དྲང་བདེན་སྐྱོང་བ་དེ་ནག་འཇོམས་ངན་སེལ་གྱི་རྒྱབ་རྩ་བརྟན་པོ་བྱེད་དགོས།
2019.06.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ངན་ནག་རྩ་རྫོགས་མ་བྱས་ན། དམངས་སེམས་བདེ་ལ་འབབ་མི་ཐུབ་པ་དང་། རྒྱལ་ཁབ་བདེ་འཇགས་ཡོང་མི་ཐུབ།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་མྱུར་མོར་བྱེད་ཐབས་ནུས་ལྡན་སྤྱད་དེ། མི་དམངས་མང་ཚོགས་ཀྱིས་ཞུ་གཏུག་པའི་ངན་ནག་སྟོབས་ཤུགས་སྐོར་ཞིག་ལ་ཁྲིམས་ཆད་པ་བཅད་པ་དང་། དུས་མཚུངས་སུ། དོན་དག་གི་བརྒྱུད་རིམ་དང་བདེན་དཔང་ལེན་པར་ཤུགས་བརྒྱབ་སྟེ། གྱོད་གཞི་སྒྲུབ་པའི་སྤུས་ཚད་ནན་འཛིན་དང་། ཞིབ་བཤེར་སྔོན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནག་འཇོམས་ངན་སེལ་གནད་ལ་འཕིགས་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས།

མིག་སྔའི་བར་དུ། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་ཕྱོགས་ཀྱིས་ཞུ་གཏུག་བྱས་པའི་ངན་འབྲེལ་གྱོད་གཞི་བཅུ་བཞིའི་མི་བརྒྱ་དང་ལྔ་ཞུ་གཏུག་བྱས་པ་དང་། ཁྲིམས་ཁང་གིས་གྱོད་གཞི་བཅུ་གཉིས་དང་མི་གྱ་ལྔ་ཐག་གཅོད་བྱས། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཞུ་སྦྱོར་ཕྱི་མ་བ་ཚང་མར་ཁྲིམས་ལྟར་ཉེས་དོན་ཁྲིམས་ཆད་བཅད་པས། ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་ལ་འཇིགས་སྣང་ཆེན་པོ་སྐུལ། གྲངས་ཀ་དེ་དག་གི་ལྟག་རྒྱབ་ཏུ། མཚོ་ཤར་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་པ་དང་འབད་བརྩོན་གྱི་རྔུལ་ཁྲག་འདུས་ཡོད་པ་རེད།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གོ་རིམ་ཁྲོད་དུ། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་དང་གྲོང་ཁྱེར་སྤྱི་བདེ་ཅུའུ་གཉིས་ཀྱིས་སྔོན་ལ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་མཉམ་དུ《ངན་ནག་སྟོབས་ཤུགས་དང་འབྲེལ་བའི་ཉེས་དོན་གྱོད་གཞི་སྒྲུབ་པའི་རོགས་ལས་ནང་རྐྱེན》ལ་མིང་རྟགས་བཀོད་དེ་གཏན་འཁེལ་བྱས་པ་དང་། ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་གྱོད་གཞི་སྒྲུབ་སྐབས་རོགས་ལས་དང་མཉམ་ལས་བྱེད་པར་ཤུགས་སྣོན་དང་། ཁྲིམས་ལག་བསྟར་བྱེད་པའི་ཕན་འབྲས་ནུས་པ་ཇེ་མཐོར་བཏང་སྟེ། ཁྲིམས་མཐུན་དང་། ཡང་དག་པ། ནུས་ཡོད་སྒོས་ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་ལ་ཆད་པ་བཅད་དེ། ངན་ནག་དང་འབྲེལ་བའི་གྱོད་གཞིའི“འཛིན་བཟུང་གནད་ལ་འཁེལ་བ་དང་། ཞུ་གཏུག་བྱས་ན་རྟོག་དཔྱོད་བྱེད་དུ་འགྲོ་བར”ཁག་ཐེག་བྱས་ནས། ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་ལ་མཉམ་དུ་རྡུང་རྡེག་དང་ཁྲིམས་ཆད་ནན་མོ་བཅད།

མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བའོ་ཧའེ་ཡན་གྱིས་མཚམས་སྦྱོར་བྱེད་རྒྱུར། ང་ཚོ་དང་སྤྱི་བདེ་ལས་ཁུངས་ཀྱིས་རོགས་ལས་ནང་རྐྱེན་ལ་མིང་རྟགས་བཀོད་པའི་དམིགས་ཡུལ་གཙོ་བོ་ནི་ཞིབ་དཔྱོད་ལས་ཁུངས་བརྒྱུད་དེ་སྔོན་ལ་སྤྱི་བདེ་ལས་ཁུངས་ཀྱི་རྟོག་དཔྱོད་བྱ་འགུལ་ནང་ཞུགས་ཏེ། རྟོག་དཔྱོད་དང་བདེན་དཔང་ལེན་པར་ཁྲིད་སྟོན་དང་། ཞིབ་དཔྱོད་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རྡུང་རྡེག་གཏོང་བར་ཡར་སྐུལ་བཏང་སྟེ། ངན་ནག་སྟོབས་ཤུགས་ཀྱི་ནག་ཉེས་ལ་རྡུང་རྡེག་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཆེད་ཡིན། དུས་མཚུངས་སུ། ད་དུང་དུས་ལྟར་བདེན་དཔང་མཁོ་འདོན་དང་གྱོད་གཞིའི་ངོ་བོ་གཏན་འཁེལ་སོགས་ཀྱི་བསམ་འཆར་མི་མཐུན་པ་ཐག་གཅོད་བྱེད་རོགས་བྱས་ནས་གྱོད་གཞི་སྒྲུབ་པའི་ཕན་འབྲས་དང་སྤུས་ཚད་མཐོར་འདེགས་བཏང་ཟེར།

ང་ཚོས་མིག་སྔར་བསྒྲུབས་པའི་གྱོད་གཞི་བཅུའི་གནས་ཚུལ་ལ་བལྟས་ན། ཁྲིམས་ཁང་གིས་ཚང་མར་ཉེས་པ་ཡོད་པ་ཐག་ཆོད་པ་དང་། ཉེས་པ་མེད་པར་ཐག་གཅོད་བྱས་པའི་གནད་དོན་གཅིག་ཀྱང་མེད་པ་རེད།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་ཁྱོན་ཡོངས་དང་། ཟུར་མང་པོ་ནས་གཏིང་ཟབ་སྒོས་སྤེལ་བར་ངེས་པར་དུ་དྲིལ་སྒྲོག་བྱེད་དགོས།

ཟླ་དྲུག་པའི་ཚེས་ལྔ་ཉིན། ཕེན་ཨན་ཆུས་ཐང་ཆེན་དུ་མི་མང་པོ་འདུས་ཡོད་པ་དང་། ཚང་མས་འགྲེམ་སྟོན་སྒོ་སམ་དང་དྲིལ་སྒྲོག་ལག་དེབ་ལ་ནན་ཏན་གྱིས་ལྟ་བཞིན་འདུག ནག་འཇོམས་ངན་སེལ་དེ་ཕྱོགས་གང་དག་ལ་འབྲེལ་བ་ཡོད་དམ། གལ་ཏེ་ང་ཚོ་ཁྲིམས་འགལ་གྱི་བྱ་སྤྱོད་དང་འཕྲད་ཚེ། ཇི་ལྟར་ཞུ་གཏུག་བྱེད་དགོས་སམ་ཞེས་མང་ཚོགས་ཚང་མས་ལས་བྱེད་མི་སྣར་དྲི་བ་མང་པོ་དྲིས། འདི་ནི་མཚོ་ཤར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤེལ་བའི་སྤྱི་ཚོགས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་དྲིལ་སྒྲོག་ཟླ་བའི་ཐུན་མོང་དྲིལ་སྒྲོག་བྱ་འགུལ་རེད།

ཤུགས་ཆེན་པོས་བདེ་འཇགས་མཚོ་ཤར་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་བསྐྲུན་ཏེ། འབད་བརྩོན་གྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་གི་ཚོར་བ་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་སོགས་ཇེ་མཐོར་གཏོང་རྒྱུ་དེ་ནི་ད་ལོའི་སྤྱི་ཚོགས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གྱི་བརྗོད་གཞི་ཡིན། ང་ཚོ་ཞིབ་དཔྱོད་ཁང་གིས་བརྗོད་གཞི་འདིར་དམིགས་ཏེ་སྒོ་སམ་སྟེང་འགྲེམ་སྟོན་དང་། དྲིལ་སྒྲོག་རྒྱུ་ཆ་སྟེར་བ་སོགས་ཀྱི་རྣམ་པ་སྤྱད་དེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་བ་ནས་བཟུང་ཞིབ་དཔྱོད་ལས་ཁུངས་ཀྱིས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་དང་། ཞུ་གཏུག་བྱེད་ས་དང་ཁ་པར་སོགས་ཁྱབ་སྒྲོག་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་གྱིས་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་དོན་ཁུངས་སྣེ་ཞུ་གཏུག་བྱེད་པར་ཁྲིད་སྟོན་བྱས།

བཅའ་ཁྲིམས་བློ་འདྲི་སྟེགས་བུ་བཙུགས་ཏེ། རྒྱ་ཆེ་མང་ཚོགས་ཀྱི་དོགས་པ་ལ་ལན་འདེབས་པ་དང་། བཅའ་ཁྲིམས་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ཁྲིམས་འཛིན་མ་ལག་བཅོས་བསྒྱུར་གྱི་གྲུབ་འབྲས་དྲིལ་སྒྲོག་བྱས་ཏེ། བཅའ་ཁྲིམས་ཤེས་བྱ་དང་ཁྲིམས་སྐྱོང་དགོངས་དོན་དོན་ངོ་མའི་སྟེང་ཡུལ་དངོས་ཀྱི་མང་ཚོགས་ཀྱི་ལག་ཏུ་བསྐྱལ་བ་ཡིན་ཞེས་མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཉེས་དོན་ཞིབ་དཔྱོད་པུའུ་ཡི་ཞིབ་དཔྱོད་དཔོན་པོའི་ལག་རོགས་པ་ཅང་ཅཱ་ཅཱ་ཡིས་དྲིལ་སྒྲོག་ལག་དེབ་སྟེར་ཞོར་དེ་ལྟར་མཚམས་སྦྱོར་བྱས་བྱུང་།

འདི་ལྟ་བུའི་དྲིལ་སྒྲོག་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་ཡིན་པས། ལྟ་མཁན་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ཡུལ་དངོས་ཀྱི་མང་ཚོགས་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་བསྟོད་བསྔགས་བྱེད་བཞིན་འདུག“ང་ལ་སློབ་གསོ་མང་པོ་ཐོབ་སོང་། ཐག་ཉེ་ས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གལ་ཆེན་རང་བཞིན་ལ་རྒྱུས་ལོན་བྱུང་བ་དང་། ལྷག་པར་དུ་ཞིབ་དཔྱོད་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་ཁྲོད་ཀྱི་འགན་ནུས་ལ་ངོས་འཛིན་སྔར་ལས་མང་པོ་བྱས་ཏེ། ངན་ནག་སྟོབས་ཤུགས་ཀྱིས་སྤྱི་ཚོགས་ལ་ཐེབས་པའི་གནོད་པར་ངོས་འཛིན་གཏིང་ཟབ་མོ་བྱུང་བ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ངེས་པར་དུ་སྤེལ་བར་སྔར་ལས་མཐོ་བའི་ངོས་འཛིན་བྱུང་”ཞེས་གྲོང་ཁྱེར་གྱི་སྡོད་དམངས་ལི་ཀོང་ཆིན་གྱིས་རང་ཉིད་ཀྱི་ལྟ་ཚུལ་གླེང་བྱུང་།

“བརྟན་འཇགས་དང་། ཡང་དག་པ། དྲག་པོའི”སྒོ་ནས་ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་ལ་རྡུང་རྡེག་དང་། ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་ཆེད། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ལས་སྒོའི་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་པའི་བྱ་བ་ཧུར་ཐག་གིས་སྤེལ།

གསར་འགོད་པས་གཞུང་སྒྲུབ་ཁང་ནས་མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་ཉེས་དོན་ཞིབ་དཔྱོད་པུའུ་ཡི་པུའུ་ཀྲང་མཱ་ཀྲིན་མཐོང་བའི་སྐབས་སུ། ཁོས་ཟིན་བྲིས་མཐུག་པོ་ཞིག་ལེགས་སྒྲིག་བྱེད་བཞིན་འདུག ཉིན་འགའི་སྔོན་ལ། མཱ་ཀྲིན་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཁྲིམས་ལུགས་ཡན་ལག་རུ་ཁག་རྩ་འཛུགས་ཀྱིས་སྒྲུབ་པའི་ནག་འཇོམས་ངན་སེལ་བཅའ་ཁྲིམས་བཀོལ་སྤྱོད་ཀྱི་ཆེད་དོན་གསོ་སྦྱོང་སྟེང་གདན་དྲངས་ནས་འབྲེལ་ཡོད་འཆད་ཁྲིད་གནང་། མཱ་ཀྲིན་གྱིས་ཇི་ལྟར་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ཉེས་ཅན་དང་། “ངན་པའི་སྟོབས་ཤུགས”ཀྱི་ཉེས་ཅན། “འཇམ་པོའི་སྒོ་ནས་དྲག་ཤུགས་སྤྱོད་པར”ངོས་འཛིན་བྱེད་པ་དང་། མགོ་གཡོག་ནས་སྒོར་མོ་བསྐྱི་བའི་ཉེས་ཅན་བྱ་འགུལ་སོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་ཕྱོགས་དེ་གནད་སར་བཟུང་ནས་འཆད་ཁྲིད་སྤེལ།

ང་རང་མཚོ་སྔོན་ཞིང་ཆེན་གྱི“གསུམ་པའི་ཚེས་ཉི་ཤུ་ཉིན”གྱི་ནག་འབྲེལ་གྱོད་གཞིའི་ཁྲིད་སྟོན་རྟོག་དཔྱོད་བྱ་བར་ཞུགས་མྱོང་བའི་རྐྱེན་གྱིས་རང་སྟེང་ནས་མྱོང་བ་ཟབ་མོ་ཡོད་པ་དང་། གསོ་སྦྱོང་སྟེང་ངས་རང་ཉིད་ཀྱིས་གྱོད་གཞི་སྒྲུབ་པའི་བརྒྱུད་རིམ་དང་ངོས་འཛིན་སོགས་ཚང་མ་དང་མཉམ་དུ་རོལ་མྱོང་བྱས་ལ། ཚང་མ་དང་མཉམ་དུ་ཡང་བསྐྱར་སློབ་སྦྱོང་བྱས་ཏེ་རང་ཉིད་མཐོར་འདེགས་བཏང་ཞེས་མཱ་ཀྲིན་གྱིས་སེམས་ཚོར་ཟབ་མོས་དེ་ལྟར་བཤད།

ཐེངས་དེའི་གསོ་སྦྱོང་མཇུག་སྒྲིལ་རྗེས། མཱ་ཀྲིན་རྫོང་སོ་སོའི་འབྲེལ་ཡོད་ལས་ཁུངས་སུ་སོང་ནས་གསོ་སྦྱོང་ཟུར་ཁྲིད་བཅུ་ལྷག་བྱས་པ་དང་། ནག་འཇོམས་ངན་སེལ་བྱ་བའི་ཁྲོད་སྤྱི་བསྡོམས་བྱས་པའི་ཉམས་མྱོང་དང་སེམས་ཚོར་ཐད་ནས་ཚང་མ་དང་མཉམ་དུ་སློབ་སྦྱོང་དང་བརྗེ་རེས་བྱས།

མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་མུ་མཐུད་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ། ངན་ནག་དང་འབྲེལ་བའི་གྱོད་གཞིར་ཞིབ་བཤེར་འཛིན་བཟུང་བྱེད་པ་དང་། རྟོག་དཔྱོད་ཞུ་གཏུག་དང་ཁྲིམས་ཁང་ནས་གཞུང་ཕྱོགས་ཞུ་གཏུག་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་སྟེ། ཧུར་ཐག་གིས་གྱོད་གཞི་སྒྲུབ་པར་ལྟ་རྟོག་དང་། ཞིབ་བཤེར་བྱ་འགུལ་ལ་ལྟ་རྟོག་བྱས་ནས། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ངན་ནག་སྟོབས་ཤུགས་ཀྱི་གྱོད་གཞི་ཐོ་འགོད་མི་བྱེད་པ་དང་། ཐོ་འགོད་བྱས་ཀྱང་རྟོག་དཔྱོད་མི་བྱེད་པ། ཉེས་པ་ཡོད་ཀྱང་རྩད་མི་གཅོད་པའམ་གོ་གནས་ལས་མར་ཕབ་པ། ཆད་པ་བཅད་ནས་ཉེས་དོན་གྱི་ཚབ་བྱེད་པ་སོགས་ཀྱི་གནད་དོན་ལ་དུས་ལྟར་ལྟ་རྟོག་བྱས་ཞེས་མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཏུང་ཧའེ་ཆཱང་གིས་ནན་གྱིས་བཤད་བྱུང་།

“གྱོད་གཞི་གཅིག་ཐེངས་གསུམ་ལ་བརྟག་བཤེར་བྱེད་པ་དང་། ཁྱད་མེད་གཉིས། མི་གཏོང་བ་གསུམ”གྱི་རེ་བ་ལྟར། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་དེ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། “ནག་འཇོམས”དང་“འགེབ་སྲུང་མཁན”འཛིན་བཟུང་བྱེད་པའི་བྱ་བ་གཉིས་མཉམ་དུ་སྤེལ་ཏེ། འབད་བརྩོན་གྱིས་བཅའ་ཁྲིམས་ཕན་འབྲས་དང་། ཆབ་སྲིད་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་སྒོས་མངོན་འགྱུར་ཡོང་བར་བྱས་ཏེ། ནག་འཇོམས་ངན་སེལ་གྱི་རྒྱབ་རྩ་བརྟན་པོ་བྱེད་དུ་འཇུག་དགོས།

                                                                                                                      ལོ་ཙཱ། ཚེ་རིང་སྒྲོལ་མ།