ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་ཞིབ་ཚན་ཆུང18པས་མཚོ་སྔོན་ལ་ལྟ་ཞིབ་གནས་ཚུལ་ཕྱིར་སློག་བྱས་པ།
2019.08.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཟླ7པའི་ཚེས26ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་ཞིབ་ཚན་ཆུང18པའི་ཚན་གཙོ་ཝུའུ་ཞིན་ཞུང་གིས་མཚོ་སྔོན་ལ་ལྟ་ཞིབ་གནས་ཚུལ་ཕྱིར་སློག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་ལྟ་ཞིབ་དག་ཐེར་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་རྣམ་འགྱུར་བསྟན་ཅིང་གཏམ་བཤད། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་ཞིབ་ཚན་ཆུང18པའི་ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། 2019ལོའི་ཟླ6པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་ཞིབ་ཚན་ཆུང18པས་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཟླ7པའི་ཚེས25ཉིན། རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གིས་ལྟ་ཞིབ་ཚན་ཆུང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཞིང་། ལྟ་ཞིབ་སྙན་ཞུ་སོགས་ཀྱི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཚན་གཙོ་ཝུའུ་ཞིན་ཞུང་གིས་ཧྲུའུ་ཅི་ཝང་ཅན་ཅུན་ལ་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པ་དང་བློ་མཐུན་ཀུའོ་ཧྲེང་ཁུན་གྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ལྟ་ཞིབ་བྱ་བའི་བླང་བྱ་ལྟར། ནན་ཏན་སྒོས་དག་བཅོས་བྱེད་ཐབས་འདོན་པ་དང་། དག་ཐེར་དངོས་འབེབས་དམ་འཛིན་བྱས་ཏེ། ལྟ་ཞིབ་བྱ་བའི་གྲུབ་འབྲས་དེ་དངོས་གནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས་པའི་བླང་བྱ་བཏོན། ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ལ《མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལྟ་ཞིབ་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གནད་དོན་དག་ཐེར་རྩིས་ཐོ》《མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལྟ་ཞིབ་འགན་འཁྲི་གྲོས་གཞིའི་རྩིས་ཐོ》བརྒྱུད་སྤྲོད་བྱས།

ཝུའུ་ཞིན་ཞུང་གིས་བསྟན་དོན། ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་བཀོད་སྒྲིག་བྱས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱས་པ་དང་།“འདུ་ཤེས་བཞི”སྲ་བརྟན་དང“སྲུང་སྐྱོབ་གཉིས”ལེགས་སྒྲུབ་བྱས་ཏེ། ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་བྱ་བ་ཡོངས་ཀྱི་གོ་གནས་གལ་ཆེན་དུ་བཞག་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་ཆབ་སྲིད་ལངས་ཕྱོགས་མཐོ་ཞིང་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་སྲིད་ཀྱིས་གཙོ་ཁྲིད་གཙོ་འགན་འཁུར་བ་དང་སྲིད་ཁྲིམས་མཉམ་སྡེབ་ཀྱིས་དམག་འཐབ་བྱེད་པ། སྡེ་ཁག་ཕན་ཚུན་མཉམ་འབྲེལ་དང་མཉམ་འགུལ་ཡོང་བའི་བྱ་བའི་རྣམ་པ་ཆགས་ཡོད་ཅིང་། ཆེད་དོན་གྱོད་དོན་མཁྲེགས་གཏོར་བྱེད་ཚད་ཇེ་དྲག་དང་། གནས་བབ་ཛ་དྲག་རྒྱུན་སྲུང་། ལྟ་ཞིབ་བྱེད་ཞོར་བཅོས་སྐྱོང་བྱས་པར་དོ་སྣང་བཅས་བྱས་པས། ཆེད་དོན་འཐབ་རྩོད་བསྟུད་མར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་བླངས།

ལྟ་ཞིབ་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་མཐོང་ཆེན་བྱེད་དགོས་པའི་གནད་དོན་འགའ་གནས་པ་ཤེས། གཙོ་བོ་འགན་འཁྲིའི་གནོན་ཤུགས་དང་གཏིང་ཤུགས་བརྒྱུད་ཁྲིད་བྱེད་པ་གནད་སར་འབྱོར་མེད་པ་དང་། བྱ་བར་སྐུལ་འདེད་དང་ཁྲིམས་ལྟར་རྡུང་རྡེག་བཏང་བ་དོ་སྙོམས་མིན་པ།“གདུགས་གཏོར་དྲ་བརྟོལ”དང“རྒྱུ་ནོར་འགོག་པ་དང་རྒྱུ་ནོར་གྱི་ཡོང་ཁུངས་འགོག་པ”ཡི་ཐད་ལ་ད་རུང་སྔར་ལས་ཤུགས་སྣོན་དགོས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་རྩ་འཛུགས་འཛུགས་སྐྲུན་ཐད་སྔར་ལས་ཤུགས་སྣོན་དགོས། ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས། ས་ཆ་ཁ་ཤས་དང་སྡེ་ཁག་ཁ་ཤས་ཀྱི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མིན་པ་དང་བསམ་བློའི་ངོས་ཟིན་གཏིང་ཟབ་མིན་པ། འཐབ་རྩོད་ཀྱི་སྙིང་སྟོབས་ཞན་པ།“མགོ་ཁྲིད་དང་པོ”ཡི་འགན་འཁྲི་དངོས་འབེབས་བྱས་པ་མི་འདང་བ། བྱ་བའི་འཕེལ་རྒྱས་དོ་སྙོམས་མིན་པ་སོགས་ཀྱི་གནད་དོན་ལྡན། ཁྲིམས་ལྟར་ཆད་པ་ལྗིད་མོ་གཅོད་པའི་ཐད་ནས། ས་ཆ་ཁ་ཤས་དང་སྡེ་ཁག་ཁ་ཤས་ཀྱིས་རང་རྟོགས་ཀྱིས་ཁུངས་སྣེ་མི་འཚོལ་བ་དང་ཁུངས་སྣེ་ལ་ཞིབ་བཤེར་བྱས་པ་མི་འདང་བ། གྱོད་དོན་གལ་ཆེན་ལ་འགག་སྒྲོལ་བྱས་ཚད་མི་འདང་བ།“རྒྱུ་ནོར་འགོག་པ་དང་རྒྱུ་ནོར་གྱི་ཡོང་ཁུངས་འགོག་པ”གཉིས་གོམ་མཚུངས་མིན་པ་སོགས་ཀྱི་གནད་དོན་ལྡན། ཕྱོགས་བསྡུས་བཅོས་སྐྱོང་གི་ཐད་ནས། ས་གནས་ཁ་ཤས་ཀྱི་ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོར་དུས་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱས་པ་མི་འདང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་མི་ལེགས་པ། སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ནང་རྐྱེན་འཐུས་ཚང་མིན་པ། གཙོ་གནད་མང་ཚོགས་ལ་སློབ་གསོ་གཏོང་རོགས་བྱས་པ་དང་དོ་དམ་ཚོད་འཛིན་བྱས་པ་མི་འདང་བ། མང་ཚོགས་ལ་དྲིལ་སྒྲོག་དང་སྐུལ་སློང་བྱས་པ་མི་འདང་བ་སོགས་ཀྱི་གནད་དོན་ལྡན། རྩད་གཅོད་ནན་མོ་བྱེད་པའི་ཐད་ནས།  ས་ཆ་ཁ་ཤས་ཀྱིས་རྩད་གཅོད་ནན་མོ་མི་བྱེད་པ་དང་།“གཅིག་མཚུངས་གཉིས”དངོས་འབེབས་དང“གྱོད་དོན་གཅིག་ལ་ཞིབ་བཤེར་ཐེངས་གསུམ”བྱེད་པའི་བླང་བྱ་གནད་སར་འབྱོར་མེད་པ།“གདུགས་གཏོར་དྲ་བརྟོལ”གྱི་སྡེ་ཚན་མཐུན་སྦྱོར་མཉམ་འགུལ་བྱེད་ཚད་དམ་པོ་མིན་པ་དང་གྲུབ་འབྲས་མངོན་གསལ་མིན་པ། ཏང་ཨུ་སྲིད་གཞུང་དང་འགན་ནུས་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱས་ཚད་མི་འདང་བ་དང་སྒྲིག་བསྟར་འགན་འདྲི་བྱས་ཚད་མི་འདང་བ་སོགས་ཀྱི་གནད་དོན་ལྡན། རྩ་འཛུགས་འཛུགས་སྐྲུན་གྱི་ཐད་ནས། ས་ཆ་ཁ་ཤས་ཀྱིས་ནུས་མེད་གཉོམ་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་རྩ་བ་ནས་རྩད་གཅོད་དག་ཐེར་མི་བྱེད་པ་དང་ཐོབ་ཐང་འདྲི་རྩད་ཀྱི་འགག་སྒོ་མི་དམ་པ། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལྟོས་བཅས་ཀྱིས་ཞན་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཞན་པ། འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་ལེགས་པོ་མི་བྱེད་པ་སོགས་ཀྱི་གནད་དོན་ལྡན། རྩ་འཛུགས་མགོ་ཁྲིད་ཀྱི་ཐད་ནས། ས་ཆ་དང་སྡེ་ཁག་ཁ་ཤས་ཀྱི་ནག་འཇོམས་གཞུང་ལས་ཁང་གིས་ནུས་པ་འདོན་སྤེལ་བྱས་པ་མི་ལེགས་པ་དང་། གྱོད་དོན་མཉམ་གྲོས་དང་མཉམ་སྒྲུབ་བྱེད་པའི་ནང་རྐྱེན་འཐུས་ཚང་མིན་པ། གྱོད་སྒྲུབ་ནུས་པ་ཞན་པ། ཆེད་དོན་འཐབ་རྩོད་ཀྱི་བླང་བྱ་དང་མི་མཐུན་པ་སོགས་ཀྱི་གནད་དོན་ལྡན། ལྟ་ཞིབ་ཀྱི་སྐབས་སུ། ལྟ་ཞིབ་ཚན་ཆུང་གིས་བསྡོམས་པས་མང་ཚོགས་ཀྱི་ཁ་པར་དང་ཡི་གེ་བསྐུར་བའི་གཏུག་བཤེར་ཁྲི་གཅིག་སྟོང་ལྔ་ཉིས་བརྒྱ་གོ་གཉིས་བདག་སྤྲོད་བྱས་པ་དང་། གྱོད་དོན་གྱི་ཁུངས་སྣེ111བསྒྲུབ་རྒྱུར་ལྟ་སྐུལ་དང་ཁུངས་སྣེ3353བརྒྱུད་སྒྲུབ་བྱས། ལྟ་ཞིབ་མཇུག་རྫོགས་སྐབས། མཚོ་སྔོན་ཞིང་ཆེན་གྱི་ངན་པ་དང་ནག་པོ་གང་ལའང་འབྲེལ་མེད་པའི་རྫོང་བཅའ་སྡོད་མ་བྱས་པའི་སྔོན་གྱི19ནས9ལ་ཇེ་ཉུང་དུ་སོང་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་གནས་པའི་གནད་དོན་ལ་ཝུའུ་ཞིན་ཞུང་གིས་དག་ཐེར་བསམ་འཆར་བཞི་བཏོན་ཡོད་པ་སྟེ།

གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་གནས་ཇེ་མཐོར་གཏོང་བ་དང་འགན་འཁྲི་གཏིང་གནོན་བྱས་ཏེ། ནག་འཇོམས་ངན་སེལ་མཁྲེགས་གཏོར་འཐབ་འཛིང་ལ་བསྟུད་མར་རྒྱལ་ཁ་ལེན་པའི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་མཐོར་གཏོང་དགོས། གཉིས་ནས་གྱོད་དོན་གཙོ་བོ་དངོས་གནས་རྩད་སྒྲུབ་བྱེད་པ་དེ་འགག་སྒོ་རུ་བརྩི་བ་དང་།“གཅིག་མཚུངས་གཉིས”དང“གྱོད་དོན་གཅིག་ལ་ཞིབ་བཤེར་ཐེངས་གསུམ་བྱེད་པ”དངོས་འབེབས་བྱས་ཏེ། ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་རྩད་གཅོད་ནན་མོ་བྱེད་པའི་སྟེང་ནས་མཆོང་བརྒལ་གསར་པ་ལེན་དགོས། གསུམ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་དངོས་གནས་ཤུགས་སྣོན་པ་དང་རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མགོ་ཁུངས་ནས་ནག་འཇོམས་ངན་སེལ་གྱི་སྟོབས་ཤུགས་འབྱུང་བ་དང་ཁྱབ་པ་ཚོད་འཛིན་བྱེད་དགོས། བཞི་ནས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་པ་དང་། ཏང་འཛུགས་ལ་རེ་བ་ནན་མོ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྟོབས་དང་ལྡན་པའི་འཐབ་འཛིང་བཙན་རྫོང་འཛུགས་སྐྲུན་བྱེད་དགོས།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་ཞིབ་ཚན་ཆུང18པས་ཕྱིར་སློག་བྱས་པའི་བསམ་འཆར་གྱིས་བྱ་བར་ཁས་ལེན་བྱས་ཡོད་པར་མ་ཟད་གནད་དོན་བཏོན་ཡོད་ལ། དག་ཐེར་བླང་བྱའང་བཏོན་ཡོད། དེ་ལས་མངོན་པ་ནི་ལྟ་ཞིབ་ཚན་ཆུང་གི་ཆབ་སྲིད་ལངས་ཕྱོགས་དང་འཐབ་འཛིང་གི་སྙིང་སྟོབས། ཏན་ཏིག་གི་བྱ་སྤྱོད་དང་ཆུ་ཚད་མཐོ་བའི་བྱ་བ་བཅས་ཡིན་ལ། དེ་ལས་མཚོན་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆབ་སྲིད་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་སྐྱེ་ཁམས་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཡོངས་རྫོགས་དང་དུ་བླངས་ནས། ཇི་མ་ཇི་བཞིན་དུ་ལག་ལེན་དངོས་འབེབས་བྱེད་དགོས། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གི་མཛུབ་སྟོན་ནུས་ལྡན་འོག མཚོ་སྔོན་ཞིང་ཆེན་གྱིས་སྔར་ཡོད་མ་མྱོང་བའི་ཤུགས་ཚད་དང་གཏིང་ཚད། ཁྱབ་རྒྱ་བཅས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒོལ་ཐབས་དྲག་པོ་སྤེལ་བས། ཞིང་ཆེན་ཡོངས་ཀྱི་ཆེད་དོན་འཐབ་རྩོད་ལ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ང་ཚོས་ལྟ་ཞིབ་ཕྱིར་སློག་བྱས་པ་དེ་གོ་སྐབས་སུ་བརྩི་བ་དང་། གནད་དོན་དག་ཐེར་བྱེད་པ་འགག་གནད་དུ་བརྩིས་ནས། ཆེད་དོན་འཐབ་རྩོད་ཐད་མུ་མཐུད་དུ་རྒྱལ་ཁ་གསར་པ་ལེན་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཡོང་བར་འབྲེལ་བ་ཡོད་པ་དང་།བློ་ཕྱོགས་གཏད་མིན་དང་སྲིད་དབང་སྲ་བརྟན་ཡོང་མིན་ལ་འབྲེལ་བ་དམ་པོ་ཡོད་པས། ངེས་པར་དུ་འགྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་བསམ་བློ་དང་ཆབ་སྲིད་དང་འགུལ་སྐྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་དང་། ཆབ་སྲིད་གླེང་བ་དེ་ཆེད་དོན་འཐབ་རྩོད་ཀྱི་གོ་རིམ་ཡོངས་སུ་བསྟར་ལ་བརྒྱུས་ཏེ། འགྲོ་ཆས་བསྐྱར་སྒྲིག་བྱས་ཏེ་ལམ་ལ་ཆས་པ་དང་ངར་ཤུགས་གཅིག་སྒྲིམ་གྱིས་འགག་སྒྲོལ་བྱེད་དགོས་ལ། འཛེར་མ་བརྡབས་པའི་སྙིང་སྟོབས་དང་བརྩོན་པ་ལྷོད་མེད་ཀྱིས་གཙོ་གནད་དམ་འཛིན་དང་མི་འདང་ས་ཁ་གསབ། ཞན་ཆ་སྐོང་བ། ཉེན་ཁ་འགོག་བཅོས་བཅས་བྱས་ཏེ། རྒྱལ་ཁ་ཡོངས་སུ་མ་བླངས་པར་དམག་མཇུག་མི་བསྡུ་ཁོ་ཐག་ཡིན་པའི་འགན་འཁྲི་ཡིས་ཆེད་དོན་འཐབ་འཛིང་འདི་ལེགས་པར་རྒྱག་དགོས། གཉོམ་ཞན་གནད་འགག་ཐུག་ས་རུ་ནུས་ཤུགས་འདོན་པ་དང་། མིག་གིས་གཙོ་གནད་ཁུལ་དང་དཀའ་གནད་ཁུལ་དང་འགག་ཁུལ་བཅས་ལ་བལྟས་ནས། ནུས་ཤུགས་མི་ལྷོད་པ་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བ།  དམིགས་འབེན་མི་འགྱུར་བ་བཅས་ཀྱི་སྒོ་ནས་དག་ཐེར་དངོས་འབེབས་བྱེད་པར་དམ་འཛིན་དང་། གཅིག་འགྲིལ་ཅན་གྱི་སྐུལ་འདེད་དང་རྩིས་ཐོ་ཅན་གྱི་དོ་དམ། ཐོ་བསྲུབ་ཅན་གྱི་འགག་སྒྲོལ་བཅས་ཀྱིས་སྤུས་ཀ་ལེགས་པའི་རྒྱུགས་ཤོག་ཅིག་དུས་ལྟར་སྤྲོད་དགོས་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་དབྱང་ལྟ་ཞིབ་ཀྱི“ལེའུ་རྗེས་མ”འབྲི་དགོས།  རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ཁག་བགོས་གསལ་པོ། དུས་ཚོད་དང་དུས་མཚམས་ལ་དོ་སྣང་། ཕྱིར་ལྡོག་མི་བྱེད་པར་ཁག་ཐེག་བཅས་བྱས་ཏེ། ཆེད་དོན་འཐབ་རྩོད་ལ་ཀྲུང་དབྱང་ཡིད་ཚིམ་པ་དང་མང་ཚོགས་དགའ་བ། ས་གནས་ལ་ཁེ་ཕན་ཐོབ་པ། ཁྲིམས་སྐྱོང་མངོན་པར་གསལ་བ། ངན་ནག་རྩ་བ་ནས་འཇོམས་པ། སྤྱི་ཚོགས་བདེ་འཇགས་ཡོང་བ་བཅས་ལ་ཁག་ཐེག་བྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ཏེ་ལོ་ངོ70འགོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་ངོ70འགོར་བར་བསུ་མ་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།