ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས།
2019.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱས།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་སྐོར་གསུམ་པས་ཡུལ་ཤུལ་ཁུལ་གྱིས་བྱ་བའི་སྙན་ཞུའི་ཚོགས་འདུ་བསྡུས་པར་ལྟ་སྐུལ་མཛུབ་སྟོན་བྱས། ཚན་སྐོར་གསུམ་པའི་ཚན་གཙོ་ཀྲང་ཁི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་བུའུ་ཏི་ཅོན་གྱིས་ཡུལ་ཤུལ་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་བྱ་བ་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས།

ཀྲང་ཁི་ཡིས་བསྟན་དོན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཡིན། ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་འགོ་ཁྲིད་བརྟན་པོ་དང་། ཁུལ་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་བྱེ་བྲག་གི་མཛུབ་སྟོན་མཐུན་སྦྱོར་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ནན་མོ་བྱས་པས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཀྲང་ཁི་ཡིས་ནན་གྱིས་བསྟན་དོན། ལྟ་སྐུལ་མཛུབ་སྟོན་ནི་གནད་དོན་རྙེད་པ་དང་། གནད་དོན་ཐག་གཅོད་ལ་སྐུལ་འདེད་བྱེད་པའི་ནུས་ལྡན་ལག་ཆ་ལྟ་བུ་ཡིན་ལ། དངོས་འབེབ་དམ་འཛིན་བྱེད་པའི་གནད་འགག་ཅིག་ཡིན། ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་དངོས་གནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་གྱི་བྱ་བའི་ནང་དོན་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བཟང་བོར་བསྒྲུབ་སྟེ། ཆེད་དོན་འཐབ་རྩོད་བྱ་བ་དེ“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ཞེས་པའི་སློབ་གསོའི་བརྗོད་དོན་ཡིན་པའི་ལག་ལེན་ཐད་སྐུལ་འདེད་བྱས་པ་དང་། ཆབ་སྲིད་ཀྱི་ཤེས་ཚོར་དང་དགོངས་པའི་ཤེས་ཚོར། བྱ་སྤྱོད་ཀྱི་ཤེས་ཚོར་བཅས་ལག་ལེན་མཐར་ཕྱིན་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་གྱི་བྱ་བའི་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་དམ་འཛིན་བྱས་ནས་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ། དཀའ་གནད་དང་གཙོ་གནད་ཐག་གཅོད་བྱས་ཏེ་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས། དམིགས་འབེན་ལས་འགན་བསྡུར་བ་དང་ཆེད་དོན་འཐབ་རྩོད་བྱ་བའི་གཙོ་གནད་དང་བྱེད་ཐབས། མཇུག་འབྲས་བཅས་གསལ་བོར་བྱས་ཏེ་ཆེད་དོན་འཐབ་རྩོད་བྱ་བའི་བཀོད་སྒྲིག་དང་ཇུས་ཆོད་སྣ་ཚོགས་ལག་བསྟར་རྦད་ཆོད་བྱེད་དགོས། འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས། ལས་འབྲས་གཙོ་བོ་གཅིག་བསྡུས་བྱེད་པ་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ནག་འཇོམས་ངན་སེལ་གྱི་དོན་དངོས་གྲུབ་འབྲས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་དང་བཅའ་ཁྲིམས་ལྟར་ཁྲིམས་གཅོད་ནན་མོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། རྟོག་ཞིབ་གཏིང་ཟབ་བྱེད་པ། རྩ་འཛུགས་འཛུགས་སྐྲུན་དང་རྩ་འཛུགས་འགོ་ཁྲིད་སོགས་ལྟ་སྐུལ་མཛུབ་སྟོན་གཙོ་གནད་དུ་འཛིན་པར་དམིགས་ནས། གནད་དོན་སྔོག་པ་དང་གནད་དོན་ཕྱོགས་བསྡུས་བྱེད་པ། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱིས་བྱ་བ་ལག་བསྟར་བྱེད་པར་ཡར་སྐུལ་བྱེད་དགོས། ཕྱོགས་གཅིག་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་ཕྱོགས་གཅིག་ནས་བཅོས་བསྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ལ་སྒྲུབ་འགན་སྤྲོད་པ་དང་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཁུངས་སྣེ་ལ་གཞིགས་ནས་སྟོབས་ཤུགས་རྩ་འཛུགས་ཧྲིལ་བསྡུས་ཀྱིས་མང་ཚོགས་ཀྱི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་བྱ་བའི་ཆད་ལྷག་སོགས་མྱུར་དུ་བཅོས་བསྒྱུར་བྱེད་དགོས། འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་བྱས་ནས་རིམ་པ་སོ་སོའི་ནག་འཇོམས་ངན་སེལ་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ནག་འཇོམས་ངན་སེལ་ཆེད་དོན་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།

བུའུ་ཏི་ཅོན་གྱིས་ཏང་འཛུགས་སྣེ་ཁྲིད་དང་བསམ་བློ་སྐུལ་སློང་བཟང་བོ་བྱེད་པ། ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ། ཕྱོགས་ཡོངས་ནས་བཀེག་རྐྱེན་སྣ་ཚོགས་སེལ་བ། འགན་འཁྲི་རྒྱུན་མཐུད་དངོས་འབེབ་བྱེད་པ་སོགས་ཕྱོགས་ལྔའི་གནད་དོན་ལ་དབྱེ་ཞིབ་གསལ་བོ་བྱས། བུའུ་ཏི་ཅོན་གྱིས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་གོ་སྐབས་སུ་བརྩིས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། འཐབ་འཛིང་གི་སྙིང་སྟོབས་ཀྱིས་ཆེད་དོན་འཐབ་རྩོད་དམ་འཛིན་བཟང་བོ་བྱེད་པ་དང་། ཆེད་དོན་འཐབ་རྩོད་ཀྱི་འགན་ཁུར་བསམ་པ་དང་འགན་འཁྲིའི་བསམ་པ། དགོས་གཏུག་གི་བསམ་པ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། “ཏང་འཛུགས་དང་བོད་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང”ཡུལ་ཤུལ་གྱི་ཉམས་མྱོང་ཁྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ལག་ལེན་བཟང་བོ་བྱེད་པ། དངོས་འབེབ་བཟང་བོ་བཅས་བྱེད་རྒྱུ་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་བཏོན་པའི་གནད་དོན་དང་བསམ་འཆར་ཚང་མ་བསྡུ་ལེན་བྱས་ཏེ། གཏིང་ཟབ་ཏུ་དབྱེ་ཞིབ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་དུ་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་དགོས་ལ། ཡུལ་ཤུལ་གྱི་ཡུན་རིང་བདེ་འགོད་ལ་རྨང་གཞི་གཏིང་བ་དང་། མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་ཚོར་སྣང་སྟེར་དགོས་ཟེར།

ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་སྐོར་བཞི་བས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བྱ་བའི་སྙན་ཞུའི་ཚོགས་འདུ་བསྡུས་པར་ལྟ་སྐུལ་མཛུབ་སྟོན་བྱས། ཚན་སྐོར་བཞི་བའི་ཚན་གཙོ་ཞུའུ་ཞའོ་ཅིན་སོགས་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་མི་སྣ་ཚོགས་འདུར་ཞུགས། མགོ་ལོག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

ཞུའུ་ཞའོ་ཅིན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་རེད། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་གནད་དོན་རྙེད་པ་དང་། གནད་དོན་ཐག་གཅོད་ལ་སྐུལ་འདེད་བྱེད་པའི་ནུས་ལྡན་ལག་ཆ་ལྟ་བུ་ཡིན་ལ། དངོས་འབེབ་དམ་འཛིན་དང་བྱ་བར་སྐུལ་འདེད་བྱེད་པའི་གནད་འགག་ཅིག་རེད། མགོ་ལོག་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཏིང་ཟབ་སྒོས་སློབ་སྦྱོང་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངེས་ཟིན་གང་ལེགས་བྱེད་པ་དང་། མུ་མཐུད་དུ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་གྲོས་རིམ་ཉིན་ཐོ་གལ་ཆེན་དུ་བརྩིས་ནས། ལྟ་སྐུལ་མཛུབ་སྟོན་བྱ་བ་དེ་གོ་གནས་གལ་ཆེན་དུ་འཇོག་པ་དང་དཀའ་གནད་དང་གཙོ་གནད་སེལ་ཏེ། དོན་དངོས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཀྱི་རེ་འདུན་ལ་ཨ་ལན་སློག་པ་དང་། བློ་ཐག་རྦད་ཆོད་སྒོས་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས། ནན་ཏན་སྒོས་དམིགས་འབེན་འགན་འཁྲི་གསལ་བོ་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་བྱ་བའི་བཀོད་སྒྲིག་སྣ་ཚོགས་དངོས་འབེབ་བཟང་བོ་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་བྱེད་ཞོར་བཅོས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལས་སྒྲུབ་རྐང་འཛིན་མི་སྣ་རྩ་འཛུགས་བྱས་ཏེ་ཁུངས་སྣེ་གཅིག་བསྡུས་བྱེད་པ་དང་། གཞི་རིམ་གྱི་ལས་བྱེད་མི་སྣར་ཁྱབ་གདལ་སྒོས་ཁ་བརྡ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱིས་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱེད་པར་སྐུལ་སློང་བྱས་ནས། ངན་ནག་སྟོབས་ཤུགས་དང་རུལ་སུངས་ཀྱི་གནད་དོན། “འགེབ་སྲུང་མཁན”བཅས་གཏིང་སྔོག་རྩད་བཤེར་བྱས་ཏེ། རིམ་པ་སོ་སོའི་ནག་འཇོམས་ངན་སེལ་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱ་དགོས་ཟེར།

ཝུའུ་ཡུས་ཀྲང་གིས་ཁུལ་ཡོངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཡར་ཞུ་བྱས་ལ། བསམ་བློའི་ངོས་འཛིན་དང་དྲིལ་སྒྲོག་སྐུལ་སློང་། ཁུངས་སྣེ་འཚོལ་བཤེར། གྱོད་དོན་ཞིབ་སྒྲུབ། ཕྱོགས་བསྡུས་བཅོས་སྐྱོང་། རྩ་འཛུགས་འགོ་ཁྲིད། གཞི་རིམ་འཛུགས་སྐྲུན་སོགས་ནས་གནད་དོན་ཐེར་འདོན་དང་དེར་དབྱེ་ཞིབ་བྱས་པར་མ་ཟད། མགོ་ལོག་ཁུལ་གྱིས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་དེ་ཕྱོགས་ཡོངས་ཀྱི་ཞིབ་བཤེར་དང་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། དངོས་གནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལག་བསྟར་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། བྱ་བའི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་ལ་གཞོགས་འདེགས་ནན་མོ་བྱེད་པ། བྱ་བའི་གནས་ཚུལ་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱེད་པ། མཐུན་སྦྱོར་ཞབས་ཞུ་ལ་དངོས་སུ་འགན་སྲུང་བཅས་བྱེད་རྒྱུ་ཡིན་ལ། ལེགས་བཅོས་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་ནན་མོ་དང་གལ་ཆེན་དུ་བརྩིས་ནས། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་གནད་དོན་ཡོངས་སུ་དང་ལེན་དང་མྱུར་དུ་བཅོས་སྒྱུར་བྱེད་པ། ཆ་རྐྱེན་མི་བརྩི་བ། ནུས་ཤུགས་ཡོད་དགུས་ལེགས་བཅོས་བྱ་བ་དངོས་འབེབ་བྱེད་རྒྱུ་ཡིན་ལ། ཐེངས་འདིའི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་དེ་གོ་སྐབས་སུ་བརྩིས་ནས། གནད་དོན་དང་མི་འདང་སར་དམིགས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།