འོད་ནུས་ཀྱི་འཇིག་རྟེན་ལས་བྱུང་བའི་འཕོ་འགྱུར་གསར་བ།
2019.07.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

ཉེ་སྔོན། ཞིང་ཆེན་བཞིའི་བོད་ཁུལ་རླུང་བརྙན་འཕྲིན་སྨྱན་སྦྱོར་གྱི་གསར་འགོད་པའི་སྡེ་མུ་མཐུད་དུ་གུང་ཧོ་རྫོང་བཏུལ་ཐང་དུ་ཡོད་པའི་སྐྱེ་ཁམས་འོད་ནུས་གློག་འདོན་གླིང་ཁུལ་དུ་ཕྱིན་པ་དང་། ང་ཚོ་གླིང་ཁུལ་འདིའི་ཆེས་མཐོ་བའི་ལྗོངས་གཟིགས་སྟེགས་བུ་རུ་འགོས་ནས་མར་ལྟ་དུས། འོད་ནུས་ཤེལ་ལེབ་བགྲང་ལས་འདས་པ་ཞིག་གིས་བཏུལ་ཐང་གཡོགས་འདུག་པས་བལྟས་པ་ཙམ་གྱིས་བཏུལ་ཐང་གི་ཡུལ་ཁམས་ནི་སྔོ་ལྟེམ་མེར་འཁྱིལ་བའི་རྒྱ་མཚོ་སྔོན་མོ་ཞིག་དང་ཀུན་ནས་མཚུངས།

བཏུལ་ཐང་དུ་ཡོད་པའི་སྐྱེ་ཁམས་འོད་ནུས་གློག་འདོན་གླིང་ནི་རྒྱལ་ཡོངས་སུ་ཆེས་ཐོག་མའི་སྟོང་ཝ་བྱེ་བ་རིམ་པའི་གློག་འདོན་གླིང་ཁུལ་ཞིག་ཡིན་པར་མ་ཟད། "ནུབ་གློག་ཤར་འདྲེན"དང་། རླུང་གློག་གླིང་ཁུལ་འཛུགས་སྐྲུན་བཅས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་སོང་བ་ནི་མཚོ་ལྷོ་ཁུལ་ཡོངས་ལ་མཚོན་ནས་བཤད་ན་རྣམ་པ་གསར་བའི་དག་གཙང་ནུས་པའི་ཐོན་ལས་ཁྱད་པར་བ་ཞིག་རེད།

མཚོ་སྔོན་རྨ་ཆུ་འོད་ནུས་ཞིབ་བཤེར་ཞིག་གསོ་ཚད་ཡོད་ཀུང་ཟི་ཞིག་གསོ་ལྟེ་གནས་ཀྱི་ཀྲུའུ་རིན། ལིག་པུན།

ཚ་རྔ་འགག་གི་ཉི་ནུས་གློག་འདོན་ས་ཚིགས་ཀྱི་གློག་འདོན་ཚད་ནི་ཀྲའོ་བརྒྱད་བརྒྱ་བརྒྱད་ཅུ་ཡིན་པ་དང་། རིམ་པ་གསུམ་དུ་བགོས་ནས་འཛུགས་སྐྲུན་བྱས་པ་ཡིན། རིམ་པ་དང་པོ་ནི༢༠༡༣ལོར་འཛུགས་སྐྲུན་བྱས་པ་དང་། གློག་འདོན་ཚད་ཀྲའོ་སུམ་བརྒྱ་དང་ཉི་ཤུ་ཡིན། རིམ་པ་གཉིས་པའི་གློག་འདོན་ཚད་ཀྲའོ་ལྔ་བརྒྱ་དང་སུམ་ཅུ་ཡིན། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཉེར་བདུན་ཡོད་པ་དང་། མིག་སྔར། འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཉི་ནུས་གློག་འདོན་ས་ཚིགས་ཞིག་ཡིན།

 ཉེ་བའི་ལོ་འགའི་རིང་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛུབ་སྟོན་གྱི་དགོངས་པ་ལག་ཏུ་བསྟར་པས། སྐྱེ་ཁམས་འོད་ནུས་གློག་འདོན་གླིང་ལ་སྔར་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ང་ཚོས་འོད་ནུས་གློག་འདོན་གླིང་གིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ལ་ཐོན་པའི་ནུས་པའི་སྐོར་རྒྱུས་ལོན་བྱེད་དུས། གླིང་ཁུལ་དུ་བསྡད་ཡོད་པའི་མི་སྣ་སྐོར་ཞིག་གིས་སྔོན་ཆད་གུང་ཧོ་རྫོང་བཏུལ་ཐང་གི་ཡུལ་ཁམས་འདིར་གནམ་གཤིས་མི་ལེགས་པའི་རྐྱེན་གྱིས་ཆར་ཆུ་དཀོན་ཞིང་འབབ་ཞོད་ཞན་ལ། ཕལ་ཆེར་རླུང་འཚུབ་ཆེན་པོ་ཟླ་གཅིག་རེར་ཡང་གཡུགས་སྲིད་པས། ལྗང་མདོག་གི་རྣམ་པ་ཤུལ་ཙམ་ཡང་མེད་པའི་སྐྱ་ཐང་ཐང་གི་ས་ཆ་ཞིག་ཡིན་ཟེར། ཧི་ལི་སུ་གོང་མ་སྡེ་བའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་བཱང་ཧྲང་ཞང་གིས་བཤད་རྒྱུར།

ཧི་ལི་སུ་གོང་མ་སྡེ་བའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ། བཱང་ཧྲང་ཞང་།

ང་ནི་ཐེ་གེ་ཞང་ཧི་ལི་སུ་གོང་མ་སྡེ་བའི་སྡེ་མི་ཞིག་ཡིན། ད་ལྟའི་ཉི་ནུས་གློག་འདོན་ས་ཚིགས་ཡོད་ས་འདི་ནི་སྔོན་ཆད་ང་ཚོའི་རྩྭ་ར་ཡིན། ང་ཚོའི་གནས་འདི་ནས་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱས་མྱོང་། སྐབས་དེར་ས་འདིར་བྱེ་འགྱུར་བྱས་པ་ཡང་ཧ་ཅང་ཚབས་ཆེན་རེད། དེའི་རྗེས་ཉི་ནུས་གློག་འདོན་ས་ཚིགས་འདི་འཛུགས་སྐྲུན་བྱས་པ་རེད། སྐབས་དེར་ང་ཚོར་ཁ་གསབ་ཀྱི་སྒོར་མོ་ཡང་བྱིན་པས། ང་ཚོའི་ཁུལ་ཐོག་ཏུ་ཁང་བ་ཉོས་པ་མ་ཟད་རླངས་འཁོར་ཡང་ཉོས་པ་ཡིན། དེར་མ་ཟད། ང་ཚོའི་སྡེ་བའི་སྡེ་མི་མང་པོ་ཞིག་གིས་ཉི་ནུས་གློག་འདོན་ས་ཚིགས་འདིར་ལས་ཀ་ལས་བཞིན་ཡོད། ཕལ་ཆེར་མི་ཉིས་བརྒྱ་ཙམ་གྱིས་ཉི་ནུས་གློག་འདོན་ས་ཚིགས་འདི་རུ་ལས་ཀ་ལས་ཀྱིན་ཡོད། ཟླ་རེར་སྒོར་སྟོང་འགའི་གླ་ཕོགས་ཀྱང་ལེན་ཐུབ།

བཏུལ་ཐང་གི་ཡུལ་ཁམས་འདི་གཅིག་ནས་ས་རྒྱ་ཆེ་ཞིང་། གཉིས་ནས་ཉི་འོད་ཀྱི་ཆ་རྐྱེན་འཛོམས་པོ་ལྡན་པས།  ཏག་ཏག་འོད་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པར་ཤིན་ཏུ་འཚམ་པ་རེད། དེ་བས། བཏུལ་ཐང་ལ་ཡོད་པའི་དམིགས་བསལ་གྱི་ཁྱད་ཆོས་འདི་སྔོག་འདོན་བྱ་ཆེད། སྐྱེ་ཁམས་འོད་ནུས་གློག་འདོན་གླིང་གསར་འཛུགས་བྱས་ཤིང་། དུས་དེ་ནས་བཟུང་།  སྔར་གྱི་ཚ་རེག་རེག་བྱེད་པའི་སའི་དྲོད་ཚད་ཀྱང་ཡུན་གྱིས་ཇེ་དམའ་རུ་སོང་བ་དང་། རླུང་གི་རྒྱུ་བ་བཀག་པ་མ་ཟད། ས་འོག་གི་བརླན་འཛིན་ནུས་པའང་ཇེ་ཆེར་སོང་བས། འོད་ནུས་ཤེལ་ལེབ་འོག་ཏུ་རིམ་བཞིན་རྩྭ་སྔོན་འབུས་ནས་སྔར་གྱི་བཏུལ་ཐང་གི་སྐྱ་ཆད་སྔོ་རྡུགས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བས། མཐའ་འཁོར་གྱི་མང་ཚོགས་རྣམས་ཀྱི་འཚོ་བར་ཡང་འགྱུར་ལྡོག་བྱུང་ཡོད། ཧི་ལི་སུ་གོང་མ་སྡེ་བའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་བཱང་ཧྲང་ཞང་གིས་བཤད་རྒྱུར།

ཧི་ལི་སུ་གོང་མ་སྡེ་བའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ། བཱང་ཧྲང་ཞང་།

རྒྱུ་མཚན་འདིའི་དབང་གིས་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་པ་འདིས་ང་ཚོར་ཁེ་ཕན་ཆེན་པོ་ཞིག་ཐོབ་ཡོད། སྔོན་ཆད་ས་འདི་བྱེ་འགྱུར་བྱས་པ་ཚབས་ཆེན་ཡིན་པས། ཆར་འབབ་རྒྱུ་མེད་པར་ནམ་རྒྱུན་རླུང་གཡུག་གིན་ཡོད། ཐ་ན་ཟླ་གཅིག་རེར་རླུང་གཡུག་སྐབས་ཀྱང་ཡོད། ད་ལྟ་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་རྗེས། ཆར་འབབ་ཚད་ཀྱང་ཇེ་མང་དུ་སོང་ཡོད་ལ་རླུང་ཡང་མི་གཡུག རྩྭ་སྐྱེས་པ་ཡང་ཧ་ཅང་བཟང་། དེའི་རྒྱུ་མཚན་གྱིས་ཉི་ནུས་གློག་འདོན་ས་ཚིགས་འདི་འཛུགས་སྐྲུན་པ་བྱས་པ་འདིས་ང་ཚོའི་ཡོང་འབབ་ཇེ་མཐོར་གྱུར་ཡོད་པ་མ་ཟད་སྟབས་ཡང་ཇེ་བདེར་སོང་ཡོད། སྡེ་བའི་ནང་ནས་ཀུང་སིའི་བར་དུ་སྤྱི་ལེ་འགའ་མ་གཏོགས་མེད་པས། ནང་མོར་ལས་ཀ་ལས་སུ་ཡོང་ནས་ཕྱི་དྲོར་ལས་ཀ་གྲོལ་རྗེས་ཕྱིར་རང་ཁྱིམ་དུ་ལོག་ཆོག

དེ་ལྟར་ཡུན་ནས་ཡུན་གྱིས་འོད་ནུས་ཤེལ་ལེབ་འོག་ཏུ་རྩྭ་རྫོང་ཇེ་མཐུག་ཏུ་གྱུར་པས།ལོ་རེའི་ཟླ་དགུ་བ་ནས་ཟླ་བཅུ་བའི་ནང་གླིང་ཁུལ་མི་སྣས་འབྲོག་པ་རྣམས་ལ་རིན་མ་བླངས་པར་འོད་ནུས་ཤེལ་ལེབ་འོག་གི་རྩྭ་འབྲེག་ཏུ་བཅུག་པས།ཕྱུགས་ཟོག་གི་གཟན་རྩའི་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད། ལྷག་པར་དུ2014ལོ་ནས་བཟུང་། གསར་དུ་བཙུགས་པའི་འོད་ནུས་ཤེལ་ལེབ་དེ་མུས་གཅིག་དང་གྲངས་ཆུང་གཉིས་ཀྱིས་ཇེ་མཐོར་བཏང་ནས་འོག་ཏུ་ལུག་ཀྱང་འཚོས་ཆོག་པས། འོད་ནུས་གློག་འདོན་གླིང་ཁུལ་གྱིས་གཅིག་ནས་གློག་འདོན་བྱེད་ཐུབ་པ་མ་ཟད། ཕྱུགས་ཟོག་འཚོ་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡང་བྱས་ཡོད་པས། གཅིག་གོ་གཉིས་ཆོད་དུ་སོང་བའི་ཐོན་ལས་ལས་དོན་རླབས་ཆེ་བ་ཞིག་རེད། དེ་ནས་ང་ཚོ་གསར་འགོད་ཚན་ཁག་མུ་མཐུད་དུ་ཀུང་སི་དེར་གློག་འདོན་སྤྲོད་བྱེད་སའི་ཚ་རྔ་འགག་ཏུ་ཆས་པ་ཡིན།དབྱར་དྲུག་པའི་མཐོ་སྒང་གི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཞོར་དུང་ལུང་ཁོག་གི་ལམ་རྙིང་དེད་དེ་ཅང་མ་འགོར་བར་ཚ་རྔ་འགག་གི་ལྗོངས་ཁུལ་དུ་ཐོན། ཚ་རྔ་འགག་ལྗོངས་ཁུལ་གྱི་འགོ་གཙོ་ལིས་ཅུས་ཁྲིན་གྱིས་ང་ཚོར་ཚ་རྔ་འགག་གི་གནས་ཚུལ་ངོ་སྤྲོད་བྱས་བྱུང་།

ཚ་རྔ་འགག་ལྗོངས་ཁུལ་གྱི་འགོ་གཙོ་ལིས་ཅུས་ཁྲིན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

ལིས་ཅུས་ཁྲིན། ཚ་རྔ་འགག་གི་ཆུ་རགས་ནི1975ལོར་འཛུགས་སྐྲུན་བྱས་ལ། 1989ལོར་ལེགས་འགྲུབ་བྱུང་ནས་གློག་འདོན་སྤྲོད་བྱས། ང་ཚོ་ཚ་རྔ་འགག་གི་ལྗོངས་ཁུལ་ནི་ཚ་རྔ་འགག་གི་ཆུ་རགས་ཀྱི་ཁྱད་ཆོས་ལ་བརྟེན་པ་ཡིན་ལ། སྨད་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཚ་རྔ་འགག་གྲོག་རོང་ཡོད་པ་དང་། སྟོད་ཀྱི་སྤྱི་ལེ་གོ་བཞིའི་མཚམས་སུ་ཚ་རྔ་འགག་གི་མཚོ་བསྐྱིལ་ཡོད་པ་དེ་དག་གིས་ཚ་རྔ་འགག་གི་ལྗོངས་ཁུལ་གྱི་རྣམ་པ་ཞིག་གྲུབ་ཡོད། ལྗོངས་ཁུལ་གྱི་ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱད་བརྒྱ་བདུན་ཅུ་ཡོད་ལ། གསར་སྤེལ་བྱས་ཆོག་པའི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱ་བཞི་བཅུ་ཡོད། ང་ཚོའི་མིག་མདུན་དུ་ཡོད་པའི་མཚོ་དང་དེའི་རྒྱུད་ཀྱི་ལྗོངས་ཁུལ་ལ་ཁྱད་ཆོས་ཆེན་པོ་ལྡན།  མིག་སྔར་ཡུལ་སྐོར་བ་སྣེ་ལེན་བྱས་ཆོག་པའི་གནས་བཞི་ཡོད་པ་དང་། གོང་དུ་ང་ཚོའི་ལྟ་སྐོར་བྱས་པའི་གྲོག་རོང་ཆེན་པོ་དང་ཚ་རྔ་འགག་གི་ཆུ་རགས་ཆེན་མོ། ང་ཚོའི་ཁ་གཏད་ནི་ཚ་རྔ་འགག་གི་ཆུ་ངོས་ལྗོངས་ཁུལ་ཡིན་ལ། ལྗོངས་ཁུལ་དེ་དག་ལོ་བདུན་ནས་བཅུའི་རིང་ལ་འཛུགས་སྐྲུན་བྱས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་བཅུ་དྲུག་ལྷག་བཏང་། 2022ལོར་ལྗོངས་ཁུལ་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་རེད། ཚ་རྔ་འགག་གི་ཁ་གཏད་དུ་བྱེ་ཐང་ཡོད་པ་དང་། གནས་དེ་རུ་ལུས་རྩལ་སྦྱོང་བརྡར་གྱི་གནས་བཙུགས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་རིགས་སྤེལ་རྒྱུ་ཡིན་ལ། དཔེར་ན་མཐོ་སྒང་གི་ལྕགས་རྟ་འགྲན་རྒྱུགས་དང་འཕྲུལ་རྟ་འགྲན་རྒྱུགས་སོགས་ཀྱི་བྱ་འགུལ་སྤེལ་ཆོག་པས། དེ་དག་ནི་ང་ཚོའི་ལྗོངས་ཁུལ་གྱི་ཁྱད་ཆོས་ཅིག་ཏུ་བརྩིས་ཆོག་ལ། དེ་ནི་ལུས་རྩལ་ཕྱོགས་ཀྱི་འཕེལ་རྒྱས་ཤིག་ཀྱང་རེད་སྙམ། དེ་བས་མ་འོངས་པ་ན་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ལྗོངས་ཁུལ་ཞིག་བསྐྲུན་རྒྱུ་ཡིན་ལ། དེ་ལྟར་བྱས་ན་མཐའ་འཁོར་གྱི་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པ་དང་ལས་ཞུགས་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཐུབ།

རྨ་ཀླུང་སྒེག་ལྡན་ནི་སྔོ་ལྟེམ་མེར།འཇམ་ཐིང་ངེར།བག་ལྷོད་གེར་མཛེས་སྡུག་གིས་འཁྱིལ་འདུག་ཅིང་།དཀན་གཟར་གྱི་བྲག་རི་དང་།འཇིགས་རུང་གི་འགག་འཕྲང་ནི་དེ་འདྲའི་རྔམ་ཟིལ་ལྡན་པ་ལ།རགས་སྒོ་ལས་ཕྱིར་བཏང་བའི་ཆུ་ནི་ཆིལ་ཆིལ་ལྷུང་ལྷུང་གིས་མཁའ་ནས་ཐུར་ལ་འབབ་ཅིང་།ཆུའི་ཟེགས་མ་འཐོར་བའི་གསེབ་ནས་དབང་གཞུའི་མེ་ཏོག་འཛུམ་འོང་ལ།ཆུ་རྡུལ་ཕྲ་མོ་དག་ཀྱང་དྲི་བཞོན་རླུང་གི་རྒྱུ་ཕྱོགས་ཀྱིས་ངེད་ཅག་གི་གདོང་ལ་བབས་བྱུང་བས།གར་ཡོང་མི་ཤེས་པའི་སྐྱིད་སྣང་ཞིག་དང་བརྗོད་དུ་མེད་པའི་སེམས་ཚོར་ཞིག་ཀྱང་ག་ཤེད་ཅིག་ནས་ངང་གིས་བསྟབས་བྱུང་།གལ་ཏེ་སྨྱུ་གུའི་འཕྲུལ་རྩེད་ལ་དབང་འབྱོར་བའི་རྩོམ་མཁན་ཞིག་ཡིན་ན།ཚིག་གི་དོ་ཤལ་མཛེས་པའི་བརྩམས་ཆོས་ཤིག་འགྲུབ་ཐུབ་པར་གདོན་མི་ཟ།

འོད་ནུས་ཞིག་གསོ་ཚད་ཡོད་ཀུང་སིའི་ལྗོངས་གཟིགས་སྟེགས་བུ།

ཀུང་སིའི་གཟི་བརྗིད་དཔང་ཡིག་སྣ་ཚོགས།

ཉི་འོད་ནུས་པའི་ཤེལ་ལེབ།

ཚ་རྔ་འགག་གི་ལྗོངས་ཁུལ།

བཀག་བསྐྱིལ་བྱས་པའི་རྨ་ཆུ་ཕྱིར་གཏོང་གི་རྣམ་པ།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།