ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་སྐོར་བཞི་བས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བྱ་བའི་སྙན་ཞུའི་ཚོགས་འདུ་བསྡུས་པར་ལྟ་སྐུལ་མཛུབ་སྟོན་བྱས། ཚན་སྐོར་བཞི་བའི་ཚན་གཙོ་ཞུའུ་ཞའོ་ཅིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་བྱ་བ་སྒྲུབ་པའི་གནས་ཚུལ་ཡར་ཞུ་བྱས།

ཞུའུ་ཞའོ་ཅིན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་ནི་གནད་དོན་འཚོལ་བ་དང་ཐག་གཅོད་བྱེད་པར་སྐུལ་འདེད་བྱེད་པའི་ནུས་ལྡན་མཚོན་ཆ་ཡིན་པར་མ་ཟད་དངོས་འབེབས་དམ་འཛིན་བྱེད་དགོས་པའི་གནད་འགག་གི་བྱ་བ་ཞིག་ཡིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཆེད་དོན་འཐབ་རྩོད་ཀྱི་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་བྱས་ནས་མི་དམངས་ཀྱི་རེ་སྨོན་ལ་ཨ་ལན་སློག་པ།  དཀའ་གནད་དང་གཙོ་གནད་ཐག་གཅོད་བྱས་ཏེ་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས། དམིགས་འབེན་ལས་འགན་བསྡུར་བ་དང་ཆེད་དོན་འཐབ་རྩོད་བྱ་བའི་གཙོ་གནད་དང་བྱེད་ཐབས། མཇུག་འབྲས་བཅས་གསལ་བོར་བྱས་ཏེ་ཆེད་དོན་འཐབ་རྩོད་བྱ་བའི་བཀོད་སྒྲིག་དང་ཇུས་ཆོད་སྣ་ཚོགས་ལག་བསྟར་རྦད་ཆོད་བྱེད་དགོས། ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་བཅོས་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཧྲག་བསྡུས་སྟོབས་ཤུགས་རྩ་འཛུགས་ཀྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ལ་སྒྲུབ་འགན་སྤྲོད་པ་དང་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཁུངས་སྣེ་གཅིག་བསྡུས་སྒོས་མཁྲེགས་གཏོར་བྱེད་པ། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་འབྲེལ་ཡོད་ལས་བྱེད་མགོ་ཁྲིད་པ་དང་གཞི་རིམ་ལས་བྱེད་པའི་ཁྱབ་གདལ་གླེང་མོལ་བྱེད་པར་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་གནས་ཚུལ་གྱི་གཞི་གྲངས་གསལ་བོར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་སྐུལ་སློང་བྱས་ནས་ཕན་འབྲས་ལྡན་པའི་ཁུངས་སྣེ་འདོན་སྤྲོད་བྱེད་པ་དང་ངན་ནག་སྟོབས་ཤུགས་ཀྱི་རྒྱབ་ཕྱོགས་ཀྱི་རུལ་སུངས་སུ་གྱུར་བའི་གནད་དོན་དང“འགེབ་སྲུང་མཁན”གཏིང་སློག་བྱེད་པ། རིམ་པ་སོ་སོའི་ནག་འཇོམས་ངན་སེལ་གྱི་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་བཅས་བྱས་ནས་ཆེད་དོན་འཐབ་རྩོད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པར་འགན་སྲུང་བྱེད་དགོས།

ཉི་མ་སྒྲོལ་མས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་བྱ་བ་གོ་སྐབས་སུ་བཟུང་ནས། ཡང་བསྐྱར་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་དགོངས་དོན་དང་དོན་སྙིང་ལ་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ཟབ་མོ་བླངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་གཏིང་ཟབ་དང་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱས་ནས། ཏང་ཨུའི་གཙོ་གྲུབ་ལས་འགན་ལག་བསྟར་དངོས་འབེབས་བྱས་ནས་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ལས་འགན་བཅས་ཀྱིས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་ཡོད་ཚད་ཀྱིས་ཡར་སྐུལ་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཤེས་རྟོགས་བྱུང་བའི་གནད་དོན་དང་བསམ་འཆར་ཡོད་ཚད་ལ་དབྱེ་ཞིབ་གསལ་བོ་དང་མྱུར་བཅོས་མྱུར་སྒྲུབ་བཅས་ཀྱིས་བྱ་བ་རེ་རེ་ལག་བསྟར་བཟང་བོ་བྱས་ཏེ། མི་དམངས་མང་ཚོགས་ལ་བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་སྐོར་ལྔ་བས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱ་བའི་སྙན་ཞུའི་ཚོགས་འདུ་བསྡུས་པར་ལྟ་སྐུལ་མཛུབ་སྟོན་བྱས། ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་སྐོར་ལྔ་བའི་ཚན་གཙོ་ཞུའུ་ཅན་ཡོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆའོ་ཞའེ་ཀྲི་ཡིས་རྨ་ལྷོ་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

ཞུའུ་ཅན་ཡོན་གྱིས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པར་མ་ཟད་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། རྨ་ལྷོ་ཁུལ་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ་དང་ལག་བསྟར་དངོས་འབེབས་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་བྱ་བ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་ཆབ་སྲིད་ཀྱི་ལས་འགན་དམ་འཛིན་བྱས་ནས། མི་དམངས་ཀྱི་རེ་འདུན་ལ་ཨ་ལན་སློག་པ་དང་གཙོ་གནད་དང་དཀའ་གནད་གནད་དོན་ཐག་གཅོད་བྱས་ཏེ་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས། དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་དང་བཅའ་ཁྲིམས་ལྟར་ཁྲིམས་གཅོད་ནན་མོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། རྟོག་ཞིབ་གཏིང་ཟབ་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དང་རྩ་འཛུགས་མགོ་ཁྲིད་སོགས་ལྟ་སྐུལ་མཛུབ་སྟོན་གཙོ་གནད་དུ་འཛིན་པར་དམིགས་ནས། གནད་དོན་སྔོག་པ་དང་གནད་དོན་ཕྱོགས་བསྡུས་བྱེད་པ། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱིས་བྱ་བ་ལག་བསྟར་བྱེད་པར་ཡར་སྐུལ་བྱེད་དགོས། ཕྱོགས་གཅིག་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་ཕྱོགས་གཅིག་ནས་བཅོས་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ལ་སྒྲུབ་འགན་སྤྲོད་པ་དང་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཁུངས་སྣེ་ལ་གཞིགས་ནས་ཧྲག་བསྡུས་སྟོབས་ཤུགས་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་བྱ་བའི་ཆད་ལྷག་སོགས་མྱུར་དུ་བཅོས་བསྒྱུར་བྱེད་དགོས། མགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་བྱས་ནས་རིམ་པ་སོ་སོའི་ནག་འཇོམས་ངན་སེལ་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ནག་འཇོམས་ངན་སེལ་ཆེད་དོན་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་བྱེད་དགོས།

ཆའོ་ཞའེ་ཀྲི་ཡིས་བསམ་བློའི་ངོས་ཟིན་དང་ལག་བསྟར་ཡར་སྐུལ། ཁུངས་སྣེ་འཚོལ་བ། རྡུང་རྡེག་ཉེས་གཅོད། ཕྱོགས་བསྡུས་བཅོས་སྐྱོང་། སྔོག་འདོན་མཐར་ཕྱིན། རྩ་འཛུགས་འཛུགས་སྐྲུན། དྲིལ་སྒྲོག་སྐུལ་སློང་སོགས་ཕྱོགས་བརྒྱད་ནས་གནད་དོན་ལ་དབྱེ་ཞིབ་བྱས། ཁོས་བསྟན་དོན། རྨ་ལྷོ་ཁུལ་གྱིས་ཐེངས་འདིའི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་བྱ་བ་གོ་སྐབས་སུ་བཟུང་ནས། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་བཏང་སྟེ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་དང་དགོས་གལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔར་ལས་ཡིད་ཆེས་བརྟན་པོ་དང་དངོས་གཉེར་གྱི་སྤྱོད་སྟངས། ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས། ཆེད་དོན་འཐབ་རྩོད་དེ་ཕྱོགས་ཡོངས་ནས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་གཟབ་ནན་སྒོས་སྐུལ་འདེད་བྱས་ཏེ། ཆེད་དོན་འཐབ་རྩོད་ལ་ཐོག་མཐའ་བར་གསུམ་དུ་བརྒལ་གཏོར་གསར་བ་འབྱུང་བར་སྐུལ་འདེད་བྱེད་དགོས།

                                                                             ལོ་ཙཱ་བ། གཡང་འབུམ་རྒྱལ།