སྡེ་སྲོལ་དམངས་ཆིངས་ལ་བརྟེན་ནས་ཡ་རབས་སྤྱོད་བཟང་ཕྱོགས་སུ་སྐྱོད་པའི་ཐར་ཤུལ་སྡེ་བ།
2019.08.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 67

མཐུན་སྒྲིལ་ནི་སྟོབས་ཤུགས་དང་། མཐུན་སྒྲིལ་ནི་དར་རྒྱས་ཀྱི་རྨང་རྩ་ཡིན། མཐུན་སྒྲིལ་ནི་མི་རིགས་ཤིག་དང་མི་རིགས་གཞན་བར་གྱི་རྨང་རྡོ་ཡིན་ལ། མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ལེན་ངེས། ཐར་ཤུལ་འདི་དེ་སྔོན་སྡེ་བ་ཡ་མཚན་པ་མིན་མོད། འོན་ཀྱང་སྡེ་བ་འདིའི་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་ནས་བཟུང་། ཐར་ཤུལ་སྡེ་བར་མཚོན་ན་ཡང་ཉེ་འགྲམ་གྱི་སྡེ་བ་དང་། སྡེ་བ་ནང་ཁུལ་སོགས་ལ་མཐུན་སྒྲིལ་ཧ་ཅང་བཟང་བོ་ཡོད་པས། གཞན་ལ་མིག་དཔེ་བསྟན་ཆོག་པའི་སྡེ་བ་ཞིག་རེད་ཅེས་བཤད་ཆོག

ཐར་ཤུལ་སྡེ་བའི་སྡེ་སྲོལ་དམངས་ཆིངས་དེ་ནི1996ལོར་བཙུགས་པ་དང་། དེ་འཛུགས་པའི་རྒྱུ་རྐྱེན་གཙོ་བོ་ནི་སྡེ་བའི་ནང་ཁུལ་གྱི་འགྲིག་མཐུན་དང་ཁྱིམ་མཚེས་བར་གྱི་འགྲིག་མཐུན། སློབ་གསོར་གདེང་འཇོག་བཅས་བྱེད་ཆེད་དང་། ཤོ་རྒྱག་རྒྱན་འཇོག་ལ་སོགས་པའི་མ་རབས་ཀྱི་བྱ་སྤྱོད་མཐའ་དག་གཏན་འགོག་བྱེད་པའི་ཆེད་ཡིན། དང་ཐོག་འཛུགས་དུས་མང་ཚོགས་ཀྱིས་རྒྱབ་སྐྱོར་མ་བྱས་པ་དང་། མི་མང་པོ་ཞིག་གིས་དང་ལེན་མི་བྱེད་པ་སོགས་ཀྱི་ཐད་དཀའ་ཁག་ཆེན་པོ་བྱུང་མྱོང་མོད། སྡེ་བའི་འགོ་ཁྲིད་དང་སྡེ་མི་སྐོར་ཞིག་གིས་མང་ཚོགས་རྣམས་ལ་དེའི་སྐོར་གྱི་བཟང་ཆ་དང་ཁེ་ཕན་སྣ་ཚོགས་བཤད་པས། མཇུག་མཐར་མང་ཚོགས་ཚང་མས་དང་ལེན་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་རྒྱལ་གྱིས་སྡེ་སྲོལ་དམངས་ཆིངས་ཀྱི་ཕན་ཡོན་ཐད་ནས་བཤད་རྒྱུར།

ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་རྒྱལ་གྱི་སྐད་ཆ་ཐོན་པ།

སྡེ་སྲོལ་དམངས་ཆིངས་ནི་སྡེ་བ་འདིའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། སྤྱི་ཚོགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་གང་ཐད་ནས་ཕན་ཡོན་རྒྱ་ཆེན་པོ་ལྡན་པས། སྡེ་བའི་སྡེ་སྲོལ་དམངས་ཆིངས་དེ་ཧ་ཅང་བཟང་། འདིས་ལོ་ཆུང་དག་ལམ་ལོག་ཏུ་འགྲོ་རུ་མི་འཇུག་པ་དང་། སྡེ་སྲོལ་དམངས་ཆིངས་དེ་གཅིག་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་དང་། འཇིག་རྟེན་གྱི་ལུགས་དང་མཐུན་པ། སངས་རྒྱས་ཆོས་ལུགས་སོགས་ཕྱོགས་ཡོངས་སུ་མཐུན་པས། སྡེ་བར་ཡང་ཕན་པ་ཆེན་པོ་ལྡན་ཡོད་ལ་མང་ཚོགས་ལ་ཡང་ཕན་པ་ཡོད།2015ལོར་ཐར་ཤུལ་ཡུལ་ཚོའི་དམངས་ཆིངས་མེས་པོའི་ཞལ་ལུང་དེ་སྡེ་བ་དགུ་རུ་ཁྱབ་གདལ་དུ་བཏང་བ་དང་། ཐར་ཤུལ་ཞང་གིས་གཏན་ཁེལ་བྱས་ཏེ་ཏང་འཛུགས་མཚན་རྟགས་ནང་དུ་བཞག

ཐར་ཤུལ་ཡུལ་ཚོའི་དམངས་ཆིངས་མེས་པོའི་ཞལ་ལུང་དེ་སྒྲིག་བརྩི་ཁྲིམས་སྲུང་གི་སྐོར་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར། མི་རིགས་སློབ་གསོ་ཡི་སྐོར། གཉེན་སྟོན་འདས་མཆོད་ཀྱི་སྐོར་སོགས་སུ་བཀར་ཡོད་ལ། དེ་དག་ཀྱང་བྱེ་བྲག་གི་དོན་ཚན་མང་པོར་བགོས་ནས། རེ་རེ་བཞིན་གསལ་བཤད་ཞིབ་མོ་བྱས་ཡོད། ཁྱད་པར་དུ་དེའི་ཁྲོད་ཀྱི་གཏན་འགོག་ལྔ་དང་ཁས་ལེན་གཅིག་དེ་ཧ་ཅང་ཁྱད་པར་བའི་སྒོ་ནས་གསལ་བཤད་བྱས་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་རྒྱལ་གྱིས།

ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་སྐྱོང་རྒྱལ་གྱི་སྐད་

གཏན་འགོག་ལྔ་དང་ཁས་ལེན་གཅིག་ཅེས་པའི་ཁས་ལེན་གཅིག་ནི་ཏང་གི་སྲིད་ཇུས་དང་ཏང་གི་སྒྲིག་ཡིག་ལ་སོགས་དང་ལེན་བྱས་ཏེ་ཏང་ལ་བློ་དཀར་ཟོལ་མེད་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་བཅའ་ཁྲིམས་ལ་སོགས་པ། རང་སྡེ་བའི་སྡེ་སྲོལ་དམངས་ཆིངས་ལ་སོགས་བརྩི་སྲུང་ཁས་ལེན་བྱེད་རྒྱུ་དེ་རེད། གཏན་འགོག་ལྔ་ནི་གཅིག་ནས་ཤོ་རྒྱག་རྒྱན་འཇོག་དང་རྐུ་འཕྲོག་བཅོམ་གསུམ་གཏན་དུ་འགོག་པ། གཉིས་ནས་འཁོན་འཛིང་རྡུང་རེས་དང་། མི་གསོད་ཀྱི་དོན་རྐྱེན་མི་འབྱུང་བ། དེའི་སྟེང་དམག་བསྡུ་བ་དང་དམག་རྫོག་ལ་སོགས་སྟེར་བ། ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་གཏན་འགོག་བྱེད་པ། གསུམ་གྱི་སྟེང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་བྱ་བ་བསྒྲུབ་པ། གྱང་རྡུང་བ་དང་ས་སློག་པ། འོབས་གཤག་པ། གང་འདོད་དུ་རི་ཆུ་ནགས་གསུམ་ལ་གཏོར་བརླག་གཏོང་བ་སྔོན་འགོག བཞི་བ་ས་ཆ་ཞིག་དང་སྡེ་བ་ཞིག་སྔོན་ཐོན་དུ་འགྲོ་དགོས་ན་རིག་གནས་སློབ་གསོ་གལ་ཆེན་ཡིན་ཕྱིར། སློབ་མ་སློབ་གྲྭར་བསྐྱལ་བ། སློབ་ཡོན་མེད་པར་རྒྱབ་སྐྱོར། སློབ་ཆེན་སློབ་མ་དང་མཐོ་འབྲིང་སློབ་མར་སྡེ་བའི་ཁྱིམ་ཚང་རེ་རེ་དང་ལས་བྱེད་མི་སྣ་ཚང་མས་རོགས་དངུལ་བཏང་ནས་སློབ་མར་རྒྱབ་སྐྱོར་དང་སློབ་གསོར་རྒྱབ་སྐྱོར་བྱེད་པ། སློབ་གསོར་མི་དགའ་བ་ལ་ཁ་ལབ་བཏང་ནས་སློབ་གསོའི་སྟེང་ཤུགས་སྣོན་བྱེད་པ་དེ་རེད། ལྔ་ནས་ཐར་ཤུལ་ཡུལ་ཚོའི་སྡེ་མི་ཚང་མས་སྡེ་སྲོལ་དམངས་ཆིངས་ཁྱབ་གདལ་དུ་བཏང་ནས་མི་རིགས་མཐུན་སྒྲིལ་གཙོ་བོ་བྱེད་པ་གལ་ཆེན་ཡིན་པ་འདིའི་སྟེང་ནུས་ཤུགས་ཡོད་དགུ་བཏོན་པས། ད་ལྟ་ལེགས་འགྲུབ་བྱུང་ཡོད་པ་དང་མུ་མཐུད་དུ་རྗེས་སུ་ཡི་རངས་བྱེད་པའི་བསམ་པ་ཡོད།

སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་བརྒྱུད་དེ། ད་ལྟའི་ཐར་ཤུལ་སྡེ་བའི་མང་ཚོགས་ཕན་ཚུན་བར་གྱི་འགྲིག་མཐུན་དང་བསམ་པའི་གོ་རྟོགས་སོགས་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད། ཐར་ཤུལ་སྡེ་བའི་སྡེ་མི་ཞི་མོ་ཐར་གྱིས་རང་ཉིད་ཀྱི་བསམ་ཚུལ་ཉུང་ཙམ་བརྗོད་བྱུང་།

ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་སྡེ་མི་ཞི་མོ་ཐར་གྱི་སྐད་ཆ་ཐོན་པ།

སྔོན་ཆད་ལ་མཚོན་ན་ཆང་འཐུང་བ་དང་། ཤོ་རྒྱག་པ། འཁོན་རེས་རྡུང་རེས་བྱེད་པ་སོགས་སྡེ་བ་འདིའི་ཁྲོད་མང་པོ་མེད་རུང་འགའ་རེ་ཡོད། གོ་དྲུག་ལོའི་རྗེས་སུ་འཁོན་རྡུང་བྱེད་པ་དང་ཤོ་རྒྱག་པ་སོགས་ཀྱི་དོན་དག་འབྱུང་གིན་མེད། སྡེ་མི་རྣམས་ཀྱིས་སྡེ་སྲོལ་དམངས་ཆིངས་བརྩི་སྲུང་བྱས་པས་འཕེལ་རྒྱས་དང་ཡར་ཐོན་བྱུང་དང་འབྱུང་བཞིན་ཡོད།

སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པ་དེས་ཐར་ཤུལ་སྡེ་བའི་མཐུན་སྒྲིལ་འཆམ་མཐུན་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཡོད། ཐར་ཤུལ་སྡེ་བའི་སྡེ་མི་བསམ་གཏན་རྒྱ་མཚོ་ཡིས་སྡེ་བའི་ནང་གསར་དུ་བཙུགས་པའི་ཞབས་ཞུ་ལྟེ་གནས་ཀྱི་དགེ་མཚན་བརྗོད་བྱུང་།

ཐར་ཤུལ་ཞང་ཐར་ཤུལ་སྡེ་བའི་སྡེ་མི་བསམ་གཏན་རྒྱ་མཚོ་ཡི་སྐད་ཆ་ཐོན་པ།

ཐར་ཤུལ་སྡེ་བར་ཁྱིམ་ཚང་ཉིས་བརྒྱ་བརྒྱད་ཅུ་ལྷག་ཡོད་པ་དང་། མི་གྲངས་སྟོང་གཅིག་དང་བཞི་བརྒྱ་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ2018ལོར་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས་པ་དང་། རྫོང་དང་ཞང་དུ་འགྲོ་བར་ལེ་བར་བཅུ་ཕྲག་འགའི་ལམ་ཐག་བརྒྱུད་དགོས། དེང་སྐབས་རང་སྡེ་བའི་ཞབས་ཞུ་ལྟེ་གནས་ནས་དོན་དག་ཆེ་མ་ཆུང་གསུམ་སྒྲུབ་ཐུབ་པ་དང་། སྒྲུབ་མི་ཐུབ་པ་ཕལ་ཆེར་མེད་པས་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

གོང་རིམ་སྲིད་གཞུང་དང་ཐར་ཤུལ་སྡེ་བའི་འགོ་ཁྲིད་རྣམས་ཀྱི་ཡང་དག་པའི་སྣེ་ཁྲིད་འོག་དང་། ལྷག་པར་དུ་འདི་ལྟ་བུའི་སྡེ་སྲོལ་དམངས་ཆིངས་བཙུགས་པའི་དཔེ་ལེགས་པོ་ཞིག་གིས་ཐར་ཤུལ་ཞང་གི་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཚོ་བ། རིག་གནས་ཆུ་ཚད་སོགས་སྔར་ལས་ལྡབ་འགྱུར་གྱིས་ཇེ་ལེགས་དང་ཇེ་རྒྱས་སུ་སོང་ཡོད་ལ་མ་འོངས་པར་ཡང་དེ་ལས་ཇེ་བཟང་དུ་འགྲོ་བ་གདོན་མི་ཟ།

སྡེ་བའི་དཔེ་མཛོད་ཁང་།

སྡེ་བའི་ཏང་ཡོན་བྱ་འགུལ་ཁང་།

སྡེ་སྲོལ་དམངས་ཆིངས་མ་བཞག་སྔོན་གྱི་གྱོན་པ།

སྡེ་སྲོལ་དམངས་ཆིངས་བཞག་རྗེས་ཀྱི་གྱོན་པ།

ཐར་ཤུལ་སྡེ་བའི་གཟེངས་རྟགས་སྣ་ཚོགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།