རྨ་ལྷོ་ཁུལ་དང་ཡུལ་ཤུལ་གྲོང་ཁྱེར་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་མུ་མཐུད་དུ་ཤུགས་སྣོན་བྱས།
2019.07.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ངན་ནག་སྟོབས་ཤུགས་དང་འབྲེལ་བའི་རུལ་སུངས་ཀྱི་གནད་དོན་རྩ་བ་ནས་མེད་པར་བཟོས།

ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། རྨ་ལྷོ་ཁུལ་ཏང་ཨུ་བཅས་ཀྱི་ནག་འཇོགས་ངན་སེལ་གྱི་མཁྲེགས་གཏོར་འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ཏེ། སྒྲིག་ཁྲིམས་ལུགས་སྲོལ་སྔར་ལས་གཟབ་ནན་ཏུ་གཏོང་བ་དང་།  ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣར་ཉེན་བརྡ་དང་སློབ་གསོ་གཏོང་བ། ངན་ནག་སྟོབས་ཤུགས་ལ་རྡུང་རྡེག་དྲག་པོ་གཏོང་བའི་སྣང་ཚུལ་ལེགས་པོ་བསྐྲུན་པ་དང་། ཁྱོན་ཡོངས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད།  ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་བརྡ་ཁྱབ་ཚོགས་འདུ་བསྡུས་ཏེ། ཉེ་ལམ་རྩད་ཆོད་པའི་ ནག་འཇོམས་ངན་སེལ་གྱི་རུལ་སུངས་དཔེ་མཚོན་གྱོད་གཞི་ལྔ་བརྡ་ཁྱབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་ནན་མོ་དང་ལས་འགན་གཙོ་བོ་གཅིག་བསྡུས་བྱས་ཏེ། ཁྲིམས་བསྟར་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་བྱས་ཤིང་། མང་ཚོགས་ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པར་བྱུང་བའི་ངན་ནག་སྟོབས་ཤུགས་དང་འབྲེལ་བའི་རུལ་སུངས་ཀྱི་གྱོད་གཞི་སྐོར་ཞིག་ལ་རྩད་གཅོད་ནན་མོ་བྱས་བྱས་པས། ཁུལ་ཡོངས་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ཁོར་ཡུག་སྔར་ལས་དྭངས་གཙང་དུ་གྱུར་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་འཇགས་ཀྱི་ཚོར་བ་སྔར་ལས་ཇེ་དྲག་ཏུ་སོང་།

རྨ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ་ཚོགས་འདུའི་སྟེང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ངན་ནག་སྟོབས་ཤུགས་རྒྱབ་ཕྱོགས་ཀྱི་རུལ་སུངས་གནད་དོན་གཏིང་ཟབ་ཏུ་སྔོག་འདོན་དང་། ཁྲིམས་ལྟར་ངན་ནག་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་པའི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ། གཞུང་ཞབས་མི་སྣ་བཅས་ལ་རྡུང་རྡེག་ནན་མོ་གཏོང་བ་དང་།  རུལ་སུངས་མི་སྣ་དང་ངན་ནག་སྟོབས་ཤུགས་ཀྱི་འགེབས་སྲུང་མཁན་རྩ་བ་ནས་མེད་པར་གཏོང་དགོས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣས་དེའི་ཁྲོད་ནས་བསླབ་བྱ་བླངས་ཏེ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་ཚད་གཞི་བརྟན་སྲུང་བྱས་ཏེ། ངན་ནག་སྟོབས་ཤུགས་དང་འབྲེལ་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་འཐབ་འཛིང་བྱེད་དགོས་པའི་བླང་བྱ་བཏོན།

གཞན་ཡང་། ཡུལ་ཤུལ་གྲོང་ཁྱེར་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།

ཉེ་ལམ། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་བཀོད་སྒྲིག་དང་འོས་འགན། གཞི་རིམ། རྨང་གཞི། ལེགས་སྒྲིག མཐོར་འདེགས་སོགས་ཀྱི་བྱ་བར་ཤུགས་སྣོན་དང་དམ་འཛིན་བྱས་ཏེ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་བ་སྔར་ལས་ཇེ་དྲག་ཏུ་བཏང་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱས།

ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་ཆེད། ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ལས་དོན་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་བ་གཉིས་དམ་པོར་སྦྲེལ་ནས། བཀོད་སྒྲིག་དང་འཆར་གཞི། དཔྱད་ཞིབ་བཅས་དུས་མཉམ་གཅིག་ཏུ་འཛིན་པའི་རྣམ་པ་མངོན་འགྱུར་བྱས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཁྱབ་ཁོངས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཚན་ཆུང་བཙུགས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཞི་རིམ་ཏང་འཛུགས་དམིགས་འབེན་འགན་འཁྲི་དཔྱད་ཞིབ་མ་ལག་ཁྲོད་བཅུག་ནས། གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་དང་ཏང་གི་ཉིན་མོའི་བརྗོད་དོན་སོགས་ཏང་ནང་ཁུལ་གྱི་བྱ་འགུལ་སྤེལ་བ་བརྒྱུད། ནག་འཇོམས་ངན་སེལ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སོགས་ཀྱི་ཁྲོད་ཚུད་དུ་འཇུག་པའི་བྱེད་ཐབས་དང་བྱེད་ཕྱོགས་འཐེན་མཐར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྲོད་ནས་བཀོད་སྒྲིག་ཡོད་པར་བྱས་པར་མ་ཟད། ཏང་ཡོན་རྣམས་ཀྱི་སེམས་ནང་དུའང་འགན་འཁྲི་ཡོད་པར་བྱས།

གཞི་རིམ་བྱ་བ་དམ་པོར་འཛིན་པ་དང་རྨང་གཞི་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད། ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྡེ་བ་དང་སྡེ་ཁུལ་གཉིས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་སྐབས་བརྗེ་བྱེད་ཕྱོགས་ལ་ཕྱིར་བལྟ་བྱས་ནས། གྲོང་ཁྱེར་མངའ་ཁོངས་ཀྱི་སྡེ་བ་དང་སྡེ་ཁུལ་བརྒྱད་ཅུའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་བྱེད་ནུས་འདོན་སྤེལ་བྱས་པའི་གནས་ཚུལ་ལ་བསྐྱར་ཞིབ་དག་སྒྲིག་བྱས་པར་མ་ཟད། དེ་བསྟུན་གྱི་རྩིས་ཐོ་བཀོད། དུས་མཚུངས་སུ། སྡེ་བ་དང་སྡེ་ཁུལ་སོ་སོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ཁོངས་མིས་ནག་ངན་སྟོབས་ཤུགས་དང་འབྲེལ་བ་མེད་པར་བཟོ་བ་དང་ནག་ངན་སྟོབས་ཤུགས་ཀྱི་འགེབས་སྲུང་བ་མེད་པར་བཟོ་བ་སོགས་ནང་དོན་ཡིན་པའི། ནག་ངན་སྟོབས་ཤུགས་མེད་པར་བཟོ་བའི་ཁས་ལེན་ཡི་གེའི་སྟེང་མིང་རྟགས་བཀོད་དེ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་པའི་དུས་མཚུངས་སུ། གཞི་རིམ་སྤྱི་ཚོགས་ཁོར་ཡུག་ཇེ་གཙང་དུ་བཏང་ནས། ནག་ངན་སྟོབས་ཤུགས་ཤུལ་མེད་དུ་གཏོང་བའི་ཞིང་ས་གཤིན་པོ་བསྐྲུན།

ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་བརྟག་དཔྱད་ཞིབ་མོ་བྱས་པ་བརྒྱུད་དེ། ནུས་པ་ཞན་པའི་རྨང་གཞིའི་ཏང་རྩ་འཛུགས་ཀྱི་དག་ཐེར་ལེགས་སྒྲིག་བྱ་བར་ཤུགས་སྣོན་བྱས་པ་དང་། ཚད་ལྡན་མིན་པའི་ཏང་ཡོན་ཉེར་བདུན་ལ་ཐག་གཅོད་བྱས་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་ཁྲོད་བྱུང་བའི་གནད་དོན་ལ་ནུས་ལྡན་གྱི་དག་ཐེར་ལེགས་སྒྲིག་ཇུས་གཞི་གཏན་འཁེལ་བྱས། རྨང་གཞིའི་ཏང་རྩ་འཛུགས་ནང་ཁུལ་ལ་དག་ཐེར་ལེགས་སྒྲིག་བྱས་པ་བརྒྱུད་དེ། རྨང་གཞིའི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པའི་དུས་མཚུངས་སུ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།