སྲོལ་རྒྱུན་རིག་གནས་སློབ་རར་སྐྱོད་པའི་རྫོང་རུ་སློབ་ཆུང་།
2019.07.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 55

སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ངོས་ནས་བཤད་ན། ཕྱིའི་འཛུགས་སྐྲུན་དང་ནང་གི་སློབ་གསོ་ལའང་སྔར་མེད་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་གསར་བ་ཐོབ་ཡོད། དེ་དག་ཀྱང་གཙོ་བོ་དགེ་རྒན་མང་པོ་ཞིག་གིས་མི་རིགས་སློབ་གསོ་ལ་བཅངས་པའི་བརྩེ་སེམས་དང་དཀའ་སྤྱད་འབད་བརྩོན་ལས་བྱུང་བའི་འབྲས་བུ་ཡིན་པ་སྨོས་མ་དགོས། ང་ཚོ་ལྷན་འབྲེལ་བཅར་འདྲི་ཚོགས་པ་ཐུན་ཏེ་རྫོང་རྫོང་རུ་བཅའ་སྡོད་སློབ་གྲྭ་རུ་སོང་བ་ཡིན། ང་ཚོ་སློབ་གྲྭ་དེའི་སྒོ་ཁར་ཐོན་མ་ཐག སློབ་གྲྭའི་འཛུགས་སྐྲུན་དང་སློབ་སྒྲུབ་ཀྱི་ཆ་རྐྱེན་ལེགས་ཤིང་། དེ་ནི་ཤེས་རིག་གི་དྲི་བསུང་འཐུལ་བའི་མཛེས་སྡུག་གི་སློབ་ཆུང་ཁྱད་པར་ཞིག་རེད་ཞེས་བཤད་ཆོག ང་ཚོ་སློབ་ཁྲིད་ཐོག་ཁང་དུ་ཐོན་པ་ན་སློབ་མ་ལ་ལས་ཡིག་གཟུགས་སྦྱོང་བ་དང་ལ་ལས་འཕྲུལ་ཆས་མི་ལས་བཞིན་ཡོད་ལ། སློབ་མ་ལ་ལས་དཔེ་ཀློག་སློབ་ཁང་དུ་དཔེ་ཀློག་བྱེད་བཞིན་མཆིས། གོང་གི་རྣམ་པ་འདི་དག་ལས་ང་ཚོས་སློབ་གྲྭ་དེའི་སློབ་སྒྲུབ་ཆ་རྐྱེན་སྔོན་ཐོན་ཡིན་པ་གཞི་ནས་རྟོགས་སོང་། སློབ་གྲྭའི་སློབ་གཙོ་སྙིང་རྒྱལ་བྱམས་ཀྱིས་སློབ་གྲྭ་སྤྱིའི་གནས་ཚུལ་ང་ཚོ་མཚམས་སྦྱོར་བྱས་བྱུང་།

ང་ཚོའི་རྫོང་རུ་བཅའ་སྡོད་སློབ་ཆུང་ནི2015ལོར་གསར་དུ་བཙུགས་པའི་འབའ་རྫོང་གི་རྨང་གཞིའི་སྒྲིག་ཆས་ཐད་ནས་ཚད་ལྡན་ཡིན་པའི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་དྲུག་དང་སྟོང་བརྒྱད་ལྷག་ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གཉིས་སུམ་བརྒྱ་ང་གཅིག་ཡོད། ད་ལྟ་སློབ་མ་སྟོང་གཅིག་དང་ལྔ་བརྒྱ་ཞེ་བརྒྱད། དགེ་བཟོ་བ་བརྒྱ་དང་ཉེ་དགུ་ཡོད་པའི་སློབ་གྲྭ་ཞིག་ཡིན། ཁྱོན་བསྡོམས་པའི་འཛིན་གྲྭ་སོ་གསུམ་ཡོད། ཉེ་བའི་ལོ་འདི་འགའི་རིང་ལ། གོང་རིམ་ཏང་ཨུ་དང་སྲིད་གཞུང་། ཡང་ན་སློབ་གསོའི་འབྲེལ་ཡོད་སྡེ་ཁག་གི་བཀོད་སྒྲིག་ལྟར་དུ། སློབ་མས་ཐོག་དང་པོར་བདེ་འཇགས་དང་འགྲོ་འདུག་སྤྱོད་གསུམ་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་པའི་རྨང་གཞིའི་སྟེང་། སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བའི་ཕྱོགས་ལ་ནུས་པ་གང་མང་འདོན་བཞིན་ཡོད། དེང་སྐབས། སློབ་གྲྭས་སློབ་མར་དཔེ་མཛོད་ཁང་ལས་ཏེ། སློབ་གསེང་སོགས་ཀྱི་དུས་ཚོད་བེད་སྤྱད་དེ་སློབ་མར་དཔེ་ཀློག་ནུས་པ་སྐྱེད་སྲིང་བྱེད་བཞིན་ཡོད་པ་དང་།  ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སློབ་རར་འདྲེན་པ་ཞེས་པ་གཙོར་བཟུང་ནས། ད་ལོར་སྲོལ་རྒྱུན་རིག་གནས་དར་སྤེལ་གྱི་ཐད་ཀྱང་བྱ་འགུལ་རྒྱ་ཆེན་པོ་སྤེལ་ཏེ་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱས་པ་ཡིན།

སློབ་གྲྭའི་སློབ་གཙོ་དང་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་སྦྱང་བྱའི་བསླབ་དེབ་ལས་གཞན་ད་དུང་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་ཡུལ་སྲོལ་མང་པོ་ཞིག་ཉམས་དམས་སུ་འགྲོ་བཞིན་པའི་གནས་ཚུལ་ལ་གཞིགས་ནས། བྱིས་པ་འདི་དག་ལ་ཆུང་དུས་ནས་ཕ་ཡུལ་གྱི་མར་དྲི་དང་རྩམ་དྲི་མ་ཡལ་བའི་རིག་གནས་སློབ་གསོའི་ཕྱོགས་སུ་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད། སློབ་གྲྭའི་སློབ་གཙོ་གཞོན་པ་གནམ་ཐར་རྒྱལ་གྱིས་སྲོལ་རྒྱུན་སློབ་རར་འདྲེན་པའི་དགེ་མཚན་ཞིབ་ཏུ་བརྗོད་བྱུང་།

དེ་རིང་ཡུལ་དངོས་སུ་ཡོད་པ་ནི་སྲོལ་རྒྱུན་གྱི་རིག་གནས་སློབ་རར་འདྲེན་པའི་ཟུར་ཙམ་ཞིག་རེད། སྲོལ་རྒྱུན་རིག་གནས་སློབ་རར་འདྲེན་པའི་རྒྱུ་མཚན་གཙོ་བོ་ནི། གཅིག་ནས་སློབ་མ་ཆུང་ཆུང་ཚོ་ཆུང་དུས་ནས་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལོབ་ཏུ་འཇུག་དགོས་པ་དང་། བོད་ཁུལ་གྱི་ས་གནས་སུ་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཁྱད་པར་བ་ཡོད་པ་འདི་སྔོག་འདོན་བྱ་རྒྱུ། ལྷག་པར་དུ་བོད་ཁུལ་གྱི་སློབ་མ་ཆུང་ཆུང་ཚོ་བཤད་པ་དང་ལེན་པ། འཁྲབ་པ། སྒྲུང་སོགས་ཆུང་དུས་ནས་རྒྱུད་ལ་བག་ཆགས་བཞག་ན། བོད་ཡིག་གི་རྨང་གཞི་ཇེ་བརྟན་དུ་འགྲོ་བ་དང་། རྒྱལ་སྤྱིའི་མི་རིགས་ཀྱི་བརྩེ་དུང་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཐུབ། དཔེར་ན། བསླབ་གཞིའི་ཁྲོད་ཀྱི་ཐོན་མི་སམ་བྷོ་ཊ་དང་གེ་སར་རྒྱལ་བོའི་སྒྲུང་ལྟ་བུ་འཁྲབ་ལེན་དང་ཟློས་གར་ཚང་མ་སློབ་རའི་དམངས་སྲོལ་ཁྲོད་འདུས་པས། དེ་དག་ཡོད་ཚད་ཆུང་དུས་ནས་རྒྱུད་ལ་བག་ཆགས་ཟབ་མོ་བཞག་ན་ད་གཟོད་ཤ་ཞེན་དང་རང་གི་མི་རིགས་དང་སྲོལ་རྒྱུན་ལ་དུང་བ་ཡོད་པར་སྐྱེད་སྲིང་བྱ་ཆེད། སློབ་གྲྭས་ཟླ་གསུམ་གྱི་རིང་ལ་སྦྱོང་བ་བྱས་ཏེ་བྱ་འགུལ་སྤེལ་བས། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད།

རྫོང་རུ་སློབ་ཆུང་གིས། ཉེ་བའི་ལོ་འགའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་འགོ་ཁྲིད་འོག སློབ་གྲྭས་ཏང་གི་མི་རིགས་སློབ་གསོའི་ལས་དོན་གོང་དུ་སྤེལ་བའི་དགོངས་དོན་ལྟར། ཁྱོན་ཡོངས་ནས་ཐོས་བསམ་དོན་གཉེར་དང་མི་གཞི་གསོ་སྐྱོང་། འཇོན་ནུས་སྔོག་འདོན་དང་རིག་སྟོབས་སྐྱེད་སྲིང་གི་རྒྱུན་འཁྱོངས་ཁ་ཕྱོགས་དམ་འཛིན་བྱས་པ་དང་། ཕྱོགས་གཅིག་ནས་དགེ་རྒན་དང་སློབ་མའི་ཆབ་སྲིད་བསམ་བློའི་སློབ་གསོ་ནན་འཛིན་བྱས་པ་དང་། གཞན་ད་དུང་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་སྒྲུབ་ཕན་འབྲས་གཙིགས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྲ་བརྟན་དོན་འཁྱོལ་ཡོང་བར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཡིད་ཆེས་དང་རེ་བས་ཁེངས་ཡོད།

རིག་པའི་སྡིངས་ཀ།

སློབ་གྲྭའི་དཔེ་མཛོད་ཁང་།

སློབ་གྲྭའི་དཔེ་མཛོད་ཁང་དུ་བརྩིགས་ཡོད་པའི་བཀའ་བསྟན་འགྱུར།

དགའ་མོས་ཚོ་ཆུང་གི་བྱ་འགུལ།

ཤེས་བྱའི་ཀློང་དུ་འགྲིམ་པའི་སྣང་བརྙན།

བོད་ཀྱི་ཡིག་གཟུགས་ཀྱི་སློབ་ཁྲིད།

དམངས་སྲོལ་འཁྲབ་སྟོན།

སློབ་གྲྭའི་གཟེངས་རྟགས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།