ཏང་སྲིད་འགན་འཁྲི་ཇེ་དྲག་དང་བྱ་བ་སྒྲུབ་ཤུགས་ཇེ་ཆེར་བཏང་ནས། མཚོ་སྔོན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས།
2019.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་བུའུ་ཞིན་ཞུང་དང་། ཚན་གཙོ་གཞོན་པ་ཏུའུ་བན་དཔའ། སྤྱིའི་འབྲེལ་གཏུག་མི་སྣ་དཔའ་ཧྥིན་བཅས་ཀྱིས་སྣེ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཡུལ་དངོས་ནས་ལྟ་སྐོར་བྱས། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན་བཅས་ཡུལ་དངོས་སུ་སོང་ནས་ཉེན་རྟོག་པ་དང་ལས་བྱེད་མི་སྣར་འཚམས་འདྲི་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་སློབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བང་ཞའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུན་པའོ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

བུའུ་ཞུན་ཞུང་གིས་བསྟན་དོན། ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་པ་དང་། སེམས་ཞིབ་མོས་རྩ་འཛུགས་དང་མཚོ་སྔོན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་པར་གཏིང་ཟབ་སྒོས་སྐུལ་འདེད་བྱས། གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་བཀོད་ཇུས་དང་བཀོད་སྒྲིག་ཞིབ་ཚགས་བྱས་པའི་མཇུག་འབྲས་ཡིན་པ་དང་།  ཞིང་ཆེན་ཏང་ཨུས་ལག་ལེན་དོན་འཁྱོལ་དང་དངོས་འབེབ་དམ་འཛིན་བྱས་པའི་གྲུབ་འབྲས་ཡིན་ལ། རྒྱ་ཆེའི་ཉེན་རྟོག་པ་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ཡོད་ཚད་ཕུལ་བའི་གྲུབ་འབྲས་ཡིན། གོ་སྐབས་འདི་དང་བསྟུན་ནས། ངས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚབ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཡུལ་དངོས་སུ་བྱ་བར་འབད་འཐབ་བྱེད་བཞིན་པའི་ཉེན་རྟོག་པ་དང་ལས་བྱེད་མི་སྣར་གུས་བཀུར་བླ་མེད་བྱེད་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།

བུའུ་ཞུན་ཞུང་གིས་ནན་གྱིས་བསྟན་དོན། མིག་སྔར་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་མཁྲེགས་གཏོར་གྱི་དུས་རིམ་དང་གཏིང་ཟབ་དུ་སྤེལ་བའི་དུས་རིམ་དུ་སླེབས་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་གཏིང་ཟབ་སྒོས་ལག་ལེན་དོན་འཁྱོལ་བྱས་ཏེ། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “སྲུང་སྐྱོང་གཉིས”ཀྱི་བྱ་བ་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་ནས། ཆབ་སྲིད་ཀྱི་ཤེས་ཚོར་དང་དགོངས་པའི་ཤེས་ཚོར། བྱ་སྤྱོད་ཀྱི་ཤེས་ཚོར་བཅས་དངོས་གནས་མཐོར་འདེགས་སུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཏང་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ལངས་གནས་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། མུ་མཐུད་དུ་འབད་པ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བཀོད་སྒྲིག་ཞིབ་ཚགས་དང་གཞོག་འདེགས་དམ་པོ་བྱེད་པ། མཁྲེགས་གཏོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ཅིས་ཀྱང་རྒྱལ་ཁ་ལེན་དགོས།

རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དངོས་གནས་དྲིལ་སྒྲོག་ནུས་ཤུགས་དང་སྐུལ་སློང་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱི་ས་ཆ་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། སྐད་རིགས་དང་བྱེད་ཐབས་མང་པོ་སྤྱད་ནས། ཧུར་ཐག་གིས་ཁྲིམས་ལྟར་གྱོད་དོན་ཐག་གཅོད་བྱེད་པ་དང་། གྱོད་གཞིར་བརྟེན་ནས་ཁྲིམས་དོན་འགྲེལ་བཤད་བྱེད་པ། རྒྱ་ཆེའི་མང་ཚོགས་ལ་ནག་འཇོམས་ངན་སེལ་གྱི་སྲིད་ཇུས་དང་གྲུབ་འབྲས་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཏང་ཨུ་དང་སྲིད་གཞུང་གི་ནག་འཇོམས་ངན་སེལ་གྱི་ཆོད་སེམས་བརྟན་པོ་ཤེས་སུ་འཇུག་པ་དང་། ཡོངས་ཁྱབ་ཏུ་མི་དམངས་མང་ཚོགས་ཆེད་དོན་འཐབ་རྩོད་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་ཏེ། ནག་འཇོམས་ངན་སེལ་གྱི་མི་དམངས་དམག་འཁྲུག་ཐེངས་ཤིག་ལེགས་པོར་སྤེལ་དགོས།

སྤྱི་བདེ་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་ཉེས་ཆད་དྲག་པོ་བཅད་དེ། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་ཉེས་མེད་ཉེས་འཛུགས་ཀྱི་ངན་ནག་ལ་འབྲེལ་བ་ཡོད་པའི་ཁུངས་སྣེ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱེད་པ་དང་། “ངན་ནག་གི་གྱོད་དོན་ཞིབ་བཤེར་དང་མཁྲེགས་གཏོར་བྱ་འགུལ”ཐོལ་བརྒལ་བྱེད་སར་བརྩིས་ཏེ། དངོས་ནས་ཁུངས་སྣེ་གཏིང་སྔོག་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གནད་དོན་དང་ཁུངས་སྣེ“ཞིབ་བཤེར་ཆེན་པོ་དང་གསལ་འདོན་ཆེན་པོ”བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ཤུགས་རྐྱེན་ཆེ་བ་དང་ངན་ནག་སྟོབས་ཤུགས་ཆེན་པོར་འབྲེལ་བའི་གྱོད་དོན་སྐོར་ཞིག་རྩད་ཆོད། སློབ་ར་ནས་དངུལ་བུན་བསྐྱི་བ་དང་མགོ་བསྐོར་གྱི་ཐབས་ལམ་ལ་བརྟེན་ནས་དངུལ་བུན་བསྐྱི་བ། “ཚལ་གཤེད།”“ལམ་གཤེད”དང་གཏེར་ཁ་སྔོན་འདོན། བཟོ་སྐྲུན་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་ཁྲོམ་ར་ཧམ་གཉེར་དང་“འཆལ་སྤྱོད། རྒྱན་འཇོག དུག་རྫས།”མེ་མདའ་འབར་གས་སོགས་ཁྲིམས་འགལ་ཉེས་དོན་གྱི་འབུར་ཐོན་གནད་དོན་དམ་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཏིང་སྔོག་རྩ་བཤེར་དང་རྡུང་རྡེག་དྲག་པོ་བྱས་ནས། ངན་ནག་སྟོབས་ཤུགས་ལ་རྒྱུན་མཐུད་སྒོས་རྡུང་རྡེག་དྲག་པོ་གཏོང་དགོས། དོན་དངོས་གཞིར་འཛིན་པ་དང་བཅའ་ཁྲིམས་ཚད་གཞིར་བརྩི་བ། ཁྲིམས་སྐྱོང་གི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་འཐབ་རྩོད་དེ་མགོ་མཇུག་བར་གསུམ་དུ་ཁྲིམས་སྐྱོང་གི་འཁོར་ལམ་དུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས “གཅིག་མཚུངས་གཉིས”དང“གྱོད་དོན་གཅིག་དང་ཞིབ་བཤེར་གསུམ”གྱི་རེ་བ་ནན་ཏན་སྒོས་དངོས་འབེབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཁྲིམས་ལས་ཁུངས་ལ་རོགས་ལས་མཉམ་སྒྲུབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དངོས་གནས“འགེབ་སྲུང་མཁན”ལ་གཏིང་སྔོག་རྩ་བཤེར་དང་ཏང་ཨུ་སྲིད་གཞུང་། འགན་ནུས་སྡེ་ཁག་གི་འགན་འཁྲི་ལག་བསྟར་གྱི་གནས་ཚུལ་ལ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཇེ་དྲག་བཏང་སྟེ། དུས་བསྟུན་སྒོས“ཉེས་འཇོམས་འགེབ་གཏོར་གྱི་མཁྲེགས་གཏོར་བྱ་སྤྱོད”སྤེལ་བ་དང་། ངན་ནག་རུལ་སུངས་ཀྱི་གནད་དོན་དང“འགེབ་སྲུང་མཁན”སྐོར་ཞིག་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ། མུ་མཐུད་དུ“ཉེས་འཇོམས་འགེབ་གཏོར”ལ་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

རིམ་པ་སོ་སོའི་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས། འགན་ཁུར་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་དབྱང་གི་དམིགས་འབེན་བླང་བྱ་ཚད་གཞིར་བཟུང་ནས། དཀའ་གནད་སེལ་བ་དང་མི་འདང་ས་ཁ་གསབ་བྱེད་པ། གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། སྒྲུབ་སྐུལ་གྱི་ནུས་པ་ཇེ་ཆེར་བཏང་སྟེ། ཁོངས་ཞུགས་སྡེ་ཁག་སོ་སོའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཁོངས་ཞུགས་སྡེ་ཁག་སོ་སོས་མཐུན་སྦྱོར་དམ་ཟབ་དང་ཕན་ཚུན་མཉམ་སྒུལ། ཕྱོགས་མཚུངས་ཤུགས་འདོན་བཅས་ལ་སྐུལ་འདེད་བཏང་ནས། དངོས་གནས་ཁུངས་སྣེ་གཏིང་སྔོག་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད། ཉེས་འཇོམས་འགེབ་གཏོར། མི་འོས་ཐོབ་ནོར་ལ་རྡུང་རྡེག་སོགས་ཀྱི་བྱ་བའི་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཆེད་དོན་འཐབ་རྩོད་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་ཁག་ཐེག་བྱས་ནས། མཚོ་སྔོན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མུ་མཐུད་དུ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།