“འཛམ་གླིང་ཡང་རྩེ”རུ་རང་གི་ཕུགས་འདུན་བཙལ།
2019.07.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 44

མཐོ་སྒང་གི་ཟུར་ཞིག་སྟེ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་མཚམས་སུ་དུས་ནམ་ཞིག་གི་ཚེ་ངས་རང་ཉིད་ལ་དབང་བའི་དགའ་སྤྲོའི་སྐྱེད་ཚལ་ཞིག་བསྐྲུན་རྒྱུ་དེ་ནི་ངའི་མི་ཚེ་གང་བོར་བསྒྲུབ་འདོད་པའི་བྱ་གཞག་ཅིག་ཡིན། བྱ་བ་དེར་ཞུགས་པ་ཅུང་འཕྱི་ཡང་། ད་ལྟ་ཡང་ཆེས་བཟང་པོའི་སྐབས་ཤིག་རེད་ཅེས་ཟླ་བ་སྒྲོལ་མས་རང་ཉིད་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བྱ་བ་སྒྲུབ་དུ་འགྲོ་བར་ཆོག་མཆན་ཐོབ་རྗེས་ཀྱི་སེམས་ཁམས་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད་བྱུང་།

རང་ཉིད་ཀྱི་སེམས་ནང་གི་བྱ་བ་ཞིག་ལ་བསྙེགས་པར་ལོ་ངོ་ག་ཚོད་དགོས་སམ། ཟླ་བ་སྒྲོལ་མས་རང་ཉིད་ཆེས་དགའ་བའི་ལས་གནས་སྟེང་དུ་ཏག་ཏག་ལོ་ངོ་ཉེར་དྲུག་རིང་ལ་བྱ་བ་བསྒྲུབས།

གཏམ་རྒྱུད་དེའི་མགོ་དཔའ་བོ་ཞིག་ནས་གླེང་དགོས་སྟེ། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་ཡོད་པའི་མཐོ་སྒང་དུ་ཟངས་ཀྱི་སྐུ་ཞིག་ཀྲོང་ངེར་འགྱིང་ཡོད་པ་དང་། དེའི་སྟེང་ཁ་བཏགས་མང་པོ་བཏགས་ཡོད་ལ། དེ་ནི་ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་མཁན་བསོད་ནམས་དར་རྒྱས་ཀྱི་སྐུ་བརྙན་རེད། བསོད་ནམས་དར་རྒྱས་ནི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་རྡོ་རིང་ཞིག་ཡིན་པ་དང་། ཟླ་བ་སྒྲོལ་མའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བསམ་བློའི་རྨོངས་སེལ་མཁན་དང་སྣེ་ཁྲིད་མཁན་ཡང་ཡིན།

བསོད་ནམས་དར་རྒྱས་དང་ཟླ་བ་སྒྲོལ་མའི་ཕུ་བོ་གཉིས་ནི་སྔོན་ཆད་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཡིན་པ་དང་། ཁོ་ཚོའི་བར་དུ་ཁྲག་རྒྱུད་ཀྱི་འབྲེལ་བ་མེད་ཀྱང་། ཟླ་བ་སྒྲོལ་མའི་ཁྱིམ་རྒྱུད་དང་བསོད་ནམས་དར་རྒྱས་བར་དུ་གཉེན་ཉེ་ལས་ཀྱང་ཉེ་བ་ལྟར་ གྱུར་ཡོད་པ་དང་། ཟླ་བ་སྒྲོལ་མས་དོན་དག་ཡིད་ལ་འཛིན་ཐུབ་པ་ནས་ཁོ་མོའི་ངག་ནས་བསོད་ནམས་དར་རྒྱས་ལ་ཕུ་བོ་བསོད་ནམས་ཞེས་འབོད་བཞིན་ཡོད།

ཆུང་དུས་ནས་ཕུ་བོ་བསོད་ནམས་ཀྱིས་ཨ་ཆེན་གངས་རྒྱབ་དུ་བྱ་བ་སྒྲུབ་པའི་མྱོང་བ་མང་པོ་བཤད་པ་གོ་ཐོས་ཡོད་ལ། ཁོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གླེང་བ་དང་། དོན་གང་ཞིག་དང་ཉིན་ནམ་ཞིག་ཡིན་པ་གསལ་བོར་བཤད་རྒྱུ་མེད་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཟུགས་མེད་ཀྱི་ས་བོན་ཞིག་ངའི་སེམས་སུ་དལ་བུར་མྱུ་གུར་འབུས་བྱུང་། ཕུ་བོ་བསོད་ནམས་ཀྱིས་རི་དྭགས་གཙོད་ལ་སྲུང་སྐྱོབ་བྱེད་ཆེད། ལོ་ངོ་ཉེར་ལྔའི་སྔོན་གྱི་གྲང་ངར་ཆེ་བའི་དགུན་ཁའི་མཚན་མོ་ཞིག་ལ་རི་དྭགས་རྔོན་མཁན་དང་འཛིང་རེས་བྱས་ནས་གཅེས་སྲོག་ཤོར་བ་དང་། ཁོས་རང་གི་ལོ་བཞི་བཅུའི་གཅེས་སྲོག་དེ་ཨ་ཆེན་གངས་རྒྱབ་ཏུ་ཕུལ་ཞེས་ཟླ་བ་སྒྲོལ་མས་ངུ་སྔངས་བྱེད་བཞིན་དེ་ལྟར་སྨྲས་བྱུང་།

ཡིན་ནའང་། སྐབས་འགར་འཚོ་བ་ནི་བསམ་ཐོག་ཏུ་འགྲོ་བ་ཞིག་མིན་པར་བྱ་བར་ཞུགས་རྗེས་ཀྱི་ཟླ་བ་སྒྲོལ་མས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་མ་མྱོང་བའི་རྐྱེན་གྱིས་ཨ་ཆེན་གངས་རྒྱབ་ཏུ་སོང་ནས་བྱ་བ་སྒྲུབ་པའི་ཕུགས་འདུན་དེ་སེམས་གཏིང་དུ་ཉར་དགོས་བྱུང་། ཉིན་རྒྱུན་གྱི་འཚོ་བ་དང་བྱ་བ་སྒྲུབ་པའི་དུས་ཚོད་གཞན་པའི་ནང་དུ། ཁོ་མོས་རང་གི་ནུས་ཚོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་དོན་དག་ལ་མཐོང་ཆེན་བྱས་ཏེ། གློག་རྫས་རྙིང་བ་ཕྱིར་བསྡུ་སའི་ས་ཚིགས་བཙུགས་པ་དང་། སྲང་ལམ་དུ་ཚང་མར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་ནས་ཁྱབ་གདལ་དུ་བཏང་ལ། ཁྱིམ་མི་དང་བྱིས་པ་ཁྲིད་དེ་མཉམ་དུ་གད་སྙིགས་འཐུས། ཟླ་བ་སྒྲོལ་མས་ཡང་བསྐྱར་རང་ཉིད་ཀྱི་ཕུགས་བསམ་སྙེག་པར་གྲ་སྒྲིག་བྱེད་པའི་སྐབས་སུ། འཚོ་བས་ཁོ་མོར་ཉམས་སད་ཐེངས་གཅིག་བྱས།

ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། མཛེས་སྡུག་ལྡན་པའི་ཡུལ་ཤུལ་དེ་སྐད་ཅིག་མའི་དུས་ཡུན་ནང་ཞིག་རོར་གྱུར་བ་དང་། གཅེས་པའི་ཚེ་སྲོག་མང་པོ་ཤོར་བས། མཛེས་སྡུག་ལྡན་པའི་མེ་ཏོག་ལ་སྔོན་ཆད་ཀྱི་བཀྲག་མདངས་ཉམས།

ས་འགུལ་གྱི་གནོད་འཚེ་ཐེབས་པའི་སྐབས་སུ། རིམས་འགོག་བྱ་བ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། སྐབས་དེར་ཡུལ་ཤུལ་འཕྲོད་བསྟེན་ཅུའུ་འཕྲོད་བསྟེན་ལྟ་རྟོག་ཁང་དུ་བྱ་བ་སྒྲུབ་བཞིན་པའི་ཟླ་བ་སྒྲོལ་མ་རྒུད་སྐྱོབ་བྱ་བའི་ཁྲོད་ཞུགས་པ་དང་། སྔོན་ལ་ཁོ་མོ་གནོད་འཚེའི་རྗེས་ཀྱི་ཞིང་ཆེན་དང་ཁུལ་རྫོང་རིམ་པ་གསུམ་གྱི་འཕྲོད་བསྟེན་ལྟ་རྟོག་མཉམ་འབྲེལ་རིམས་འགོག་ལྟ་རྟོག་བྱ་བའི་ཚན་ཆུང་དུ་ཞུགས་ནས་ཆུ་སྤུས་ཚད་འཇལ་དང་ཟས་རིགས་བདེ་འཇགས་བྱ་བར་འགན་ཁུར། དེའི་རྗེས་ནས་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གནོད་འཚེའི་རྗེས་ཀྱི་ཚོང་ལས་གཉེར་ས་བསྐྱར་འཛུགས་དང་བཀོད་སྒྲིག་འགོ་ཁྲིད་ཚན་ཁག་མ་དངུལ་དོ་དམ་ཚན་ཆུང་དུ་སྐོང་འཐེན་བྱས་ནས་བྱ་བ་བསྒྲུབས།

རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཟླ་བ་སྒྲོལ་མའི་ཕྲག་སྟེང་དུ་འགན་འཁྲི་གལ་ཆེན་བབས་ཡོད་པ་དང་། རང་གི་ལོ་ཚོད་དང་ཕོ་མོའི་དབྱེ་བའང་བརྗེད་དེ་རིམས་འགོག་བྱ་བར་ཞུགས་པས་བྱ་བའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། འགོས་ནད་བྱུང་བའི་གནས་ཚུལ་ཅི་ཡང་མེད་ལ། མ་དངུལ་དོ་དམ་བྱ་བར་སྐྱོན་ཆ་ཅི་ཡང་བྱུང་མེད། ཉིས་སྟོང་བཅུ་བཞི་ལོར། ཟླ་བ་སྒྲོལ་མར་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་། ཕྱིར་གནས་སྤོ་བར་བཀོད་སྒྲིག་བྱ་བའི་འབུར་ཐོན་སྔོན་ཐོན་མི་སྣའི་གཟེངས་རྟགས་གནངས།

“ཁྱེད་ཀྱིས་བཤད་ན་ཨ་ཆེན་གངས་རྒྱབ་ཀྱི་ས་ཆ་དེ་གང་འདྲ་ཞིག་ཡིན་ནམ། ལོ་འདི་དག་ལ་ངས་དུས་ཡུན་རིང་བོ་ཞིག་ལ་སྒུག ད་ལྟ་རང་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་ལ་སླེབས་སོང་། གལ་ཏེ་ད་ལྟ་མ་སོང་ན་ང་རང་མི་ཚེ་གང་བོར་འགྱོད་པ་སྐྱེས་སྲིད།”  ཁྱིམ་མི་གང་བོས་རྒྱབ་སྐྱོར་ཐོབ་པའི་ཟླ་བ་སྒྲོལ་མའི་ཕུགས་བསམ་འདི་སྔར་ལས་ཇེ་བརྟན་དུ་སོང་།

ཉིས་སྟོང་བཅོ་ལྔ་ལོར། ཟླ་བ་སྒྲོལ་མས་བྱ་བའི་ཁོར་ཡུག་བཟང་པོ་དང་ཐོབ་ཐང་བཟང་པོ་བསྐྱུར་ཏེ། རང་འགུལ་གྱིས་ཨ་ཆེན་གངས་རྒྱབ་དོ་དམ་ཅུའུ་རུ་བྱ་བ་བརྗེ་སྤོར་བྱེད་པའི་རེ་བ་བཏོན་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་དུ་ཞུགས། སྐབས་དེ་ནི་ཏག་ཏག་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་བྱ་བར་ཡར་ཞུ་བྱེད་པའི་གནད་འགག་གི་དུས་སྐབས་སུ་འཁེལ་བ་དང་། མོས་གནས་འདིར་བྱ་བ་ཅི་ཞིག་སྒྲུབ་འདོད་པའི་སེམས་ནང་གི་ས་བོན་དེ་ལ་མྱུ་གུ་འབུས་པའི་གོ་སྐབས་ཤིག་ཐོབ།

ལས་གནས་བརྗེ་སྤོར་གྱི་བརྡ་སྦྱོར་འབྱོར་བའི་སྐབས་དེར། ཟླ་བ་སྒྲོལ་མ་དགའ་སྤྲོ་སྐྱེས་ནས་ངུས། མིག་ཆུ་དེ་ནི་རང་གི་ཕུགས་འདུན་མངོན་འགྱུར་བྱུང་བའི་དགའ་སྤྲོ་ཡིན་པ་མ་ཟད། ལོ་ངོ་འདི་དག་གི་རིང་ལ་སྒུག་སྒུག་པའི་རེ་སྙེག་དང་རྒྱུན་འཁྱོངས་ཡིན།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། ཟླ་བ་སྒྲོལ་མ་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བྱ་བ་སྒྲུབ་ཏུ་སོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་བུ་ངོ་མའི་སྟེང་ཞུགས། དེའི་སྔོན་ལ། གནས་འདི་རུ་ཕལ་ཆེར་བུད་མེད་བྱ་བ་སྒྲུབ་མཁན་མེད་ལ། ཁོ་མོ་ནི་ཨ་ཆེན་གངས་རྒྱབ་དཀྱིལ་སྙིང་ཁུལ་དུ་བསྐོར་བསྐྱོད་བྱེད་མཁན་གྱི་བུད་མེད་ཆེས་ཐོག་མ་རུ་གྱུར།

མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་ལྔ་ཡོད་པའི“ཚེ་སྲོག་གི་བཀག་སྡོམ་ཁུལ”གྱི་སྤྱི་ལེ་བཅུ་ཕྲག་གི་ས་རུ་མི་གཅིག་ཀྱང་མཐོང་རྒྱུ་མེད་ལ། གནས་འདི་ས་མཐོ་གྲང་ངར་ཆེ་བ་དང་། རྩྭ་ཆུ་ཉུང་ལ། དབྱར་དགུན་གྱི་དུས་ཚིགས་བར་མེད་དུ་བརྗེ་བ། ལོ་ཧྲིལ་བོར་བྱེ་རྡུལ་འཚུབ་པས། ཁོར་ཡུག་ཧ་ཅང་གདུག་རྩུབ་ཆེ་བ་རེད།

ཟླ་བཅུ་གཅིག་པར་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་འཁྱགས་པས་བསྡམས་པ་དང་། ས་འཁྱགས་པ་དང་། གཙང་བོར་དར་ཆགས་པ། གངས་རི། རྡོ་ཆག་སོགས་ས་དབྱིབས་རྙོག་འཛིང་ཡིན་པས། བསྐོར་བསྐྱོད་བྱེད་པར་དཀའ་ངལ་མང་པོ་ཡོད། ཡིན་ནའང་། ཟླ་བ་སྒྲོལ་མས་རང་ཉིད་ལས་ཅན་ཞིག་ཡིན་པར་འདོད་བཞིན་ཡོད། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བྱ་བ་བསྒྲུབ་པར་ཡོང་བ་ནས་མི་ཚེའི་ཁྲོད་ཀྱི་ཆེས་ཐོག་མའི་བསྐོར་བསྐྱོད་བྱ་བ་ནི་ཨ་ཆེན་གངས་རྒྱབ་འཛམ་གླིང་རིག་གནས་ཤུལ་བཞག་ཏུ་ཡར་ཞུ་བྱེད་པའི་ཆེད་མཁས་དཔྱད་འཇོག་ཚན་ཁག་གིས་བྱ་བ་སྒྲུབ་སྐབས་མཁོ་སྒྲུབ་འགན་སྲུང་གི་བྱ་བ་སྒྲུབ་པ་དེ་རེད།

སྐབས་དེར་བསྐོར་བསྐྱོད་བྱས་པའི་ཉིན་དྲུག་གི་ནང་། ང་ཚོའི་བསྐོར་བསྐྱོད་རླངས་འཁོར་དེ་ཐེངས་མང་པོར་ཁངས་ནང་དུ་ལྷུང་བ་དང་། ཉིན་ཞིག་གི་དགོང་མོར་ང་ཚོ་གཙོད་གནས་མཚོ་སྲུང་སྐྱོབ་ས་ཚིགས་སུ་ཐོན་པའི་སྐབས་སུ། སྲུང་སྐྱོབ་ས་ཚིགས་སུ་དོམ་གྱིས་འཇབ་རྒོལ་བྱས་ནས་ཁང་པ་བརྡིབས་འདུག     ང་ཚོས་ཉིན་གང་བོར་ཡར་རྒྱུགས་མར་རྒྱུགས་བྱས་པའི་དཀའ་སྡུག་དང་ས་མཐོ་བྱུང་བར་མ་འཛེམ་པར་བསྐོར་བསྐྱོད་དང་འགན་སྲུང་བྱ་བ་ཡོངས་འགྲུབ་བྱེད་ཆེད། ཚང་མ་འཐབ་མོ་བ་ཞིག་དང་འདྲ་བར་སྒར་བཏབ་ནས་ཆེད་མཁས་པ་རྣམས་ཀྱི་འདུག་ས་བཀོད་སྒྲིག་བྱས་ཞེས་ཟླ་བ་སྒྲོལ་མས་ཐེངས་དང་པོར་བསྐོར་བསྐྱོད་བྱས་པའི་བྱ་བ་གླེང་སྐབས་དེ་ལྟར་བརྗོད་བྱུང་།

ཟླ་བ་སྒྲོལ་མས་བསྐོར་བསྐྱོད་རུ་མི་དང་མཉམ་དུ་སྒར་བཏབ་པ་དེ་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་རེད། མཚོ་ངོས་ལས་མཐོ་བ་དང་དབྱང་དབུགས་དཀོན་པའི་ས་ཁུལ་གྱི་ས་འཁྱག་ནང་དུ་ཐོ་བས་རས་གུར་གྱི་ཕུར་བ་ས་ནང་དུ་བརྡབས་རྒྱུ་དེ་ཡང་ལུས་ཤུགས་ཟད་པའི་བྱ་བ་ཞིག་རེད། བསྐོར་བསྐྱོད་རུ་ཁག་གི་མི་སྣ་ཞིག་ཡིན་པའི་ཆ་ནས། ཟླ་བ་སྒྲོལ་མས་དེ་ནི་སྐྱེས་པ་གཅིག་པུས་སྒྲུབ་ཐུབ་པའི་བྱ་བ་ཞིག་ཡིན་པར་གཏན་ནས་འདོད་བཞིན་མེད། ཁོ་མོས་རང་ཉིད་ཀྱི་བརྟན་བརླིང་གི་བསམ་བློ་ལ་བརྟེན་ནས་རྐང་འོག་གི་ས་འཁྱག་དང་མིག་མདུན་གྱི་འཁྱག་རོམ་དེ་སྙི་མོ་སྙི་མོ་ཞིག་ཏུ་བཏང་།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བར། ཨ་ཆེན་གངས་རྒྱབ་ཤུལ་བཞག་ཡར་ཞུ་དཔྱད་འཇོག་ཚན་ཆུང་ཡང་བསྐྱར་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཚིགས་སུ་ཡོང་སྐབས། ཟླ་བ་སྒྲོལ་མར་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་འབྱོར་ཏེ། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཚིགས་ཏུ་དྲིལ་སྒྲོག་ཚན་ཁག་ཅིག་བཙུགས།

དུས་ཚོད་བྲེལ་བ་ཆེ་ཞིང་། ལས་འགན་ཧ་ཅང་ལྗིད། ཡིན་ནའང་། བུད་མེད་འཐབ་མོ་བ་འདི་ལ་ཕྱིར་སྣུར་བྱེད་ས་གཏན་ནས་མེད། ལས་འགན་འབྱོར་རྗེས་དགོང་མོ་གཅིག་ལ་བྱེད་ཐབས་བཞི་བཟོས་པ་དང་། དེའི་འཕྲོར་ཡང་བྲེལ་འཚུབ་ཀྱི་ལག་བསྟར་བྱེད་ཐབས་ནང་ཞུགས། ང་རང་ཨ་ཆེན་གངས་རྒྱབ་ཏུ་བྱ་བ་ཅི་ཞིག་སྒྲུབ་པར་ཡང་འཐད་པ་ཡིན། ང་ལ་ལམ་ལུགས་ཀྱི་ཚོད་འཛིན་མི་དགོས་པ་དང་། མི་གཞན་གྱི་ལྟ་རྟོག་ཀྱང་མི་དགོས། ངས་རང་ཉིད་ཀྱི་བྱ་བ་བཟང་པོར་བསྒྲུབ་ངེས་ཡིན་ཟེར།

ཉིན་དེ་ནས་བཟུང་ཟླ་བ་སྒྲོལ་མས་ཉིན་རེར་ཞོགས་པའི་དུས་ཚོད་གསུམ་ལྷག་བར་དུ་བྱ་བ་སྒྲུབ་པ་དང་། ཐེངས་ཤིག་ལ་ལས་བཟོ་བ་ཁྲིད་དེ་རྒྱུ་ཆ་ཁྱེར་ནས་ཡོངས་སྐབས། ཁངས་ཆེན་བབས་པ་དང་འཕྲད་པ་དང་། ཁུ་ནུ་རི་བོའི་སྟེང་དུ་མཚན་ཧྲིལ་བོར་ལུས། 

ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། ཨ་ཆེན་གངས་རྒྱབ་ཤུལ་བཞག་གྲས་སུ་ཡར་ཞུ་བྱས་པ་ལེགས་འགྲུབ་བྱུང་རྗེས། ཟླ་བ་སྒྲོལ་མས་སྒྲུབ་པའི་དྲིལ་སྒྲོག་བྱ་བར་ཤན་ཤུགས་བཟང་པོ་ཐོབ་པ་དང་། ཁོ་མོས་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཚིགས་སུ་ཡོང་བའི་མི་རེ་རེར་གནས་འདིའི་གཏམ་རྒྱུད་བརྗོད་བཞིན་ཡོད། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཚིགས་སུ་ནད་བྱུང་བའི་གཙོད་དང་མ་དང་ཁ་བྲལ་དུ་སོང་བའི་གཙོད་ཕྲུག་གསོ་སྐྱོང་བྱས་པ་དང་། ཟླ་བ་སྒྲོལ་མ་དང་རི་དྭགས་གཙོད་དེ་དག་བར་དུ་བརྩེ་བ་ཟབ་མོ་ཆགས་ཡོད་ཅིང་། ཁོ་མོ་མཐོང་ཐེངས་རེར་རི་དྭགས་གཙོད་དེ་དག་གིས་མགོ་བོ་སྒུར་ནས་ཁོ་མོས་བྱིལ་བྱིལ་བྱེད་པར་རེ་བཞིན་ཡོད་ལ། དེ་ནི་ཨ་མའི་བརྩེ་བ་ཐོབ་པར་རེ་སྙེག་བྱེད་བཞིན་པ་དང་ཀུན་ནས་མཚུངས།  ལས་གྲོགས་ཚོས་བཤད་ན། ཁོ་མོ་ནི་རི་དྭགས་གཙོད་ཀྱི་ཨ་མ་ཞིག་དང་འདྲ་བས་རི་དྭགས་གཙོད་ལ་རང་གི་ཨ་མའི་ཉེ་འགྲམ་དུ་ཡོད་པ་ལྟ་བུའི་ཚོར་བ་སྟེར་བཞིན་ཡོད་ཟེར།

རི་དྭགས་གཙོད་ཆུང་ཆུང་དེ་དག་ལ་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ནི་ངའི་བྱ་བ་ཡང་ཡིན། འོན་ཀྱང་ཨ་མ་ཞིག་དང་། ཆུང་མ་ཞིག་ཡིན་པའི་ཆ་ནས། ངས་ཁྱིམ་མིར་བསྒྲུབས་པ་ཧ་ཅང་ཉུང་ཞེས་ཟླ་བ་སྒྲོལ་མས་སེམས་པ་སྡུག་བཞིན་དེ་ལྟར་བརྗོད་བྱུང་།

འདི་རུ་ང་དང་ངའི་མེས་རྒྱལ་གཉིས་དམ་དུ་འབྲེལ་ཡོད་པ་དང་། ངས་རང་གི་ཆེས་རྣམ་དག་གི་སེམས་པས་ཕ་ཡུལ་གྱི་གསེར་རི་དངུལ་རིར་སྲུང་སྐྱོབ་བཟང་པོ་དང་། ང་ཚོའི་རྐང་འོག་གི་ས་གཞི་འདི་ལ་སྲུང་སྐྱོབ་བཟང་པོ་བྱེད་བཞིན་ཡོད། ང་རང་ང་ཡི་མེས་རྒྱལ་གྱི་ཆེད་དུ་ང་རྒྱལ་ཞིག་སྐྱེས་ཡོང་ལ། ང་རང་ཉིད་ཀྱིས་བྱ་བ་འདི་ལྟ་བུ་ཞིག་སྒྲུབ་ཐུབ་པར་ལས་ཅན་ཞིག་ཏུ་བསམ་བཞིན་ཡོད།

ཨ་ཆེན་གངས་རྒྱབ་ཏུ།  ཟླ་བ་སྒྲོལ་མས་བརྗིད་ཉམས་ལྡན་པའི་ཡུལ་གྱི་བཀོད་པ་ཞིག་མཐོང་མྱོང་ལ། སྒེར་སེམས་མེད་པར་ཡོད་ཚད་ཀྱང་ཕུལ་མྱོང་།

                                                                                                               ལོ་ཙཱ། ཚེ་རིང་སྒྲོལ་མ།