འོ་ཆུ་གཅིག་འདྲེས་ཀྱི་ཧོ་ལི་སི་གོང་མ་སྡེ་བའི་མཐུན་སྒྲིལ་དབྱངས་རྟ།
2019.07.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 64

ང་ཚོ་ཞིང་ཆེན་བཞིའི་ལྷན་འབྲེལ་བཅར་འདྲི་ཚོགས་པ་གུང་ཧོ་རྫོང་དང་བར་ཐག་སྤྱི་ལེ་སུམ་ཅུ་འགའི་ཆོད་པའི་ཐེ་གེ་ཞང་ཧོ་ལི་སི་གོང་མ་སྡེ་བར་ཐོན་པ་དང་། གནས་དེ་ནས་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་ནང་དོན་སྐོར་ནས་རྒྱུས་ལོན་བྱས་པ་ཡིན། སྡེ་བ་དེ་ནི་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་མངོན་པར་གསལ་བའི་དཔེ་སྟོན་སྡེ་བ་ཞིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་ཐད་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་རྟོགས་ཐུབ།

ཧོ་ལི་སི་གོང་མ་སྡེ་བ་ནི་ཞིང་ལས་གཙོ་བྱས་ཤིང་། ཞིང་ཕྱུགས་ཟུང་འབྲེལ་གྱི་སྡེ་བ་ཞིག་རེད། ཧོ་ལི་སི་ཞེས་པ་སོག་སྐད་ཡིན་ལ་ནང་དོན་ནི་འདམ་རྩྭ་མང་བོ་སྐྱེས་པའི་གནས་སུ་གོ། ངག་རྒྱུན་ལ་སྡེ་བ་དེ་སྔོན་ཆད་ཆགས་སའི་གནས་སུ་འདམ་རྩྭ་མང་བོ་སྐྱེས་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། སྡེ་བ་དེར་རུ་ཁག་བཞི་ཡོད་པ་དང་། ཁྱིམ་ཚང་ཉིས་བརྒྱ་ང་དྲུག་དང་མི་གྲངས་དགུ་བརྒྱ་སོ་དྲུག་ཡོད། སྡེ་བ་དེར་རྒྱ་དང་བོད། སོག་པོ། ཧོར་བཅས་མི་རིགས་བཞི་འདུས་སྡོད་བྱས་ཡོད། ཁོ་ཚོའི་རྒྱུན་སྤྱོད་ཀྱི་སྐད་ནི་རྒྱ་སྐད་དང་བོད་སྐད་ཡིན་པ་རེད།

དབྱར་གྱི་དཔལ་ཡོན་བཞད་པའི་ཧོ་ལི་སི་གོང་མ་སྡེ་བའི་ག་ས་གང་དུ་གྲོ་མྱུག་གི་རླབས་རིས་འཕྱོ་ཞིང་། ཚང་ཚིང་དུ་འཁྲུག་པའི་སིལ་སྡོང་དང་གཡེར་སྡོང་གི་གསེབ་ཏུ་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གྱོ་ཁང་དང་དེང་རབས་ཀྱི་ཁང་བརྩེགས་མཐོང་ཐུབ་ལ། སྡེ་བའི་སྲང་མདོ་གང་རུང་དུ་སྡེ་མི་རེ་འགའི་ངོ་གདོང་འཛུམ་གྱིས་ཁེངས་བཞིན་གླེང་མོལ་བྱེད་པའི་རྣམ་པ་མཐོང་ཐུབ། གོ་ཐོས་སུ་སྡེ་བ་དེའི་ཁྱིམ་ཚང་སོ་སོས་དེང་རབས་ཁང་བ་གསར་དུ་ལས་ཡོད་པ་དང་། ཁྱིམ་ཆས་མཐའ་དག་དེང་གི་དུས་དར་སྲོལ་ཆེ་བ་ཤ་སྟག་ཡིན་ལ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་རླངས་འཁོར་ཡོད་པ་དང་།

མཐུན་སྒྲིལ་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་ཞིང་། རུ་ཁ་ཁྱིམ་མཚེས་བར་རྩོད་གླེང་ཅི་ཡང་མེད་པར་འཆམ་མཐུན་མཉམ་གནས་ཡོང་བ་ནི་ཧོ་ལི་སི་གོང་མ་སྡེ་བའི་སྡེ་མི་ཡོངས་ཀྱིས་འབྱོར་ཕྱུག་གི་ལམ་བུ་བསྙེག་པའི་སེམས་ཤུགས་ཀྱི་འབྱུང་ཁུངས་ཡིན།ཧོ་ལི་སི་གོང་མ་སྡེ་བའི་ཧྲུའུ་ཅི་དབང་ཕྱུག་གིས་སྡེ་བའི་མཐུན་སྒྲིལ་གནས་ཚུལ་སྐོར་ནས་བཤད་རྒྱུར།

ཧོ་ལི་སི་གོང་མ་སྡེ་བའི་ཧྲུའུ་ཅི་དབང་ཕྱུག་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

སྔོན་ཆད་སྡེ་བའི་ནང་རྙོག་འཛིང་ཅུང་ཆེ། ཞང་སྲིད་གཞུང་ནང་གཏུག་བཤེར་ལ་འགྲོ་བ་སོགས་ཧ་ཅང་མང་། 2002ལོ་ནས་བཟུང་ཇེ་བཟང་ནས་ཇེ་བཟང་རེད། 2004ལོ་ནས་བཟུང་སྡེ་བའི་ཁང་བ་དང་གཞི་མ་གསར་དུ་ལས། དེ་ནས་མང་ཚོགས་ཀྱིས་ཕན་ཚུན་རོགས་བྱས་ཏེ། ཁང་བ་བཤིག་རོགས་དང་འགེབ་རོགས་བྱས་པས། མཐུན་སྒྲིལ་ཇེ་བཟང་ནས་ཇེ་བཟང་རེད། 2005ལོ་ནས་བཟུང་མཐོ་སྒང་གི་མཛེས་པའི་གྲོང་སྡེའི་ལས་གཞི་ལག་བསྟར་བྱས་པས། མིའི་བྱང་ཚད་ཇེ་མཐོ་ནས་ཇེ་མཐོ་རེད། མི་རིགས་མཐུན་སྒྲིལ་ཕྱོགས་ནས། སྟོན་མོ་དང་སྐྱེ་འཆིའི་སྐྱིད་སྡུག་གང་ཡིན་ཡང་རྒྱ་བོད་ཚང་མས་གཅིག་གཅིག་ལ་རོགས་བྱེད་པ་རེད། གནའ་དེ་དུས་དང་ད་སྐབས་གཤིབ་བསྡུར་ཅིག་བྱས་ན་གནམ་ས་བླ་འོག་བརྗེ་པ་ལྟ་བུ་རེད། 

ཧོ་ལི་སི་གོང་མ་སྡེ་བའི་ཧྲུའུ་ཅི་དབང་ཕྱུག་དང་འདྲ་བར་སྡེ་འདིའི་བོད་མི་དག་གིས་སྦྲགས་སྐད་མ་ཤོར་བའི་བོད་སྐད་དག་མ་ཞིག་བརྗོད་ཐབས་མི་འདུག་ཀྱང་། མི་རིགས་བར་གྱི་མདངས་བརྩེ་ཟབ་མོ་དེ་མི་རིགས་ཀྱི་ཕྱོགས་ཞེན་ལས་རིང་དུ་བརྒལ་བའི་ཧོ་ལི་སི་གོང་མ་སྡེ་བར་མཚོན་ན་དེ་ཡང་འོས་ཤིང་འཚམ་པ་ལྟ་བུར་སྣང་།

སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་བྱ་དགའི་རྟགས་མ་བཅུ་ཕྲག་འགའ་གྲལ་དག་པར་བཤམས་ཡོད་ཅིང་། དེ་ལས་ཀུན་གྱི་མིག་ནང་དུ་ལྷུང་ཡོང་བ་ནི2005ལོར་གུང་ཧོ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྡེ་བ་དེར་གནང་བའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཐུན་མོང་གི་བྱ་དགའི་རྟགས་མ་དེ་རེད། བྱ་དགའི་རྟགས་མ་དེ་དག་ལོ་མང་བོ་འགོར་བ་ཡོད་ལ་གསར་བའང་མང་ཙམ་གདའ། བྱ་དགའི་རྟགས་མ་དེ་དག་ལས་སྡེ་བ་ཞིག་དང་ཐུན་མོང་ཞིག བློ་ཁ་མཐུན་ཞིང་བརྩེ་མདངས་ཟབ་པའི་ཚོགས་པ་ཞིག་གི་གཅིག་ལ་གཅིག་བརྟེན་གྱི་འཚོ་སྡོད་འཕེལ་རྒྱས་དང་མཐུན་སྒྲིལ་གྱི་ལོ་རྒྱུས་རིང་མོ་མཚོན་པར་བྱས་འདུག

ཧོ་ལི་སི་གོང་མ་སྡེ་བ་དེར་ཐུན་མིན་གྱི་སྲོལ་རྒྱུན་འདི་འདྲ་ཞིག་མཆིས་ཏེ། ལོ་རེའི་ཟླ་དགུ་བའི་ཚེས་དགུ་ཉིན། སྡེ་བ་ཧྲིལ་བོའི་ལོ་དྲུག་ཅུ་ཡན་གྱི་ལོ་ལོན་རྒན་པར་གུས་སེམས་སྟོན་བཞིན་ཡོད་པ་དང་། ཁྱིམ་ཚང་རེས་ཞིམ་མངར་གྱི་ཟས་སྣ་གཉིས་རེ་གྲ་སྒྲིག་བྱས་ཏེ་མི་རིགས་ཀྱི་ཁྱད་མེད་པར་ལོ་ལོན་རྒན་པར་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་ཞུ་བ་རེད། དེའི་ཞོར་དུ་ད་དུང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བརྩོན་ལེན་བྱས་ཏེ་ལོ་ལོན་རྒན་པ་ཚོ་གནས་སྐོར་དུ་ཁྲིད་དེ། ལོ་ལོན་རྒན་པའི་ཚེ་མཇུག་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་གིན་འདུག

རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བ་དེས་ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཞི་ལྔ་དྲུག་བཅས་ཉིན་གསུམ་ལ། སྡེ་བ་ཧྲིལ་བོའི་རིག་རྩལ་བྱ་འགུལ་དང་། ཨ་ནེ་བཟང་མོ་དང་མནའ་མ་བཟང་མོ། མག་པ་བཟང་བོའི་དཔྱད་འདེམ་བྱ་འགུལ་སྤེལ་བཞིན་མཆིས། དེ་ལས་རྒན་བཀུར་ཆུང་བྱམས་དང་། མཐུན་སྒྲིལ་གཅིག་གྱུར། བདག་གཞན་གྱི་དབྱེ་བ་མེད་པའི་སྲོལ་རྒྱུན་གྱི་ཕུལ་བྱུང་དམངས་སྲོལ་ལ་དུས་རབས་ཀྱི་རྣམ་པ་དང་འཚོ་བའི་བྲོ་བ་ལྡན་པར་བྱས་ཡོད། རྒྱ་བོད་ཧོར་སོག་གི་མི་རིགས་གང་ཡིན་ཡང་ལོ་ངོ་བཅུ་ཕྲག་འགའི་རིང་མཉམ་དུ་འཚོ་བ་རོལ་བས་ཕན་ཚུན་བར་ཤ་ཉེ་དང་སྤུན་མཆེད་ལྟ་བུའི་བརྩེ་མདངས་ཟབ་མོ་ཆགས་ཡོད་ལ། མི་རིགས་ཀྱི་དབྱེ་བ་དང་ཕྱོགས་ཞེན་དེ་ཁོ་ཚོའི་སེམས་སུ་སྔ་མོ་ནས་འཇའ་ལྟར་ཡལ་འདུག ཁྱད་པར་དུ་གཉེན་སྟོན་དང་འདས་མཆོད་སོགས་དོན་ཆེན་ལ་འཕྲད་ཚེ། སྡེ་མི་ཚང་མས་རང་ཁྱིམ་གྱི་རང་དོན་བཞིན་དུ་རོགས་རམ་དང་སེམས་ཁུར་བྱེད་པ་རེད། ཁོ་ཚོའི་སེམས་ཁོང་དུ་སྡེ་བ་ཧྲིལ་བོ་ནི་ཐུན་མོང་ཞིག་ཡིན་པ་དང་། རྒན་གཞོན་དང་ཕོ་མོའི་དབྱེ་བ་མེད་པར་ཀུན་གྱིས་ཁྱིམ་ཚང་གཅིག་ལྟ་བུའི་འདུ་ཤེས་བཟུང་ཡོད།ཧོ་ལེ་སི་གོང་མ་སྡེ་བའི་ཧྲུའུ་ཅི་དབང་ཕྱུག་གིས་སྡེ་མི་ཚང་མར་མི་རིགས་ཀྱི་ཁྱད་པར་མེད་པའི་གནས་ཚུལ་སྐོར་ནས་བཤད་རྒྱུར།

ངེད་ཚོ་སྡེ་བའི་ནང་མི་རིགས་བཞི་ཡོད། མཐུན་སྒྲིལ་ཕྱོགས་ནས་སྡེ་བ་གཞན་པའི་མི་ཞིག་ཡོང་ནས་སྡེ་འདིའི་མི་ལ་ཁྱོད་རྒྱ་ཡིན་ནམ་ཧོར་ཡིན་ཞེས་འདྲི་རྒྱུ་ན། ལ་ལས་ཁྱིམ་ཐོར་མ་བལྟས་ན་བཤད་མི་ཤེས། གཅིག་གིས་གཅིག་ལ་རོགས་རམ་བྱས་ནས་རྒྱ་བོད་གཉིས་ལ་ཁྱད་པར་ཞིག་མེད། ང་ཚོའི་འདི་ནས་ཆང་འཐུང་ནས་རྡུང་རེས་བྱེད་པ་སོགས་འགྲིག་མ་འགྲིག་གི་གནས་ཚུལ་གཏན་ནས་འབྱུང་རྒྱུ་མེད།

ཉིས་སྟོང་བཅུ་གཉིས་ལོ་དང་ཉིས་སྟོང་བཅུ་གསུམ་ལོར། ཧོ་ལི་སི་གོང་མ་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་གི་ཨ་མྱེས་དང་ཨ་ཕ་གཉིས་སྔ་གཞུག་ཏུ་ཚེ་ལས་འདས་ནས། བསོད་ནམས་ཚེ་རིང་ལ་རེ་སའི་སྐྱབས་གཞན་མེད་པར་འཚོ་འདོད་ཀྱི་འདུན་པ་ཉམས་པའི་སྐབས་སུ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་མི་ཚང་མའི་སྣེ་ཁྲིད་དེ་ཁོར་ཁང་བ་གསར་བ་ལས་རོགས་བྱས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཁང་བ་ལས་བྱེད་ཀྱི་སྒོར་མོའི་གནད་དོན་ཐག་གཅོད་རོགས་བྱས་པས། བསོད་ནམས་ཚེ་རིང་ཡང་བསྐྱར་འཚོ་བར་ཡིད་ཆེས་ཀྱིས་ཁེངས་པར་གྱུར། དེ་དང་དེ་ལྟ་བུའི་རུ་ཁ་ཁྱིམ་མཚེས་བར་རོགས་རམ་བྱེད་པའི་ཡིད་འགུལ་བའི་གནས་ཚུལ་ནི་ཧོ་ལེ་སི་གོང་མ་སྡེ་བར་མཚོན་ན་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་མངོན།

ཧོ་ལི་སི་གོང་མ་སྡེ་བས་མཉམ་དུ་མཐུན་སྒྲིལ་གོང་སྤེལ་དང་མཉམ་དུ་དར་རྒྱས་སུ་འགྲོ་བ་དེ་རྐང་འཛུགས་སར་བྱས་ཏེ། དམངས་ལ་ཕན་ཞིང་སྡེ་བ་ཧྲིལ་བོའི་གོང་བུ་གཅིག་ཏུ་འདྲིལ་བར་ཕན་པའི་བྱ་བ་རབ་དང་རིམ་པ་སྤེལ་བས། ཉིས་སྟོང་བཅུ་གཉིས་ལོ་དང་ཉིས་སྟོང་བཅོ་ལྔ་ལོར་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་བའི་མཚན་སྙན་ཐོབ་པ་རེད། ཧོ་ལེ་སི་གོང་མ་སྡེ་བའི་སྡེ་མི་ཚེ་དབང་རྒྱལ་གྱིས་བཤད་རྒྱུར།

ང་ཚོའི་སྡེ་བ་འདིར་ལོ་འདི་འགའི་རིང་ལ། ཧྲུའུ་ཅི་དང་སྡེ་དཔོན་གཉིས་ཀྱི་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་བཟུང་བ་རེད། རྒྱ་བོད་གཉིས་ཀ་མཐུན་སྒྲིལ་གཅིག་མཐུན་ཡིན། འཛུགས་སྐྲུན་མང་བོ་བྱས་ཏེ་སྡེ་བ་ཡར་རྒྱས་བྱུང་ཡོད། འགྲིག་མཐུན་ཡང་བྱུང་ཡོད། 

གུས་བཀུར་དང་ལྡན་པ་དེ་གནའ་ནས་གཙུག་ཆེན་དུ་འཛིན་ཞིང་། ས་ཁུལ་ཞིག་གི་དཔལ་ཡོན་གྱི་ཚད་གཞིའི་མཚོན་བྱེད་ཅིག་ཀྱང་ཡིན། ད་ལྟའི་ཧོ་ལི་སི་གོང་མ་སྡེ་བར་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་མཉམ་གནས་དང་འཆམ་མཐུན་འཕེལ་རྒྱས་སུ་འགྲོ་བའི་དགའ་འོས་རྣམ་པས་ཁེངས་འདུག ད་ལྟ་ཏང་གི་སྲིད་ཇུས་བཟང་བ་དང་། དྲིན་གཟོ་དང་སྐྱིད་ཀྱི་འཚོ་བ་གཅེས་སུ་འཛིན་པ་དེ་ཧོ་ལི་སི་གོང་མ་སྡེ་བའི་སྡེ་དམངས་ཀུན་གྱི་ཐུན་མོང་གི་སེམས་སྒྲར་གྱུར་ནས་གདའ།

ཆར་བ་ཟམ་ཟིམ་དུ་འབབ་པའི་ཉིན་གུང་གི་དུས་དེར་ང་ཚོས་ཧོ་ལི་སི་གོང་མ་སྡེ་བར་ཆེས་མཇུག་མཐའི་གྱེས་ཕྱག་ཕུལ་བ་ཡིན། མཐུན་སྒྲིལ་རོགས་ལས་དང་དཔལ་ཡོན་འཆམ་མཐུན། དཀའ་སྤྱད་འཕེལ་རྒྱས་བཅས་ཀྱི་སྲོལ་རྒྱུན་བཟང་བོ་དེ་ཧོ་ལི་སི་གོང་མ་སྡེ་བར་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་ཐུབ་པ་དང་། མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པའི་བློ་སྤོབས་དེ་དུས་གཏན་དུ་ཉམས་མེད་དུ་གནས་སྲིད་པར་ཡིད་ཆེས་བརྟན་པོ་ཡོད།

ཧོ་ལི་སི་གོང་མ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་།

ཧོ་ལི་སི་གོང་མ་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་མཆོད་རྟེན།

སྡེ་བའི་གྲལ་དག་པའི་ཁོར་ཡུག

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།