འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྙེག་བཞིན་པའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་།
2019.07.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 70

སྙན་སྒྲོན་པ། དབྱར་ཟླ་དྲུག་པའི་མཐོ་སྒང་གི་རྩྭ་ཐང་ནི་མེ་ཏོག་གླིང་ག་ཞིག་དང་འདྲ་བར་མི་རྣམས་ཀྱི་ཡིད་སེམས་འགུག་པར་བྱེད་ཅིང་། མཐའ་ཡས་པའི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་གྱིས་བག་ཕེབས་ངང་རྩྭ་ཆུ་ལ་རོལ་བཞིན་འདུག ང་ཚོ་ཞིང་ཆེན་བཞིའི་ལྷན་འབྲེལ་བཅར་འདྲི་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ནས་ལམ་ལ་ཆས་ཏེ། རྫོང་དེའི་བྱང་ཕྱོགས་སུ་ཡོད་པའི་གསེར་གཞོང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཐོན། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིས་གདོང་ལ་འཛུམ་གྱིས་ཁེངས་ནས་ང་ཚོར་བསུ་མ་བྱས་པ་དང་། དེ་ནས་ང་ཚོ་མཉམ་ལས་ཁང་གི་ནང་དུ་ཁྲིད་དེ་མཉམ་ལས་ཁང་གི་གནས་ཚུལ་མཚམས་སྦྱོར་བྱས། དཔལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བར་ཁྱིམ་ཚང་སུམ་བརྒྱ་དོན་དྲུག་ཡོད་པ་དང་། མི་གྲངས་སྟོང་གཅིག་དང་དྲུག་བརྒྱ་བཅུ་གཉིས། སྡེ་བ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་ས་མུའུ་འབུམ་གསུམ་དང་ཁྲི་བཞི་སྟོང་གཉིས་ལྷག་ཡོད། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ལྕགས་ཐར་འབུམ་གྱིས་ང་ཚོར་མཉམ་ལས་ཁང་གི་གནས་ཚུལ་ལྷུག་པོར་བརྗོད་བྱུང་།


མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ། ལྕགས་ཐར་འབུམ།

ང་ཚོའི་མཉམ་ལས་ཁང་ནི2015ལོའི་ཟླ་དགུ་བར་བཙུགས་པ་ཡིན། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་བཞི་བཅུ་དང་མི་གྲངས་བརྒྱ་དང་གྱ་གཅིག་ཡོད། མཉམ་ལས་ཁང་གིས་གཙོ་བོར་ཞིང་ལས་དང་ཕྱུགས་ལས། ཐོན་ལས་བཅས་མཉམ་བསྲེས་འཕེལ་རྒྱས་གཏོང་བཞིན་ཡོད། ལོ་རེ་རེ་བཞིན་ཁུལ་དང་རྫོང་ཕྱུགས་ལས་ཅུའུ། གྲོང་རྡལ་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་དང་རྒྱབ་སྐྱོར། རོགས་རམ་བཅས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ང་ཚོའི་མཉམ་ལས་ཁང་གིས་གཙོ་བོར་ཕྱུགས་ལས་ཀྱི་ཐད་ནས་ནོར་གནག་དང་འབྲོག་ལུག་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ལག་ལེན་བྱས་ཏེ། ལོ་གཉིས་ཀྱི་ནང་ནོར་ལུག་ཐེངས་གསུམ་རྩེབ་པ་དང་། ཞིང་ལས་ཀྱི་ཐད་ནས་དང་ལོག་དཀར། གཟན་རྩྭ་བཅས་འདེབས་བཞིན་ཡོད། བཏབ་པའི་ནས་རང་མཉམ་ལས་ཁང་གིས་ལས་སྣོན་བྱས་ཏེ་རྩམ་པ་དང་རྩམ་པའི་ཞོར་ཟས་སྣ་ཚོགས་། ད་དུང་བལ་དཀར་གྱི་ཉལ་ཐུལ་དང་ལོག་སྣུམ་ཐོན་སྐྱེད་བྱེད་བཞིན་ཡོད་ལ། རང་མཉམ་ལས་ཁང་གིས་བསྡུ་ལེན་དང་བཙག་པའི་ལོག་དཀར་ཐུམ་འཇུག་སོགས་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད། ལོ་རེ་རེ་བཞིན་གོང་རིམ་གྱི་རྒྱབ་སྐྱོར་དང་མང་ཚོགས་རྣམས་ཀྱིས་དཀའ་སྤྱད་ལ་བརྟེན་ནས་མཉམ་ལས་ཁང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

སྙན་སྒྲོན་པ། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་ཞིན་ཧེ་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཀྱི་གཙོ་གནད་ཅིག་ཡིན་ལ། ཁོ་ཚོས་གཟབ་ནན་སྒོས་རྩྭ་ལྟར་ཕྱུགས་གཏན་འཁེལ་དང་རྩྭ་ཕྱུགས་དོ་མཉམ་གྱི་རྩ་དོན་ལྟར། ཚན་རིག་ལྟར་རྩ་སའི་ཕྱུགས་ཟོག་གཏན་འཁེལ་བྱས་པ་དང་། གཟབ་ནན་སྒོས་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་སྐུལ་འདེད་བྱས། རྩྭ་ས་སྤྱི་ཆིང་སྟོང་གཅིག་དང་བཞི་བརྒྱ་རེ་དྲུག་ལྷག་གི་གནས་སུ་ས་ཁག་བགོས་ཏེ་ཕྱུགས་རེས་མོས་སྒོས་འཚོས་པ་དང་། ལུག་སྟོང་གཅིག་དང་སུམ་བརྒྱ་བཅུ་བདུན་རེས་མོས་སྒོས་འཚོས་པས། རྩྭ་སའི་སྐྱེ་ཁམས་དོ་མཉམ་ལ་ཕན་ནུས་ཡོད་པའི་སྒོ་ནས་སྲུང་སྐྱོབ་བྱས་པ་དང་། རྩྭ་སའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་ཇེ་མཐོར་བཏང་། མཉམ་ལས་ཁང་འཛུགས་པའི་དམིགས་ཡུལ་གྱི་ཐད་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ལྕགས་ཐར་འབུམ་གྱིས་བཤད་རྒྱུར།

མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ། ལྕགས་ཐར་འབུམ།

མཉམ་ལས་ཁང་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་སྡེ་བ་འདིའི་མང་ཚོགས་ཀྱི་འཚོ་བ་འབྱོར་འབྲིང་དུ་བསྐྱོད་པར་རྨང་གཞི་བརྟན་པོ་འདིང་ཆེད་དང་། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་དང་སྲིད་ཇུས་ལག་བསྟར་བྱེད་པའི་ཐད་མཉམ་ལས་ཁང་གཙོ་བྱས་ཏེ་སྡེ་བ་འདིར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་ཆེད་ཡིན་ལ། མཉམ་བསྲེས་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་ཇེ་བཟང་དུ་འགྱུར་དུ་འཇུག་རྒྱུའི་ཆེད་ཡིན།

སྙན་སྒྲོན་པ།དེང་སྐབས་རོང་འབྲོག་ས་ཁུལ་དུ་མཉམ་ལས་ཁང་འཛུགས་པའི་སྣང་ཚུལ་ཧ་ཅང་དར་ཁྱབ་ཆེ། འོན་ཀྱང་། ཆེད་ལས་ཅན་དང་ཡང་ན་ཐོན་རྫས་ལས་སྣོན་བྱེད་ཐུབ་པའི་དཔེ་མཚོན་ཅན་གྱི་མཉམ་ལས་ཁང་མང་པོ་མེད། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་རྣམས་ཀྱི་ཁ་བརྡ་ལ་ཉན་ན། ཁོང་ཚོའི་མཉམ་ལས་ཁང་ནི་གཞན་དང་མི་འདྲ་བར་རང་ཉིད་ལ་ཁྱད་སྟོབས་ཕུན་སུམ་ཚོགས་པོ་ལྡན། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་འཇོག་མཁན་ལྷ་རྡོ་ཡིས་རང་ཉིད་མཉམ་ལས་ཁང་དུ་ཞུགས་རྗེས་ཀྱི་འགྱུར་ལྡོག་བརྗོད་བྱུང་།

མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་འཇོག་མཁན། ལྷ་རྡོ།

སྔོན་ཆད་རང་ཁྱིམ་དུ་ལུག་བརྒྱ་ཡོད་པར་དཔེར་བླངས་ན། མི་གཉིས་ཀྱིས་འཚོ་དགོས་ལ། ད་ལྟ་ཁྱིམ་ཚང་མས་པོས་ནོར་ལུག་མཉམ་ལས་ཁང་དུ་མ་རྐང་དུ་བཞག་ན། ཞོར་ལས་བཙལ་བའམ་ཕྱུགས་རྫི་བྱེད་པ་གང་ཡིན་རུང་སྔར་ལས་སྟབས་བདེར་གྱུར་ཡོད། སྔོན་ཆད་དང་བསྡུར་ན་རང་ཉིད་ཀྱི་འཚོ་བ་ལྡབ་གཉིས་ཀྱིས་ཇེ་བཟང་དུ་སོང་ཡོད་འདོད། རང་ཉིད་ཀྱིས་བསམ་ན་མཉམ་ལས་ཁང་དུ་ཞུགས་ན་དེ་ནི་འཕེལ་རྒྱས་ཀྱི་ལམ་སྔར་ལས་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་ཡོད།

སྙན་སྒྲོན་པ།ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་སྦྲུམ་པའི་འཇིག་རྟེན་གྱི་ཡང་དག་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་འབྱུང་ཁུངས། རྒྱ་མཚོའི་ཁྱོན་གྱི་སྣ་ཚོགས་ལྐོག་གྱུར་གྱི་སྐྱེ་དངོས་དང་བསྡུར་ན། མཚོ་བོད་ས་མཐོའི་ཞིང་ཕྱུགས་ཐོན་རྫས་ལ་ཁྱད་དུ་འཕགས་པའི་ནུས་པ་ཆེན་པོ་ལྡན་པས། མཐོ་སྒང་དུ་འཚོ་སྡོད་བྱེད་པའི་མི་རྣམས་ལ་ཕུལ་བའི་ཡིད་འོང་དྭངས་གཙང་གི་ལེགས་སྐྱེས་ཞིག་དང་གཉིས་སུ་མ་མཆིས། མཉམ་ལས་ཁང་གི་ཁོངས་མི་ཕུན་ཚོགས་སྐྱབས་ཀྱིས་ཉེ་བའི་ལོ་འགའི་རིང་རང་ཉིད་ཀྱི་མ་རྐང་ལས་ཡོང་སྒོ་བགོ་བཤའ་བརྒྱབ་པའི་ཐད་ནས་བཤད་རྒྱུར།

མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཁོངས་མི། ཕུན་ཚོགས་སྐྱབས།

ང་རང2017ལོར་མཉམ་ལས་ཁང་དུ་ཞུགས་པ་ཡིན། 2017ལོར་མ་རྐང་བཞག་པའི་ཐད་ཡོང་སྒོ་སྒོར་སྟོང་བརྒྱད་དང་བདུན་བརྒྱ་ལྔ་བཅུ་བགོས་པ་དང་། 2018ལོར་སྒོར་ཁྲི་གཉིས་དང་སྟོང་ལྔ་སུམ་བརྒྱ་བགོ་བཤའ་བརྒྱབ། 2019ལོའི་ལོ་སྟོད་དུ་མ་རྐང་ལྟར་སྒོར་ཁྲི་གསུམ་དང་སྟོང་བདུན་བརྒྱད་བརྒྱ་བགོ་བཤའ་བརྒྱབ། རང་ཉིད་ལ་མཚོན་ན་མཉམ་ལས་ཁང་དུ་ཞུགས་ན་མ་ཐག་དེའི་བཟང་ཆ་མ་གཏོགས་མོད། ད་ལྟ་བལྟས་ན་འཕེལ་རྒྱས་བྱུང་བ་མགྱོགས་ལ་དེའི་བཟང་ཆ་ལྡན་པར་འདོད།

སྙན་སྒྲོན་པ།མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་མཚོ་བོད་ས་ཁུལ་གྱི་ཁྱད་ལྡན་ཐོན་དངོས་ཉོ་ཚོང་བྱེད་སའི་མཚོ་བོད་གྲུ་ཁ་ཀུང་སིར་མཉམ་འབྲེལ་བྱས་ཏེ། མི་རིགས་རིག་གནས་ཀྱི་ཐོན་རྫས་སྦྲེལ་རེས་བྱས་ནས་མཚོ་བོད་མཐོ་སྒང་གི་རང་བྱུང་མཛེས་པ་འཛམ་གླིང་ལས་མངོན་པར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། ཀུང་སི་དེས་ཀྱང་དྲ་སྦྲེལ་བེད་སྤྱོད་ལས་ཆོད་ཆེ་ཞིང་སྟབས་བདེ་བ་བཅས་བྱས་ནས། འཛམ་གླིང་གི་ཡུལ་ལུང་གང་སར་མཚོ་བོད་ས་ཁུལ་གྱི་མི་རིགས་ཁྱད་ཐོན་སྤུས་ལེགས་རྟགས་མ་དག་མངོན་པར་བྱས་ནས་ས་གནས་དཔལ་འབྱོར་དར་རྒྱས་ཡོང་བར་བྱས་རྗེས་དང་སྟོབས་ཤུགས་འདོན་བཞིན་ཡོད།

མཉམ་ལས་ཁང་གི་གཟི་བརྗིད་དཔང་ཡིག་སྣ་ཚོགས།

ཐོན་སྐྱེད་འཁོར་ཁང་།

ལས་བཟོ་བས་སྣུམ་བཙག་བཞིན་པ།

མཉམ་ལས་ཁང་གི་ཐོན་རྫས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།