཟང་ཆེན་པོ་ཞིག་ཡིན་ལ། ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱེད་དགོས།”ཞེས་ཐེམ་ཆེན་རྫོང་ཚན་རྩལ་གསར་སྐྲུན་གླིང་གི་འགན་ཁུར་བ་གུང་ཆིན་མིན་གྱིས་བཤད། སྤྱི་ཚོགས་ཁོར་ཡུག་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱ་ཆེད་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་དང་། ཐེམ་ཆེན་རྫོང་ཚན་རྩལ་གསར་སྐྲུན་གླིང་གིས་མགོ་ཁྲིད་པ་དང་ལས་བཟོ་བས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བརྗོད་གཞི་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས་ཏང་ཡོན་གྱི་ངོས་ཟིན་མཐོར་འདེགས་སུ་བཏང་ནས་བསམ་བློ་གཅིག་གྱུར་དང་རང་འགུལ་སྒོས་བསྒྲུབ་པ། འགན་ཁུར་ཕོད་པའི་བླང་བྱ་བཏོན་པ་དང་།  དེ་དང་མཉམ་དུ་རྩ་འཛུགས་མི་སྣ་རྣམས་འབྲོག་ཁུལ་དུ་ཟབ་ཞུགས་བྱས་ནས་རྒྱ་ཆེ་འབྲོག་པ་རྣམས་ལ་དྲིལ་སྒྲོག་དང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་བཅོས་སྐྱོང་མཉམ་སྤྱོད་བཅས་བྱེད་པའི་ནག་འཇོམས་ངན་སེལ་གྱི་ཁོར་ཡུག་ཅིག་བསྐྲུན་དགོས།
          བདེ་འཇགས་འདོད་པ་དང་། བདེ་འཇགས་ལ་རེ་བ། བདེ་འཇགས་སྲུང་བ་བཅས་ནི་མི་དམངས་མང་ཚོགས་ཀྱི་རེ་སྙེག་བྱེད་ས་རེད། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བདེ་འཇགས་དང་གོ་རིམ་ཡོད་པ། རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་ལ་འགན་སྲུང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གཡུལ་འགྱེད་དྲག་པོ་འདི་ལས་རྒྱལ་དགོས་ན་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་ཤུགས་ཆེར་གཏོང་དགོས། ཀྲུང་གོའི་ལྕགས་ལམ་མཚོ་བོད་མཐུན་ཚོགས་ཚད་ཡོད་ཀུང་ཟིའི་གཏེར་ལེན་ཁའི་མེ་འཁོར་ས་ཚིགས་ཀྱི་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཀྲུང་ཞི་ཡིས་བཤད་རྒྱུར། “ཧུར་ཐག་སྒོས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་བདེ་འཇགས་བརྟན་གནས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པ་དང་། མེ་འཁོར་ས་ཚིགས་ཀྱི་ཏང་ཨུས་དྲིལ་སྒྲོག་རུ་ཆུང་ཞིག་བཙུགས་ཏེ། འབབ་ཚིགས་སོ་སོར་སོང་ནས་ལས་རེས་བརྗེ་སྤོར་བྱེད་པ་དང་ལས་བཟོ་བས་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པར་སྐུལ་ལྕག་སྣེ་ཁྲིད་བྱས་ཏེ། ཧུར་ཐག་སྒོས་ནག་འབྲེལ་ངན་འབྲེལ་གྱི་ཁྲིམས་འགལ་ཉེས་ཅན་ཁུངས་སྣེ་ཅི་རིགས་ཞུ་གཏུག་ཐེར་འདོན་བྱས། དུས་མཉམ་དུ་ང་ཚོས་ཧུར་ཐག་སྒོས་མེ་འཁོར་ས་ཚིགས་ཀྱི་སྲང་ལམ་དོན་གཅོད་ཁང་དང་འབྲེལ་བ་བྱས་ནས་གཏེར་ལེན་ཁའི་ས་ཚིགས་ནས་མཉམ་འབྲེལ་སྒོས་ནག་འཇོམས་ངན་སེལ་བརྗོད་གཞི་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ། བྱ་འགུལ་ཁྲོད་ལས་བཟོ་བས་དྲིལ་སྒྲོག་སྦྱར་བྱང་བཀལ་བ་དང་། ཡུལ་སྐོར་བར་དྲིལ་སྒྲོག་ལག་དེབ་སྟེར་བ། བློ་འདྲི་ས་ཚིགས་འཛུགས་པ། ཡུལ་དངོས་ནས་ནག་འཇོམས་ངན་སེལ་གྱི་གལ་ཆེའི་ནང་དོན་སྒྲོག་འགྲེལ་བྱས་པ་བཅས་བརྒྱུད་དེ། ངན་ནག་སྟོབས་ཤུགས་རྣམ་པ་མི་འདྲ་བའི་སྒོ་ནས་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ་སྔར་ལས་ལྷག་པར་ལས་བཟོ་བ་དང་རྒྱ་ཆེའི་ཡུལ་སྐོར་བས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་པར་ཤུགས་སྣོན་བྱས། གོ་རིམ་རྗེས་མར་ང་ཚོས་ནག་འཇོམས་ངན་སེལ་གྱི་བྱ་འགུལ་རྒྱུན་འཁྱོངས་བྱས་ཏེ་རྒྱ་ཆེའི་འགོ་ཁྲིད་ལས་བྱེད་པའི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། སྤྱི་བདེ་ལས་ཁུངས་ཀྱིས་མྱུལ་ཞིབ་ཀྱི་བྱ་བ་བསྒྲུབ་པར་རམ་འདེགས་བྱེད་པ། སྲོལ་བཟང་སྤྱོད་གཙང་གི་ཁེ་ལས་ཀྱི་ཁོར་ཡུག་ཞིག་བསྐྲུན་དགོས། ”
       གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུ་འདོན་ཚད་ཡོད་ཀུང་ཟིར་ཐོན་དུས། ཐོག་ཁང་གི་འགྲམ་གཉིས་སུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་འཕྲེད་བྱང་བཀལ་འདུག་པ་དང་ལས་གཉེར་ཚོམས་ཆེན་གྱི་ག་ས་གང་དུ་དྲིལ་སྒྲོག་བྱང་བུ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་ཡིག་ཆ་བཀལ་འདུག  གློག་རྡུལ་འཆར་ཡོལ་ངོས་སུ་ནག་འཇོམས་ངན་སེལ་དྲིལ་སྒྲོག་སྦྱར་ཚིག་དང་རྨང་གཞིའི་ཤེས་བྱའི་སྐོར་ཡང་དང་བསྐྱར་དུ་གཏོང་བཞིན་འདུག  “ངན་ནག་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་དུག་སྐྲན་དང་། མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་ས་ཡིན་པས་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱེད་དགོས། ང་ཚོས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལྟར་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། ཁེ་ལས་པ་དང་ལས་བཟོ་བས་སྐུལ་སློང་ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱེད་པར་ནན་ཏན་སྒོས་རྩ་འཛུགས་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་བའི་ལས་གནས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱེད་པར་སྐུལ་སློང་བྱས་ནས། ཏང་རྩ་འཛུགས་ཀྱི་འཐབ་ཇུས་བཙན་རྫོང་གི་ནུས་པ་དང་སྔོན་ཐོན་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ལ་སྐུལ་སློང་བྱེད་པའི་ཁྲོད་དུ་ཧུར་བརྩོན་སྒོས་ཞུགས་ནས་དུས་ཐོག་ཏུ་ངན་ནག་གི་ཁུངས་སྣེ་ཞུ་གཏུག་བྱས་ནས། བློ་ཐག་རྦད་ཆོད་ཀྱིས་ངན་ནག་སྟོབས་ཤུགས་ལ་འཐབ་རྩོད་བརྒྱབ་སྟེ། མཚོ་ནུབ་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་ཡོང་བར་བྱས་རྗེས་འཇོག་དགོས”ཞེས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུ་འདོན་ཚད་ཡོད་ཀུང་ཟིའི་འགན་ཁུར་བ་ལིས་ལིས་ཀྱིས་བཤད།

                                                                         ལོ་ཙཱ་བ།  གཡང་འབུམ་རྒྱལ། སྐར་མ་མཚོ།