ལྟ་སྐུལ་མཛུབ་སྟོན་གྱི་རྣོ་ངར་ལ་བརྟེན་ནས་རང་ཞིང་གི་ནག་འཇོམས་ངན་སེལ་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བྱས།
2019.07.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

ཟླ6པའི་ཚེས1ཉིན། ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང18པ་རང་ཞིང་དུ་འབྱོར་ནས་བྱ་བ་སྤེལ་མགོ་བརྩམས་པ་ནས་བཟུང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་སྟོབས་ཤུགས་ལྡན་པའི་མཛུབ་སྟོན་དང་གནད་ཁེལ་གྱི་མཛུབ་སྟོན་འོག་ཏུ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཐུན་སྒྲིལ་དམ་པོས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་དེ། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ལ་སྔར་ལས་གཏིང་ཟབ་པའི་གོ་བ་བསྐྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་ཆབ་སྲིད་དང་། བསམ་བློ། ལག་ལེན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ལ། ལྟ་སྐུལ་བྱེད་ཞོར་དུ་བཅོས་བསྒྱུར་བྱེད་པ། དུས་ཐོག་ཏུ་ལག་བསྟར་དང་བཅོས་བསྒྱུར་བྱེད་པར་སྔར་ལས་ཤུགས་བརྒྱབ། གྱོད་དོན་གཙོ་བོ་སྣ་འཛིན་དུ་བྱས་ནས། ཆེད་དམིགས་གྱོད་དོན་གྱི་མཁྲེགས་གཏོར་ལ་ཤུགས་བརྒྱབ་ཅིང་། ངན་པའི་རྒྱབ་རྟེན་དང་འབྲེལ་བ་གཏོར་བ་གཏིང་ཟབ་ཏུ་སྤེལ་ནས་ཐོད་བརྒལ་ཆེན་པོ་བྱུང་བ་དང་། སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་དྲིལ་སྒྲོག་ལ་བརྟེན་ནས་མང་ཚོགས་སྐུལ་སློང་བྱས་ཏེ། སྤྱི་ཚོགས་ཡོངས་ནས་ནག་འཇོམས་ངན་སེལ་གྱི་ཚ་རླབས་དྲག་པོ་ཞིག་འཕྱུར་བར་བྱས་ཡོད་པས། རང་ཞིང་གི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གང་ལེགས་བྱས་ཡོད།

“ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ཆབ་སྲིད་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་ཁུར་ཇེ་དྲག་ཏུ་གཏོང་ན། རང་འགུལ་གྱིས་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་པ་དེ‘འདུ་ཤེས་བཞི’ཇེ་དྲག་དང‘རང་རྟོན་བཞི’སྲ་བརྟན། ‘སྲུང་སྐྱོང་གཉིས’བསྒྲུབ་ཐུབ་པར་བྱེད་པའི་དངོས་ཡོད་ཀྱི་ཞིབ་བཤེར་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པའི་ལག་ལེན་གལ་ཆེན། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་གོ་སྐབས་གལ་ཆེན་བཅས་སུ་བརྩིས་ནས། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་དང་མཉམ་འབྲེལ་གང་ལེགས་བྱེད་དགོས་ལ། ཆེས་འགྱུར་མེད་ཀྱི་རྣམ་འགྱུར་དང་ཆེས་ཤུགས་དང་ལྡན་པའི་བྱེད་ཐབས། ཆེས་དམ་པའི་སྒྲིག་ལམ། ཆེས་ཚུགས་བརྟན་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས། ཆེད་དམིགས་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་འབད་དགོས།”ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང18པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བའི་སྐུལ་སློང་ཚོགས་འདུར་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙིགས་འཛིན་ཆེན་པོ་བྱས་ཏེ། རང་འགུལ་གྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་དང་ལེན་དང་མཉམ་འབྲེལ། འགན་སྲུང་བཅས་བྱེད་པ་དང་། གོ་སྐབས་འདིར་བརྟེན་ནས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་ཐེངས་དང་པོའི་འབྲེལ་མཐུད་ལས་བཏོན་པའི་འབུར་ཐོན་གནད་དོན་དང་བསམ་འཆར་གྲོས་གཞི་ལ་གཞིགས་ཏེ། ཆབ་སྲིད་ལངས་གནས་དང་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་། གཏིང་འདྲི་རྩད་བཤེར། རྩ་འཛུགས་འཛུགས་སྐྲུན། རྩ་འཛུགས་ཀྱི་མགོ་ཁྲིད་སོགས་ཕྱོགས་དྲུག་ནས། བྱེ་བྲག་གི་གནད་དོན་དང་ལེགས་བཅོས་དོན་ཚན32གཏན་འཁེལ་གསལ་པོ་བྱས་ཤིང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོར་ལེགས་བཅོས་ཇུས་གཞི་སྔར་ལས་ཕྲ་ཞིབ་ཏུ་གཏོང་དགོས་པ་དང་ལེགས་བཅོས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འགན་ཁུར་པ་དང་ནམ་འགྲུབ་ཀྱི་དུས་ཡུན་གཏན་འཁེལ་བྱེད་དགོས་པའི་བླང་བྱ་འདོན་དགོས། དུས་མཚུངས་སུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་འགན་འདྲི་ཤུགས་སྣོན་བྱེད་དགོས་པར་བསྐུལ་ནས་འགན་འཁྲི་དོན་འཁྱོལ་བྱེད་དུ་འཇུག་པ་དང་། ལེགས་བཅོས་བྱ་བ་ལེགས་པར་གྲུབ་ནས་འབྲས་བུ་ཐོན་པ་ཞིག་ཡོང་བར་ཁག་ཐེག་བྱས།

ཟླ6པའི་ཚེས1ཉིན་ནས་བཟུང་། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་དོན་སྣ68ལ་སྐུལ་སྒྲུབ་བྱས་ཏེ་ཚང་མར་ལན་བསློགས་པ་དང་། གྱོད་དོན21ཐོ་འགོད་དང་ཞིབ་བཤེར་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བསྡོམས་པས་ངན་ནག་དང་འབྲེལ་བའི་ཚོགས་ཁག14རྩ་གཏོར་བཏང་བ་དང་། ཉེས་དོན་གྱོད་གཞི་རིགས་སྣ་ཚོགས88ལྷང་ལ་བུད་ཅིང་དོགས་ཡོད་ཉེས་ཅན98འཛིན་བཟུང་བྱས། ཁྲིམས་འགལ་མེ་མདའ་རིགས་སྣ་ཚོགས131རྩིས་ལེན་བྱས། གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་སྒོར་མོ་བྱེ་བ་བདུན་དང་ས་ཡ་གསུམ་འབུམ་དྲུག་ལྷག་བཀག་ཉར་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་ངན་ནག་དང་འབྲེལ་བའི་གྱོད་གཞི5དང་མི42ལ་ཞུ་སྦྱོར་བྱས་པ་དང་། བསྡོམས་པས་ངན་ནག་དང་འབྲེལ་བའི་དོགས་ཡོད་ཉེས་ཅན46འཛིན་བཟུང་བྱ་རྒྱུའི་ཆོག་མཆན་བཀོད། དོགས་ཡོད་ཉེས་ཅན6བདའ་འདེད་བྱས་པ་དང་། འདྲི་གཅོད་ལས་ཁུངས་ཀྱིས་བསྡོམས་པས་ངན་ནག་དང་འབྲེལ་བའི་གྱོད་གཞི10དང་མི88བདག་སྤྲོད་བྱས་ཤིང་། གྱོད་དོན8དང་མི56གི་འདྲི་གཅོད་མཇུག་བསྒྲིལ་བར་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་སོ་སོས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་བླང་བྱ་ལྟར། ནུས་ཤུགས་གང་ཡོད་འདོན་པ་དང་། རང་འགུལ་གྱིས་འཆར་གཞི་འགོད་པ། རང་ངོས་ནས་ཤུགས་རྒྱག་པ། ཚན་རིག་དང་མཐུན་པར་ཐབས་ཇུས་འདོན་པ་སོགས་ལ་བརྟེན་ནས་ལེགས་བཅོས་བྱེད་ཐབས་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་འབྲས་བུ་ཐོན་པར་བྱེད་པ་དང་། གནད་དོན་ཡོད་ཚད་རྩད་ནས་འབྱིན་པར་ཁག་ཐེག་བྱས།

ཟླ6པའི་ཚེས7ཉིན་ནས་ཚེས21ཉིན་གྱི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཉིན15རིང་ལ་གཅིག་བསྡུས་གཅུན་སྡོམ་བྱས་ཏེ། རྡུང་རྡེག་གི་ཚ་རླབས་གསར་པ་ཞིག་བསླངས་པ་དང་། དུས་ཡུན་ཐུང་ངུའི་ནང་དུ་ངན་ནག་དང་འབྲེལ་བའི་ཉེས་ཅན་ཚོགས་ཁག་སྐོར་ཞིག་རྩ་གཏོར་བཏང་ཞིང་། ངན་ནག་དང་འབྲེལ་བའི་རུལ་སུངས་གནད་དོན་དང་རྒྱབ་རྟེན་སྐོར་ཞིག་རྩད་ཞིབ་ཐག་གཅོད་བྱས།

ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མཚོ་སྔོན་དུ་ཡོང་བ་ནས་བཟུང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས《ངན་ནག་དང་འབྲེལ་བའི་རུལ་སུངས་དང་དེའི་རྒྱབ་རྟེན་གྱི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣས་རང་འགུལ་གྱིས་རང་ཉེས་རང་ཞུ་བྱེད་པར་སྐུལ་བའི་སྐོར་གྱི་བརྡ་ཁྱབ》སྤེལ་བ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངན་ནག་དང་འབྲེལ་བའི་རུལ་སུངས་གནད་དོན་དང་དེའི་རྒྱབ་རྟེན་བྱེད་པའི་གྱོད་དོན64ཐོ་འགོད་དང་ཞིབ་བཤེར་བྱས་པ་དང་། མི28ཟུར་འཇོག་བྱས། མི46ལ་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཐོག་ནས་ཆད་པ་བཅད། མི4ཁྲིམས་འཛིན་སྡེ་ཁག་ཏུ་བསྐྱལ། རྩ་འཛུགས་སྡེ་ཁག་གིས་ནུས་མེད་སྒྲིག་མེད་ཀྱི་སྡེ་བའི་ཏང་རྩ་འཛུགས6ལ་རྩད་ཞིབ་བྱས་པ་དང་། “སྡེ་བ་རེ་ལ་ཐབས་ཇུས་རེའི”དག་ཐེར་ཇུས་གཞི6གཏན་འབེབས་བྱས་པ་དང་། བྱ་བའི་ཚན་ཆུང6མངགས་ཏེ། འགན་མི་ཐེག་པ་དང་འགན་མ་འཁུར་བའི་སྡེ་བའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི12སྙོམ་སྒྲིག་བྱས། ཆེད་དམིགས་འཐབ་རྩོད་ལ་ཕན་འབྲས་གསར་པ་ཐོབ་ཅིང་ཐོད་བརྒལ་གསར་པ་བྱུང་སྟེ་གྲུབ་འབྲས་གསར་པ་ཐོན།

ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་མཛུབ་སྟོན་དངོས་ཀྱི་འོག་ཏུ། རང་ཞིང་གི་གཙོ་རྒྱུགས་སྨྱན་བྱད་ཀྱིས་བསྟུད་མར་ཆེད་བསྒྲིགས་ལེ་ཚན་བཏོན་ནས། ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྐུལ་ཁྲིད་བྱེད་ཞོར་ལེགས་བཅོས་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཐད་བླངས་པའི་གྲུབ་འབྲས་གསར་པ་དང་གནས་ཚུལ་གསར་པ་འགྲེམ་སྟོན་བྱས།

མི་རིགས་སྐད་ཡིག་སྨྱན་བྱད་ཀྱི་ལེགས་ཆར་གཙིགས་མཐོང་བྱས་ནས། མཚོ་སྔོན་བོད་ཡིག་གསར་འགྱུར་དང་ཨ་མདོ་བོད་སྐད་བརྙན་འཕྲིན། ཀྲུང་གོ་བོད་ཀྱི་དྲ་བ། བོད་ཡིག་ལག་འཕྲིན་ཚགས་པར། དེ་མིན་ཁུལ་དང་གྲོང་ཁྱེར་གྱི་མི་རིགས་སྐད་ཡིག་སྨྱད་བྱད་རྩ་འཛུགས་བྱས་ནས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ལ་ནག་འཇོམས་ངན་སེལ་གྱི་སྲིད་ཇུས་དང་གྲུབ་འབྲས་དྲིལ་སྒྲོག་བྱས་ཏེ། མི་དམངས་མང་ཚོགས་ལ་ཏང་ཨུ་དང་སྲིད་གཞུང་གི་ནག་འཇོམས་ངན་སེལ་གྱི་འགྱུར་མེད་ཆོད་སེམས་ཚོར་དུ་བཅུག་ཅིང་། ཁྲིམས་ལྟར་ནག་འཇོམས་ངན་སེལ་བྱེད་པའི་ཚ་ཚ་འུར་འུར་གྱི་གླེང་ཕྱོགས་མི་སེམས་ལ་འབབ་པ་དང་། ཚང་མས་ཤེས་པར་བྱས་པས། སྤྱི་ཚོགས་ཡོངས་སུ་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ལ་ཞུགས་པ་དང་དེ་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་སྟོབས་དང་ལྡན་པ་ཞིག་ཆགས་སུ་བཅུག

                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།